ཁ་སང་གཟའ་ཕུར་བུའི་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སི་པན་གཞུང་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་བོད་དོན་རྒྱབ་རྩར་ལངས་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག
ཁ་སང་ཚེས་ ༢༦ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་བུད་མེད་ཚོར་ཚད་མཐོའི་འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་བཞི་བ་སྤྲོད་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། ཟབ་སྦྱོང་གོ་སྒྲིག་པ་དང་མཉམ་ཞུགས་གནང་མཁན་མཉམ་རུབ་ཐོག སི་པན་སྲིད་གཞུང་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་བོད་ཀྱི་རྒྱབ་རྩར་ལངས་དགོས་པ་དང་། སི་པན་གཞུང་གིས་ཁྲིམས་ཁང་ལ་ཆབ་སྲིད་ཀྱི་ཐེ་བྱུས་མི་གནང་བའི་ཞུ་གཏུག་སྙན་ཞུ་དང་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག
ཞུ་གཏུག་སྙན་ཞུ་དེར་རྒྱ་གར་ཀྰང་རི་སི་ཚོགས་པའི་འཐུས་མི་ཤི་རི་པྰ་ཀྰར་ཇན་ལྡི་སི་དང་། གྲོས་ཚོགས་འཐུས་མི་ཤཱི་རི་ཨིན་ཌིར་སེན་ནོམ་ཌན་། སྦེ་ཇེ་པེ་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་མེ་ནྰ་ཤི་ལེག་ཧེ་བཅས་གཙོས་པའི། ཆབ་སྲིད་འགོ་ཁྲིད་དང་ཆབ་སྲིད་ཚོགས་པའི་འཐུས་མི། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སོགས་ཀྱིས་རྒྱབ་སྐྱོར་མཚན་རྟགས་བཀོད་ཡོད་འདུག་ལ། དེ་བཞིན། སི་པན་གྱི་སྲིད་བློན་མེར་རེ་ཡྰ་ནོ་ར་ཇོ་ (Mariano Rajoy) མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཏེ། སི་པན་ཁྲིམས་ཁང་ལ་རང་དབང་ལྡན་པའི་ཁྲིམས་ཀྱི་ཕྱག་ལས་གནང་འཇུག་རྒྱུའི་འབོད་སྐུལ་དང་། ཡོ་རོབ་མཉམ་འབྲེལ་གྱི་ངོས་ནས་ཀྱང་དབུས་ས་གཉིས་ཀྱི་ཁྲིམས་ཁང་ལ་ཆབ་སྲིད་ཀྱི་ཐེ་བྱུས་མི་གནང་བར། རང་དབང་ཐོག་ཕྱག་ལས་གནང་འཇུག་རྒྱུ་དེ་མང་གཙོའི་དོན་སྙིང་དང་མི་མང་གི་ཁེ་དབང་སྲུང་སྐྱོབ་གནང་བ་ཞིག་ཡིན་སྟབས། ཁྲིམས་ཀྱི་ལས་དོན་ལག་བསྟར་གནང་འཇུག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཐེངས་འདིའི་ཞུ་གཏུག་ལས་འགུལ་དེ་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྣེ་འཁྲིད་མགོ་འཛུགས་འོག་སྤེལ་བཞིན་པ་ཞིག་ཡིན་འདུག་ལ། དམིགས་ཡུལ་གཙོ་བོ་ཉེ་བའི་ལོ་ཤས་རིང་ནས་བཟུང་བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་གི་མགོ་ཁྲིད་ཁག་ཅིག་སི་པན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཏེ། ཁྲིམས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཧུའུ་ཅིན་ཐའོ་དང་ཅང་ཙིན་མིན་གཙོས་མགོ་ཁྲིད་མི་སྣ་ལྔ་ཡུ་རོབ་ས་ཁུལ་ཏུ་འགྲོ་བསྐྱོད་མི་ཆོག་པ་དང་། ཡུ་རོབ་ནང་བསླེབ་ཚེ་འཛིན་བཟུང་བཀག་ཉར་བྱེད་ཆོག་པའི་བཀའ་རྒྱ་བཏང་ཡང་། རྒྱ་ནག་གཞུང་གིས་སི་པན་གཞུང་ལ་གནོན་ཤུགས་སྤྲད་དེ། ད་ཆར་སི་པན་སྲིད་གཞུང་གིས་ཁྲིམས་ཁང་གི་ཐག་གཅོད་དེ་ཕྱིར་འཐེན་གནང་འཆར་ཡོད་སྟབས། རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་ཤེས་ཡོན་ཅན། ཁྲིམས་རྩོད་པ་བཅས་མཉམ་རུབ་ཐོག་ཡོ་རོབ་མཉམ་འབྲེལ་དང་སི་པན་གཞུང་བོད་དོན་གྱི་རྒྱབ་རྩར་ལངས་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གིས་གནོན་ཤུགས་སྤྲད་པར་ངོ་རྒོལ་གནང་ཆེད་ཡིན་འདུག
གསར་འགོད་པ། དོན་གོ