དེ་རིང་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་པའི་གསར་ཁང་ཁག་གི་རྩོམ་སྒྲིག་པ་ཚོས་བོད་དོན་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་འགན་དང་གསར་འགྱུར་ཁྱབ་སྤེལ་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པའི་སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ངྷ་རམ་ས་ལའི་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་ཉམས་ཞིབ་སྡེ་ཚན་ཁག་གི་ཉམས་ཞིབ་པ་བཅས་ཀྱིས། བོད་མིའི་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་གཏམ་བཤད་པ་རྣམ་པ་དང་ཟུར་ཉན་ཚོགས་ཞུགས་པ་བཅས་ཀྱི་བར། བོད་པའི་གསར་འགོད་པ་ཞིག་ལ་མཚོན་ན་དྲང་བདེན་ཅི་ཙམ་གལ་ཆེན་ཡིན་མིན་དང་། བོད་དོན་འཐབ་རྩོད་དང་། དྲང་བདེན་གཉིས་ལས་གང་ཞིག་འདེམས་དགོས་པ། བོད་པའི་གསར་ལམ་ཁག་དང་བོད་མིའི་སྒྲིག་འཛུགས་བར་གྱི་འབྲེལ་འདྲིས་དང་ཕན་ཚུན་ལ་ཞོག་འདེགས་བྱེད་ཕྱོགས། བཙན་བྱོལ་ནང་གི་གསར་ལམ་ཁག་གིས་བོད་ནང་ལ་འགན་འཁུར་ལེན་དགོས་པ་བཅས་ཀྱི་ཐོག་དྲི་བ་དྲིས་ལེན་གྱི་རྣམ་པའི་རྩོད་པ་མང་ཙམ་བྱུང་སོང་།
བགྲོ་གླེང་དབུ་འཛུགས་སྐབས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་བར། ང་ཚོས་བགྲོ་གླེང་འདི་གོ་སྒྲིག་བྱེད་དོན་ནི། བཙན་བྱོལ་བོད་པའི་གསར་འགྱུར་བརྒྱུད་ལམ་གྱི་ལས་དོན་འཕེལ་རྒྱས་དང་འཕོ་འགྱུར་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་པའི་གསར་ལམ་ཁག་གི་སྐད་སྒྲའི་ནུས་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་མིན་སྐོར་ལ་རྩོམ་སྒྲིག་པ་རྣམ་པས་དཔྱད་བསྡུར་གནང་སའི་སྡིངས་ཆ་ཞིག་བསྐྲུན་ཆེད་ཡིན་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་པའི་གསར་ལམ་ཁག་གིས་བོད་པའི་རྩ་དོན་ཐོག་གྲུབ་འབྲས་ཆེན་པོ་བླངས་ཡོད། དེའི་ལོ་རྒྱུས་དང་འཕེལ་རྒྱས་བྱུང་སྟངས་སྐོར་ལ་བགྲོ་གླེང་ཚོགས་ཏེ་ཡིག་ཐོག་ནས་བསྐྱར་ཞིབ་བྱེད་ས་ཡོད་པ་ཞིག་བྱེད་རྒྱུ་དང་། དེང་སང་རླུང་འཕྲིན་དང་བརྙན་འཕྲིན། གསར་ཤོག དྲ་རྒྱ་སོགས་བརྒྱུ་ལམ་རྒྱ་ཆེན་པོ་དང་སྣ་མང་པོ་ཡོད་པ་དེ་དག་གིས་གནས་ཚུལ་མང་པོ་སྤུངས་བཞིན་ཡོད་ཅིང་། དཔེར་ན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་བགྲོ་གླེང་གང་གནང་བ་བརྙན་འཕྲིན་ནང་ཐད་ཀར་རྒྱང་སྲིང་བྱེད་བཞིན་ཡོད། དེའི་དབང་གིས་བོད་མིའི་སྤྱི་ཚོགས་ཀྱི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད། ང་རང་གི་ངོས་ནས་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ནི་འཚེ་བ་མེད་པའི་སྒོ་ནས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། དེང་སང་དྲང་བདེན་དང་སྟོབས་ཤུགས། རལ་གྲི་དང་སྨྱུག་གུའི་བར་གྱི་འཐབ་རྩོད་འགྲན་བསྡུར་བྱེད་པའི་དུས་སྐབས་འདིར། སྨྱུག་གུར་སྟོབས་ཤུགས་ཆེན་པོ་ཡོད་པ་ངེས་པར་གསལ་སྟོན་ཐུབ་པ་ལ་ང་ཚོས་འབད་བརྩོན་བྱེད་དགོས་ཞེས་བརྗོད་སོང་།
དེའི་རྗེས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། རྒྱ་ནག་ནང་ལྟ་བུར་མཚོན་ན་གསར་འགྱུར་བརྒྱུད་ལམ་ཁག་ཚང་མ་གཞུང་འབྲེལ་ཤ་སྟག་ཆགས་ཡོད་ལ། དེ་དག་གིས་གཞུང་གི་ལྟ་བ་ལངས་ཕྱོགས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། གསར་འགོད་པ་དང་རྩོམ་པ་པོ་སུ་ཞིག་ཡིན་ཡང་རང་དབང་ལྡན་པའི་ཐོག་ནས་དཔེ་དེབ་དཔར་སྐྲུན་དང་གསར་འགྱུར་ཁྱབ་སྤེལ་བྱེད་ཆོག་གི་ཡོད་པ་མ་རེད། དེར་མ་ཟད་རྒྱལ་སྤྱིའི་ཐོག་སྐད་དྲག་ཡོད་པའི་ཚགས་པར་དང་དུས་དེབ། བརྙན་འཕྲིན་དང་རླུང་འཕྲིན་སོགས་གཅིག་ཀྱང་རྒྱ་ནག་ནང་ཡོང་འཇུག་གི་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན། བཅའ་ཁྲིམས་ནང་གཏམ་བརྗོད་དང་བགྲོ་གླེང་། ཚགས་ཤོག་དུས་དེབ་སོགས་རང་དབང་གིས་འདོན་སྤེལ་ཆོག་གི་ཡོད་ཅེས་བཀོད་ཡོད་པ་རེད། འོན་ཀྱང་དེ་དང་མཉམ་དུ་འགན་འཁུར་ཡང་ཆེན་པོ་ཡོད་པ་རེད་དྲན་གྱི་འདུག་ཅེས་གསུངས་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། གྲང་དམག་གི་དུས་ཡུན་རྫོགས་རྗེས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་རྒྱལ་སྤྱིའི་ཁྲིམས་ནང་གསར་བ་ཆགས་པ་རེད། དེང་སང་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རྩ་ཁྲིམས་ཤུགས་ཆེན་པོ་འགྲོ་བཞིན་ཡོད་སྟབས། རྒྱལ་སྤྱིའི་ནང་གི་གསར་འགོད་པ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་རྒྱུ་རེད། དེའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་དང་གསར་འགོད་པ་མཉམ་རུབ་གྱིས་བཏོན་པའི་སྙན་ཐོ་ཡག་པོ་དེ་འདྲའི་ནང་མཐོང་སོང་། རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་རྩ་ཁྲིམས་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་སྐོར་མ་བཞག་རང་བཞག་ཆགས་ཡོད་པ་རེད། སྔོན་མ་གནས་ཚུལ་ཞིག་ཐོན་པ་ཡིན་ན། འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ལམ་སང་གསར་འགྱུར་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད། ཕྱིས་སུ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལས་ཀ་བྱེད་སྟངས་ལ་འགྱུར་བ་ཕྱིན་འདུག དེང་སང་གསར་འགོད་པ་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དོ་སྣང་ཆེན་པོ་བྱེད་དུས་གནས་ཚུལ་དང་པོ་གསར་འགོད་པས་འདོན་གྱི་ཡོད་པ་རེད། བཙན་བྱོལ་ནང་ཆ་བཞག་ན་གསར་འགོད་པས་གནས་ཚུལ་མང་པོ་ཞིག་བཏོན་ཐུབ་ཀྱི་ཡོད་པ་དེ་འདྲ་ཡིན་སྟབས། ད་ལྟའི་ཆར་དྲ་རྒྱ་དང་ངོ་དེབ་སོགས་ཀྱི་ནང་གནས་ཚུལ་གཅིག་ལ་གནས་ཚུལ་མང་པོ་ཆགས་དུས་གནས་ཚུལ་མང་དྲགས་པས་དཀའ་ངལ་མ་གཏོགས་ཉུང་དྲགས་པའི་དཀའ་ངལ་མི་འདུག དེ་འདྲ་ཡིན་དུས་གནས་ཚུལ་མང་པོ་ནང་ནས་གནས་ཚུལ་གང་ཞིག་བདེན་པ་ཡིན་མིན་གྱི་ཁུངས་འཚོལ་བར་དཀའ་ངལ་ཞིག་ཆགས་འདུག་ཅེས་བརྗོད་སོང་།
ཁོང་མོས་མུ་མཐུད་དུ། གསར་འགོད་པའི་རང་དབང་དེ་འགྲོ་བ་མིའི་ཐོབ་ཐང་ཞིག་ཆགས་ཀྱི་ཡོད། དཔེར་ན། འགྲོ་བ་མིའི་ཐོབ་ཐང་གི་ཡིག་ཆ་གང་ལ་བལྟས་ཀྱང་དེའི་ནང་གསར་འགོད་པའི་རང་དབང་དེ་ཧ་ཅང་གལ་ཆེན་པོ་ཞིག་དང་གཞི་རྩའི་ཐོབ་ཐང་ཞིག་ཏུ་རྩི་བཞིན་ཡོད་པ་མ་ཟད། རང་དབང་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་རྩ་ཁྲིམས་ནང་གསར་འགོད་པ་དང་གསར་ཤོག་གི་རང་དབང་གཉིས་གཞི་རྩའི་ཐོབ་ཐང་ལ་ངོས་འཛིན་གནང་ཡོད་པ་རེད། ང་ཚོ་གསར་འགོད་པས་གནས་ཚུལ་གཅིག་རང་བཀོད་ནས་སྡོད་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ནང་གི་གསར་འགོད་པའི་རང་དབང་ལ་ལས་ཀ་བྱེད་མཁན་ཚོགས་པ་ཆེན་པོ་དེ་འདྲ་ཡོད། དཔེར་ན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་སོགས་ལ་འབྲེལ་ལམ་བྱས་ཏེ་ལས་ཁུངས་ཟུར་འཛུགས་བྱ་རྒྱུ་གལ་ཆེན་པོ་བསམ་གྱི་ ཡོད་ཅེས་བརྗོད་སོང་།
དེའི་རྗེས་སུ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྷག་པ་སྐྱིད་འཛོམས་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་གསར་འགོད་མཐུན་ཚོགས་ཀྱི་ལས་ཀའི་ངོ་བོ་དང་དེའི་ནང་གསར་ཁང་གང་དག་ཡོད་མེད་སྐོར་ལ་འགྲེལ་བརྗོད་གནང་རྗེས། གསར་འགྱུར་གྱི་ཕྱག་ལས་གནང་སྟངས་དང་ཕྱི་རྒྱལ་ཁག་གི་གསར་འགོད་པས་བོད་ཀྱི་གནད་དོན་སྐོར་ལ་གནས་ཚུལ་འབྲི་སྐབས་ཁོང་ཚོར་མཉམ་དུ་འབྲེལ་ལམ་ཉར་རྒྱུ་གལ་ཆེན་ཡིན་པའི་སྐོར་བརྗོད་སོང་། དེ་ནས་རིམ་པ་བཞིན་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ནོར་ཝེ་རླུང་འཕྲིན། ཕ་ཡུལ་དྲ་རྒྱ། བོད་ཀྱི་ཆ་འཕྲིན། བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་རྒྱ་བཅས་ཀྱི་རྩོམ་སྒྲིག་པ་རྣམ་པས་རིམ་པ་བཞིན་གཏམ་བཤད་སྤེལ་ཡོད།
གསར་འགོད་པ། ལྷ་སྐྱབས་རྒྱལ།
ལྗང་གཞན་ཟེར་བས་སྐད་ཆ་ཡག་པོ་བཤད་འདུག དངོས་གནས་གསར་འགོད་ལས་རིགས་འདི་དམངས་གཙོ་ཀ་གསུམ་ལྡན་གྱི་གཞུང་ཞིག་ལ་ཀ་བ་བཞི་པ་དེ་ཆགས་དགོས་པ་འདི་ལ་བཏང་འཛིན་བྱེད་མཁན་དང་ཕྱོགས་གཏོགས་སྒྲིག་དགོས་ས་ཅང་མེད་ཀི་པ།
མིང་དང་ལས་དོན་གྱི་ངོ་བོ་གང་ཡིན་ཡང་། གཞུང་འབྲེལ་ལས་དོན་ཚན་པ་ཞིག་གིས་གསར་འགྱུར་བརྒྱུད་ལམ་དང་གསར་འགྱུར་ལས་རིགས་གཉེར་མཁན་ཚོར་བགྲོ་གླེང་དང་ཟབ་སྦྱོང་སྤྲད་པ་ཙམ་གྱིས་མ་འོས་པ་རེད། སྤྲོད་མཁན་པའི་ངོས་དང་མཉམ་ཞུགས་བྱེད་མཁན་པའི་ངོས་གཉིས་ནས་མ་འོས་པའི་ལམ་དུ་ཞུགས་ཟིན་པ་རེད།
གཞུང་འབྲེལ་གསར་ཁང་ཞིག་ཡིན་ན་གནད་དོན་ཁ་ཁ་རེད། དེ་གཞུང་གི་དྲིལ་བསྒྲགས་ཀྱི་མ་ལག་ཅིག་ཡིན་པས། གསར་ཁང་ཞེས་མིང་ཡོད་པ་ཙམ་ལས་དེས་སྤེལ་བའི་གནས་ཚུལ་དག་གཞུང་གང་དེའི་མགྲིན་ཚབ་ཁོ་ན་མ་གཏོགས་དེང་གི་གསར་འགྱུར་གྱི་རིན་ཐང་མི་ལྡན་ལ་ངོས་འཛིན་བྱེད་མཁན་ཡང་མེད།
རང་དབང་ལྡན་པའི་གསར་ཁང་ཚད་ལྡན་ཞིག་ཡིན་ཚེ། དེར་དམངས་གཙོའི་ཀ་བ་བཞི་བ་ཞེས་འབོད་སྲོལ་ཡོད། དེ་ནི། གཅིག་ནས་གཞུང་དང་དམངས་བར་གྱི་ཟམ་བ་ལྟ་བུའི་བྱ་ལས་ཀྱི་ངོ་བོར་གནས་ཡོད་ཅིང་། དཔེར་ན་གཞུང་གང་ཞིག་གི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་སྲུད་ཇུས། ལས་དོན་བྱེད་སྟངས། མགོ་ཁྲིད་བྱེ་བྲག་པའི་བྱས་ཉེས་ནོར་འཁྲུལ་རིགས་ཀྱི་མཐུལ་བརྟོལ་ཏེ་དམངས་ལ་ཤེས་རྟོགས་སད་པར་བྱེད་ཅིང་། དམངས་ཀྱི་མངོན་འདོད་དང་དམངས་ཀྱི་དཀའ་ངལ། དམངས་ཁྲོད་ཀྱི་བྱ་ངན་ལས་ངན་རིགས་གཞུང་འཛིན་མི་སྣར་ཤེས་རྟོགས་ཡོང་བར་བྱེད་པ་སོགས་རང་དབང་ལྡན་པའི་གསར་ཁང་ཞིག་གི་ལས་དོན་བྱེད་ཕྱོགས་རེད། དེ་ལྟ་བུའི་ལས་དོན་བྱེད་རྒྱུར་གསར་ཁང་ཚད་ལྡན་ཞིག་ཡིན་ན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གང་གི་ཤུགས་རྐྱེན་འོག་མ་ཚུད་པ་ཞིག་ཡིན་དགོས་ལ། སྒྲིག་འཛུགས་གང་ནས་ཀྱང་མཐའ་ན་དངུལ་དངོས་རོགས་སྐྱོར་རིགས་ཀྱང་ལེན་མི་ཆོག་པ་ནི་རང་དབང་ལྡན་པའི་གསར་ཁང་དག་གི་སྤང་བླང་གི་རྩ་འཛིན་དམ་བཅའ་ཡིན།
ནར་མ་སོན་པའི་བཙན་བྱོལ་བོད་མིའི་མང་༼དམངས་༽གཙོའི་སྤྱི་ཚོགས་ནང་། དེ་སྔ་གྲོས་ཚོགས་ར་བའི་ནང་བོད་པའི་གསར་ཁང་ཁག་ཅིག་ལ་ཁ་རྡུང་གཏོང་བ། གཞུང་ལ་སྐྱོན་བརྗོད་དང་ཐེར་འདོན། ཟུར་ཟ་ཅན་གྱི་རྩོམ་ཡིག་སྤེལ་མཁན་དང་མཆན་འདེམས་མཁན་ལ་ཞིབ་བཤེར་བྱ་དགོས་ཟེར་བ། དེ་འདྲ་ཡོང་ཚེ་འབྲེལ་ཡོད་གསར་ཁང་ཚོས་རང་འགུལ་ངང་འགོག་དགོས་རེད་མདོག་མདོག དེ་ལྟར་མ་བྱས་ཚེ་གསར་ཁང་གང་དེར་གནོན་ཤུགས་དང་དམ་དྲག་བྱེད་དགོས་ཀྱི་འདུག་ཟེར་པ་སོགས་གསུངས་མྱོང་ཡོད་པ་མ་ཟད། གསར་ཁང་དང་གསར་འགོད་པར་གཞུང་དང་གཞུང་གི་མཐོ་རིམ་མི་སྣས་འཇིགས་སྐུལ་ཉེན་བརྡ་བཏང་པའི་རིགས་ཀྱང་བྱུང་པ་རེད།
ད་ཆར་ཁ་རྡུང་དང་ཉེན་བརྡ་གནོན་ཤུགས་ཀྱིས་གསར་ཁང་ཁག་ལ་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པའི་ངེས་པ་ཇེ་གསལ་དུ་ཡོང་གི་ཡོད་སྟབས། འཇམ་པོའི་སྒོ་ནས་བྱེད་ཐབས་གཞན་བརྒྱུད་གཞུང་གི་བཀའ་རྒྱུ་ཆེ་གཙིག་ཏུ་འཛིན་པའི་གསར་ཁང་འབའ་ཞིག་དང་། སྐད་ཆ་གཞན་ཞིག་ནས་བཤད་ན་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོའི་ཀླད་པའི་ནང་གཞུང་གི་ལྟ་བ་ལངས་ཕྱོགས་འཛུལ་བར་བྱས་ཏེ། རྗེས་ཕྱོགས་གཞུང་དང་གཞུང་འཛིན་མི་སྣའི་ཐེས་ཇུས་འོག་ཏུ་ཤོར་ཏེ་གཞུང་ལ་སྐྱོན་བརྗོད་དང་ཐེར་འདོན། ཟུར་ཟ་རིགས་འགོག་མཁན་རྐྱང་ཡོང་ཐབས་དང་། དེ་ལས་སྐད་ཆ་མི་ལེགས་པ་ཞིག་བཤད་ན། བོད་ཀྱི་གསར་ཁང་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་གཞུང་དང་གཞུང་འཛིན་མི་སྣའི་ལས་དོན་གནང་ཕྱོགས་ཐད། བསམ་ཚུལ་དང་ཐེར་འདོན། ལངས་ཕྱོགས་མ་འདྲ་བ་འཛིན་མཁན་སོགས་འབུལ་འཇོམས་བྱེད་རྒྱུར་བེད་སྤྱོད་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་ནི་ཕྱོགས་མང་པོ་ཞིག་ནས་སྲིད་པ་ཞིག་ཡིན།
ཐེངས་འདིར་བགྲོ་གླེང་གོ་སྒྲིག་གནང་བ་རེད། ། གལ་སྲིད་བོད་པའི་གསར་ཁང་ཁག་གིས་སོ་སོའི་ས་མཚམས་མ་ངེས་པར་འབོད་ཚད་ལ་འགྲོ་རྐྱང་དང་བཤད་ཚད་ལ་ཉན་རྐྱང་། བསྒྲགས་ཚད་བཀོད་རྐྱང་བྱས་བསྡད་པ་ཡིན་ན། སྐབས་དང་བསྟུན་ནས་ཟབ་སྦྱོང་ཡང་གོ་སྒྲིག་གནང་མི་སྲིད་པ་མ་རེད
བཙན་བྱོལ་ནང་ཡོད་པའི་གྲྭ་བ་ཚོས་ང་བོད་པ་ཡིན་ནང་ཆོས་སྦྱོང་རྒྱུ་དང་བོད་དོན་འཐབ་རྩོད་ལས་བོད་དོན་འཐབ་རྩོད་ཨང་དང་པོར་བཞག སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ཀྱང་ང་བོད་པ་ཡིན་ཤེས་ཡོན་སློབ་སྦྱོང་དང་བོད་དོན་འཐབ་རྩོད་གཉིས་ལས་བོད་དོན་འཐབ་རྩོད་ཨང་དང་པོར་འཇོག་གི་ཡིན། གསར་འགོད་པ་ཚོས་ཀྱང་ང་བོད་པ་ཡིན་གནས་ཚུལ་དྲང་བདེན་ཕྱོགས་སུ་མ་ལྷུང་བ་འགོད་རྒྱུ་ལས་བོད་དོན་འཐབ་རྩོད་པའི་འགན་འཁུར། ཐ་ན་བཙན་བྱོལ་ནང་གི་ལྷ་བ་མོ་པ་རྩིས་པ་སོགས་ཀྱིས་ཀྱང་ང་རང་བོད་པ་ཡིན་ཟེར་ནས་བོད་དོན་འཐབ་རྩོད་སོ་སོའི་ཆེད་ལས་གཙོ་བོ་ལས་ཀྱང་ལྷག་ཏུ་བཞག་སྟེ་སོང་པ་ཡིན་ན་ཉི་མ་ཞིག་ལ་བཙན་བྱོལ་བོད་མི་ཡོངས་རྫོགས་ཚར་འགྲོ་རྒྱུ་ལམ་ཁ་དེར་སླེབས་ཚར་བ་རེད།་
སྤྱིར་བཏང་བོད་དོན་འཐབ་རྩོད་པ་ཞིག་ཡིན་ན་བོད་དོན་གལ་ཆེན་ཡིན་པ་སྨྲས་མ་དགོས་ཀྱང་། གསར་འགོད་པ་ཞིག་གི་ཐད་ནས་བཤད་ན་ངས་བདེན་པ་དང་བོད་དོན་གཉིས་ལ་བོད་དོན་གལ་ཆེན་དུ་འཛིན་རྒྱུ་ཡིན་ལབ་ན་ནོར་ཚར་བ་རེད།
བོད་པའི་གསར་འགོད་པ་ཚོས་དྲང་བདེན་གཙོ་བོར་འཛིན་དགོས་པ་ལས། ང་ཚོ་བོད་པ་ཡིན་ཟེར་ནས་བོད་དོན་འཐབ་རྩོད་པ་ཞིག་ཆགས་པ་ཡིན་ན་ལམ་ཁ་ནོར་ཚར་བ་རེད། གལ་སྲིད་ང་གསར་འགོད་པ་ཡིན་ནའང་བོད་པ་ཞིག་ཡིན་སྟབས་བོད་དོན་འཐབ་རྩོད་གཙོ་བོར་འཛིན་གྱི་ཡིན་ལབ་མཁན་དེས་གསར་འགྱུར་ལས་རིགས་ཐོག་ཉམས་མྱོང་སྤུ་ཙམ་ཡང་མེད་པར་སོ་སོའི་ཚོར་བ་གཅིག་པོར་བརྟེན་ཡོད་མཁན་ཞིག་རེད།
ངས་བསམ་བློ་བཏང་ན་ང་ཚོ་བོད་པ་ཞིག་ཡིན་པ་དང་། བོད་པའི་གནས་སྟངས་དེ་ད་ལྟ་དཀའ་རྙོག་ནང་ལྷུང་ཡོད་པའི་གནས་སྐབས་ཤིག་ཡིན་པའི་ཆ་ནས། བོད་པའི་གསར་འགོད་པ་ཚོས་དྲང་བདེན་ཕྱོགས་སུ་མ་ལྷུང་པ་གཙོ་བོར་འཛིན་པ་ལས་བོད་དོན་འཐབ་རྩོད་ལ་ནུས་པ་ཤུགས་ཆེ་ཤོས་འདོན་དགོས་པ་རེད་བསམ་གྱི་འདུག