དེ་རིང་སྔ་དྲོར་ངྷ་རམ་ས་ལར་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་བའི་ཐོག སྲིད་སྐྱོང་མཆོག་གིས་བོད་པའི་སློབ་ཕྲུག་ཚོ་མ་གཞི་གྲུང་པོ་ཡོད་ཀྱང་ཡིག་ཚད་གཏོང་སྐབས་སྐྱོ་བོ་ཡིན་སྐོར་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་ཤག་དང་ཤེས་རིག་གིས་འབྱུང་འགྱུར་ལོ་བཅུ་དང་བཅོ་ལྔའི་འཆར་གཞི་བསྒྲིག་གལ་ཆེ་སྐོར་སོགས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ ༦ པ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག གཞན་བཀའ་བློན་དང་སྤྱི་འཐུས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཕེབས་འདུག་ལ། ཚོགས་འདུར་བོད་མིའི་སློབ་གྲྭ་ཁག་ ༧༦ ནས་ཚོགས་བཅར་བ་ ༢༡༥ མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུ་དབུ་འབྱེད་ཐོག་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་ནས་༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་སྒྲོན་པ་དང་། ཚོགས་ཞུགས་པ་ཡོངས་ནས་བོད་བསྟན་སྲིད་ཆེད་ཚེ་སྲོག་ཤོར་བའི་རྒྱལ་གཅེས་བ་རྣམས་ལ་གུས་འདུད་ངག་བཅད་གནང་ཞིང་། དེའི་རྗེས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ནས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཆོད་ཁག་ལག་བསྟར་ཅི་གནང་སྐོར་ངོ་སྤྲོད་གནང་བ་ལྟར་ན། སྔོན་ཆད་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནང་ལོ་གཅིག་རེའི་ཆོད་གན་ཐོག་ནས་བོད་རིགས་དགེ་རྒན་བསྐོ་བཞག་གནང་བ་མ་གཏོགས་གཏན་འཇགས་བསྐོ་བཞག་ཐུབ་ཀྱི་མེད་ཀྱང་། ན་ནིང་ནས་ལོ་ ༥ རེར་བསྐོ་བཞག་ཆོག་པ་བྱུང་ཡོད་པ་དང་། དགེ་རྒན་ཟབ་སྦྱོང་ ༣༤ དང་དགེ་རྒན་འོས་སྦྱོང་ཁག་ ༥། ཤེས་ཡོན་ཉམས་གསོའི་ཆེད་རྒྱ་བལ་གཉིས་སུ་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ཆེན་མོ། གཞི་རིམ་འོག་མའི་དགེ་རྒན་སོགས་ལ་ཤེས་ཡོན་སྲིད་བྱུས་དགོངས་དོན་ལག་བསྟར་གནང་ཕྱོགས་ཀྱི་གོ་རྟོགས་སྤེལ་ཡོད་པ། དེ་བཞིན་སློབ་སྤྱི་དང་དགེ་རྒན་ ༢༢ ལ་བྷིང་ལོར་ཡོད་པའི་སློབ་གྲྭ་( Krishnamurti Valley School)ནང་གཟིགས་ཞིབ་གནང་བའི་གོ་སྐབས་སྤྲད་པ། ཤེས་ཡོན་འགན་འཛིན་རྣམ་པ་སློབ་གྲྭ་ཁག་ཏུ་ཡང་ཡང་ཕེབས་ཏེ་ཤེས་ཡོན་རྟོག་ཞིབ་གནང་བཞིན་ཡོད་པ། དྷ་རམ་ས་ལ་དང་མཱ་སུ་རི། ལྷོ་ཕྱོགས་བཅས་ཁག་གསུམ་དུ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་ལ་གོ་སྒྲིག་བྱས་པ། ཆེད་ལས་མི་སྣ་སྐྱེད་སྲིང་ཆེད་སློབ་ཡོན་བྱ་དགའ་རིགས་མང་དུ་བཏང་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན། “སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བཀའ་ཤག་གིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ། ང་རང་ཚོའི་སྤྱི་ཚོགས་དང་དེང་གི་གཅིག་ལ་གཅིག་བརྟེན་གྱི་འཛམ་བུ་གླིང་འདིའི་ནང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དེའི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོས་མཁོ་དང་བསྟུན་ཏེ་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་རེད། དངོས་གནས་བྱས་ན། ཤེས་ཡོན་སྲིད་བྱུས་འཛིན་སྐྱོང་གི་ཐག་གཅོད་ཅིག་གི་འོག་ནས་བྱེད་ཐུབ་པའི་གནས་བབ་ཅིག་ཡིན་ཡང་། སྐབས་དེའི་བཀའ་ཤག་གིས་ཆེད་མངགས་ཀྱི་སྒྲིག་གཞི་བཟོས་ཏེ་བོད་མི་མང་སྤྱི་འཐུས་ནང་ལོགས་སུ་བསྣམས་ཕེབས་ནས་དོན་ཚན་རེ་རེའི་ཐོག་གྲོས་བསྡུར་སྦྱངས་བཤད་གཏིང་ཟབ་པོ་བྱས་ཏེ། གཏན་ལ་ཕབ་བཞག་པའི་གནས་སྟངས་ཤིག་རེད། ད་ལྟའང་ང་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་འགྲོ་ཡི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། སྐབས་རེར་མང་ཚོགས་ནང་དང་། ལས་ཀྱི་སྣེ་མོ་བའི་ནང་བསམ་ཚུལ་ཡོང་གི་ཡོད་པ་རེད། ང་ཚོ་ལའང་ཡི་གེ་གཏོང་མཁན་གང་ལ་གང་འཚམ་བྱུང་སོང་། དེའི་ཕྱིར་མིང་ཙམ་མིན་པར་དོན་དངོས་སུ་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ལ་འགྲོ་ ཐུབ་དགོས་པ་དེ་གནད་འགག་ཆེན་པོ་ཞེ་དྲག་ཅིག་ཡིན་སྟབས། དེའི་ཐོག་ལ་ཤེས་རིག་ལས་ཁུངས་གཙོས་འབྲེལ་ཡོད་ཚང་མས་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ད་ལྟ་མང་ཚོགས་ནང་བསམ་ཚུལ་ཡོང་གི་ཡོད་སྟབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་རྟོག་ཞིབ་སྡེ་ཚན་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང་ད་ལྟའི་བར་དགོངས་དོན་གཞིར་བཟུང་གིས་འགྲོ་ཐུབ་འདུག་དང་མི་འདུག གནས་སྟངས་ག་འདྲ་ཆགས་འདུག་པ་སོགས་ཀྱི་ཐད་ཤེས་རིག་ཚོགས་ཆེན་འདི་ཚར་བའི་རྗེས་སུ་རྟོག་ཞིབ་མགོ་འཛུགས་རྒྱུ་ཡིན། རྟོག་ཞིབ་ཚོགས་ཆུང་དེ་རྒྱུན་ལས་ཀྱི་ཚོགས་ཆུང་ཞིག་ཡིན་སྟབས། དེའི་སྙན་ཐོ་ག་རེ་བསླེབ་པ་ཡིན་ནའང་གྲོས་ཚོགས་ནང་དུ་བགྲོ་གླེང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་མི་སྲིད་པ་མ་རེད”ཅེས་དང་། བོད་མིའི་སྒྲིག་འཛུགས་དང་ཁ་འཐོར་དུ་གནས་པའི་བོད་མིའི་བར་འབྲེལ་བ་དམ་ཟབ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། འདས་པའི་ལོ་བཅུ་དང་བཅོ་ལྔ་ཡི་ཉམས་མྱོང་ལ་བརྟེན་ནས་འབྱུང་འགྱུར་གྱི་ལོ་བཅུ་དང་བཅོ་ལྔའི་ནང་ག་འདྲ་ཆགས་ས་རེད། དེ་ལ་དཔག་པའི་འཆར་གཞི་ཞིག་ད་ལྟ་ནས་ལེགས་པོ་ཞིག་གཏན་འབེབས་བཟོ་མ་ཐུབ་པ་ཡིན་ན་ཁག་པོ་ཆགས་པའི་གནས་སྟངས་ཤིག་ཏུ་འགྱུར་གྱི་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་གི་གཙོས་ཤེས་རིག་ལས་ཁུངས་ནས་འགན་འཁུར་ཏེ། དེ་ཚོར་ཟུར་དུ་ཞིབ་འཇུག་གི་ཚན་པ་བཙུགས་ན་ཡག་པོ་ཡོད་སྐོར་སོགས་གསུངས་སོང་།
མཇུག་ཏུ་སྲིད་སྐྱོང་མཆོག་གིས་བོད་པའི་སློབ་ཕྲུག་ཚོ་གྲུང་པོ་ཡོད་ཀྱང་ཡིག་ཚད་ཡག་པོ་འཕྲོད་ཀྱི་མེད་སྐོར་གསུངས་དོན། “གཞི་རྩའི་བོད་པའི་སློབ་ཕྲུག་ཚོ་ཞལ་གསང་པོ་དང་གྲུང་པོ་འདུག་ཀྱང་། དངོས་གནས་བོད་ཡིག་དང་དབྱིན་ཇིའི་ཐོག་ནས་ཡིག་ཚད་གཏོང་བའི་སྐབས་སུ་སྐྱོ་བའི་རང་བཞིན་ཞིག་དང་ད་དུང་ཡང་ཡར་རྒྱས་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་འདུག ན་ནིང་ཉིན་ང་ཚོས་ཨ་རིའི་ཚོགས་པ་ཞིག་དང་མཉམ་འབྲེལ་བྱས་ནས་ཁོ་ཚོ་འདིར་ཕེབས་ཏེ། དགའ་ལྡན་ཕོ་བྲང་གི་གསོལ་རས་རག་མཁན་སློབ་ཕྲུག་རྩེ་ཕུད་དགུ་ནས་བརྒྱད་ལ་ཡིག་ཚད་བཏང་བ་རེད། སྤྱིར་བཏང་ཨ་རིའི་སློབ་གྲྭ་ཡག་པོའི་ནང་ཚུད་པར་བརྒྱ་ཆ་ ༩༠ ལྷག་ལོན་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། ཚོད་ལྟ་རང་བྱས་ཏེ་ཡིག་ཚད་གཏོང་སྐབས་བོད་པའི་སློབ་ཕྲུག་ཚོའི་ནང་ནས་བརྒྱ་ཆ་ ༥༡ དེ་མཐོ་ཤོས་རེད། ད་ལོ་བསྐྱར་དུ་དགའ་ལྡན་ཕོ་བྲང་གི་གསོལ་རས་རག་མཁན་ཚོར་ཡིག་ཚད་ཅིག་གཏོང་ སྐབས། ཡར་རྒྱས་ཕྱིན་ཡོད་ཀྱང་མཐོ་ཤོས་བརྒྱ་ཆ་ ༦༠ ལྷག་ཡིན་སྟབས། ཨ་རིའི་མཐོ་སློབ་ཁག་ཏུ་ཐད་ཀར་ཚུད་པར་བརྒྱ་ཆ་ ༣༠ ཡིས་འདང་གི་ཡོད་པ་མ་རེད། ན་ནིང་ང་ཚོའི་སློབ་ཕྲུག་ཅིག་བཏང་བ་དེར་དམིགས་བསལ་ཞེ་དྲག་བྱེད་དགོས་བྱུང་བ་དང་། ད་ལོར་གཉིས་གསུམ་གཏོང་རྩིས་ཡོད་པ་དེ་ཚོར་ཡང་ཟླ་ཤས་རིང་མཐོ་སློབ་ཏུ་ཚུད་པའི་དམིགས་བསལ་སྦྱོང་བརྡར་སྤྲོད་དགོས་ཀྱི་ཡོད་པ་རེད།” ཅེས་གསུངས་སོང་།
ཡང་ཁོང་གིས། “རྒྱ་ཆེ་ས་ནས་གཟིགས་པ་ཡིན་ན། བཀའ་ཤག་གི་འགན་ག་རེ་རེད། བོད་མི་སྤྱི་ཡོངས་ཀྱི་འགན་ག་རེ་རེད། གཅིག་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་དང་བཀའ་མོལ་གནང་ནས་བོད་དོན་སེལ་ཐབས་རེད། འབྲེལ་མོལ་བརྒྱུད་དེ་བོད་དོན་སེལ་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། དེ་གཞན་དབང་སྟབས་བསྟུན་རེད། ང་རང་ཚོའི་ཕྱོགས་ནས་འབྲེལ་མོལ་གནང་གི་ཡིན་ཟེར་ནས་ལག་པ་ཕར་ག་ཚོད་བརྐྱང་ཡང་ཕར་ཕྱོགས་ནས་ཚུར་ལག་པ་མ་བརྐྱང་བ་ཡིན་ན། དེ་ལ་བྱེད་ཐབས་མེད་པ་རེད། གཉིས་པ་དེ་བཀའ་ཤག་གིས་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་དེ་རེད། དེ་ལ་གང་ལ་གང་འཚམ་འབད་བརྩོན་བྱས་པ་ཡིན་ན་ཕྲན་བུ་རྒྱབ་སྐྱོར་རག་བའི་རེ་བ་ཡོད་ཀྱང་། དེ་ཡང་གཞན་དབང་སྟབས་བསྟུན་ཞིག་ཆགས་བསྡད་ཡོད་པ་རེད། ཤེས་ཡོན་ལ་ཆ་བཞག་ན། དེ་ལ་གཞན་དབང་སྟབས་བསྟུན་གཅིག་ཀྱང་མེད་པར་བརྒྱ་ཆ་བརྒྱ་ང་རང་ཚོའི་ལག་པའི་ནང་ཡོད་པ་རེད། ཤེས་ཡོན་ཡར་རྒྱས་གཏོང་མ་ཐུབ་པ་ཡིན་ན། བརྒྱ་ཆ་བརྒྱ་ང་རང་ཚོས་འཐུས་ཤོར་བཏང་བ་རེད་མ་གཏོགས་རྒྱ་ནག་གི་གནོན་ཤུགས་ཀྱིས་འགྲིག་མ་སོང་། ལུང་པ་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག་མི་འདུག་གི་སྐད་ཆ་བཤད་ས་ལྷག་ཡོད་པ་མ་རེད། དེ་རིང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་འདིར་ཕེབས་ཡོད་ལ། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ང་ཚོ་ཚང་མའི་འགན་ཆགས་བསྡད་ཡོད་པ་རེད། ཤེས་ཡོན་ཡར་རྒྱས་གཏོང་མ་ཐུབ་པ་ཡིན་ན། དེ་རིང་ཚོགས་ཁང་འདིའི་ནང་དུ་ཡོད་པའི་ཚོགས་མི་ཡོངས་ཀྱི་རྐྱེན་ཞིག་ཆགས་ཡོད་པ་རེད་”ཅེས་གསུངས་སོང་།
དེ་རིང་ཕྱི་དྲོར་ཁེ་ན་ཌ་མཐོ་སློབ་ཀྱི་སློབ་དཔོན་མ་ཊི་མཆོག་ནས་དགེ་རྒན་ཁྱད་ལས་གོང་མཐོར་གཏོང་ཕྱོགས་ཀྱི་འཆར་གཞི་དང་འབྲེལ་བའི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བཞིན་ཡིན་པ་དང་། དེ་ནས་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་གཞི་དང་པོ་སྟེ་དགེ་རྒན་གྱི་ཁྱད་ལས་གོང་མཐོར་གཏོང་ཕྱོགས་ཇི་དགེའི་སྐོར་ལ་གྲོས་བསྡུར་དང་། སང་ཉིན་གཞི་རིམ་འོག་མའི་ཤེས་ཡོན་སྲ་བརྟན་གཏོང་ཕྱོགས་ཇི་དགེའི་སྐོར་ལ་གྲོས་བསྡུར། གནངས་ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་། སློབ་ཁྲིད་ལག་བསྟར་གནད་སྨིན་ཡོང་ཐབས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ། དེ་ནས་ཚོགས་ཆུང་ཁག་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་དོན་སྨིན་ཡོང་ཐབས་ཇི་དགེའི་སྐོར་གྲོས་བསྡུར་གནང་གྲུབ་རྗེས། ཕྱི་དྲོར་ཚོགས་ཆུང་ཁག་གི་སྙན་ཐོ་སྙན་སྒྲོན་ཞུ་རྒྱུ་བཅས་ཡིན་པ་དང་། ཚོགས་འདུ་མཇུག་བསྡོམས་ཐོག ཤེས་རིག་བཀའ་བློན་མཆོག་གིས་སླར་ཡང་མཇུག་བསྡོམས་གསུང་བཤད་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།
ཧཧཧཧ བོད་ཀྱི་བུ་ལགས།
སྲིད་སྐྱོང་མཆོག་བོད་མི་ཕྱེད་ཀ་ཡིན་པ་སྲིད་སྐྱོང་རང་གིས་ར་སྤྲོད་གང་ལེགས་བྱེད་ཀྱི་འདུག་པས་རྩོད་གཞི་མི་འདུག་སྙམ།
ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་སེང་གེ་ལ་བོད་མི་ཕྱེད་ཀ་དང་བཅོས་མ། རྫུན་མ་སོགས་ལབ་ཀྱི་ཡོད་པ་དེ་གང་འདྲ་ཡིན་ནམ།
དཔེ་སྟོན་སློབ་གྲྭའི་སློབ་མའི་སྦྱངས་འབྲས་ལ་ཡི་རངས་ཡོད་ཀྱང་།
མ་འོངས་པར་སེམས་ཁྲལ་ཧ་ཅང་ཆེ།
ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞིར་ཡི་རངས་ཡོད་ཀྱང་།
སློབ་གྲྭ་ཚང་མས་ཕྱར་གྲུ་མཉམ་འདེགས་མ་གནང་ན། དེ་བས་ཉེན་ཁ་ཆེ།
འཛིན་སྐྱོང་དང་དགེ་རྒན་བར་གྱི་འབྲེལ་ལམ་ལས་ཤེས་ཡོན་སྲིད་བྱུས་དེར་ཉམས་རྒུད་འགྲོ་ཉེན་ཆེ།
ཞིབ་འཇུག་གནང་རྒྱུའི་གོམ་པ་དང་པོ་དེ་ཤེས་རིག་གི་ཐུགས་འགན་ཡིན་ནའང་། གྲོས་ཚོགས་ཀྱིས་ཀྱང་ཞིབ་འཇུག་གནང་དགོས་པ་དེ་གནད་འགག་གང་ལ་ཐུག་པ་རེད་དམ།
སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་ལ་གླེང་སློང་ཤུགས་ཆེན་ཡོང་རྐྱེན་གང་ལ་ཐུག་ཡོད་དམ།
ངའི་བསམ་པར། ད་ལྟའི་དུས་སྐབས་འདི་ནི་ཕྱོགས་མང་པོ་ཞིག་ནས་མཁོ་བསྡུ་དང་ཟླ་བསྒྲིལ་གཏོང་དགོས་པའི་དུས་ཚོད་ཅིག་རེད་འདུག འདིའི་ཐོག་སྤྱི་སྒེར་ཚང་མས་ཐུགས་སྣང་གནང་དགོས་ངེས་སུ་མཐོང་།
ཚོགས་ཆེན་ལ་རྟེན་འབྲེལ་ཞུ། བཀུར་འོས་དགེ་རྒན་རྣམ་པར་འཚམས་འདྲི་ཞུ།
སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད་རིགས་ཚང་མར་དག་ཐེར་ནན་མོ་ཞིག་བྱེད་མ་ཐུབ་བར་དུ་སློབ་གྲྭའི་རླུང་རྟ་དར་དཀའ།
སློབ་མ་ཇེ་ཉུང་ཡིན་པས་སློབ་གྲྭ་ཁུ་བསྡུ་དང་དགེ་ལས་ཧྲག་བསྡུ་གནང་དགོས་ངེས་རེད།
དཔེ་སྟོན་སློབ་གྲྭས་མིག་དཔེ་བཟང་པོ་བཞག་ཡོད་པས་སློབ་གྲྭ་ཆུང་བ་ཁག་ལ་ལམ་ལུགས་འདི་ངེས་པར་ལག་བསྟར་གནང་འོས།
བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་མཆོག་ནི་བོད་མི་མང་གིས་བདམས་པ་རེད། ཁོང་གིས་ཕྱག་ལས་གནང་ཕྱོགས་ག་འདྲ་ཞིག་ཡིན་ནའང་མི་མང་གིས་རྒྱབ་སྐྱོར་བྱེད་ཀྱི་རེད་ལ། རྒྱབ་སྐྱོར་བྱེད་དགོས་ངེས་ཤིག་ཀྱང་རེད། ཡིན་ནའང་མི་རེ་ཟུང་གིས་མི་ཤེས་ཤེས་མདོག་དང་། མི་འཇོན་འཇོན་མདོག་གིས་ཁོང་ལ་ག་དུས་ཡིན་ནའང་ཅིག་ཅིག་མིག་མིག་ཅེས་བཤད་ནས་སྡོད་པ་འདིས་གང་ཞིག་བསྟན་གྱི་འདུག་གམ་ལབ་ན། དེ་ཡིས་བཤད་མཁན་གྱི་གང་ཟག་ཁོ་རང་དོན་དག་དངོས་མའི་སྟེང་ནས་མི་ངན་པ་ཞིག་ཡིན་པ་ང་ཚོ་སྟོན་གྱི་འདུག་གོ།
ད་རེས་གསལ་པོ་ཆགས་ཡོང་གི་འདུག དོན་ངོ་མར་རྒྱབ་ཡོལ་འོག་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ངོ་མ་ཟམ་གདོང་རིན་པོ་ཆེ་ཡི་དགོངས་པ་ལག་བསྟར་གནང་འགོ་ཚུགས་པ་འདྲ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པའི་སྐོར་ད་ལྟ་གང་འདྲ་ཆགས་ཡོད་མེད་དང་འདས་པའི་ལོ་ངོ་བཅུ་ཕྲུག་རིང་གྲུབ་འབྲས་གང་འདྲ་ཐོན་ཡོད་མེད། བཀའ་ཤག་དང་ཤེས་རིག་ལས་ཁུངས། དེ་བཞིན་སློབ་གྲྭ་ཁག་གིས་ལག་བསྟར་གནང་ཕྱོགས་གང་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་ཞིབ་འཇུག་གནང་འཆར་ཡོད་པ་དེ་ཧ་ཅང་ཡག་པོ་དང་དུས་ཐོག་ཆར་བ་ལྟ་བུ་ཞགི་རེད། ང་རང་གི་ལྟ་སྟངས་བྱས་ན་གནས་ཚུལ་འདིའི་སྐོར་ལ་བོད་ཀྱི་དུས་བབ་གསར་ཤོག་གིས་ནུས་པ་ཆེན་པོ་འདོན་ཐུབ་སོང་བསམ་གྱི་ཡོད། གང་ཡིན་ཟེར་ན་བོད་ཀྱི་དུས་བབ་གསར་འགོད་པས་སློབ་གྲྭ་ཁག་གི་འཛྀན་གྲྭ་༦་ནས་༨་བར་དབྱིན་ཡིག་ཐོག་འཁྲིད་སྤེལ་བྱ་རྒྱུ་ཡིན་པའི་སྐོར་ཤེས་རིག་དྲུང་ཆེ་མཆོག་ལ་བཅར་འདྲི་དང་བཅས་ཏེ་གསར་འགྱུར་ཞིག་སྤེལ་ཏེ་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་བཟོས་ཡོད་པ་དང་། དེའི་དང་འབྲེལ་ནས་རྩོམ་ཡིག་དང་མང་པོ་ཞགི་འབྱོར་བ་དང་གྲོས་ཚོགས་ནང་གླེང་སློང་བྱུང་བ་བཅས་ལ་བརྟེན་ཏེ་ཡག་པོ་བྱུང་སོང་བསམ་ཡོད། ཡིན་ནའང་ད་ལྟའི་ཆར་སྡུག་པོ་འདུག་ཤེས་ཡོན་སྲིད་བྱུས་བཀའ་ཤག་གིས་ལག་བསྟར་བྱེད་མི་འདུག་ཅེས་ང་ལ་ཞུ་རྒྱུ་མེད།
དཔལ་ལྡན་ཚོགས་གཙོ་མཆོག་ལའང་གསུང་སྐད་འདི་ཤོར་དགོས་པ་ཞིག་ཡིན། སྲིད་སྐྱོང་ཁྲི་ལ་འཁོད་པ་ནས་ཉེ་སྔོན་བར་ཧ་ལམ་མ་སོང་ན་སྐུ་སྲུང་ལྟ་བུ་གནང་སྟེ་བསྟོད་བསྔགས་ཞེ་དྲག་གནང་སོང། ཡིན་ནའང། ཁ་སྔོན་བོད་རྒྱ་འབྲེལ་མོལ། དེ་རིང་ཤེས་ཡོན་སྲིད་བྱུས་བཅས་རྩ་དོན་གལ་གནད་ཆེ་བའི་རིགས་ལ་གསུང་སྐད་ཤོར་པ་རེད། དང་པོ་ནས་གཟབ་གཟབ་ཅིག་གནང་ཡོད་ན་འདིའི་ཚད་ལ་ལྷུང་དགོས་དོན་མེད།།
བོད་ཀྱི་སྐད་ཡིག་རིག་གནས་ཅི་ཙམ་རྩ་ཆེར་བཟུང་དང་མ་བཟུང་གི་ཁྱད་པར་གྱིས་གཞིས་བྱེས་བར་དང། མགོ་ཁྲིད་དང་མི་མང་བར། བོད་མི་དང་བོད་མིའི་བར་བར་ཐག་ཇེ་རིང་དུ་འགྲོ་རྒྱུ་ཡིན་པ་ཆོས་ཉིད་ཀྱིས་གཏན་ལ་འཁེལ་བ་ཞིག་ཡིན་པ་ལྟར། སྲིད་སྐྱོང་འདི་བས་ཤེས་ཡོན་གསུང་ཞོར་དྲུང་ཆེ་དངོས་གྲུབ་ཀྱིས་ཉ་ཉོག་ལུང་པ་གང་བཤད་ཞོར་དོན་དམ་དེ་རིང་གངས་སྐྱིད་དུ་ས་ཡོམ་རྒྱག་དང་རྒྱག་བཞིན་ལས་ཁུངས་གཅིག་རང་གཅིག་ཡོད་པ་ནི་ཤེས་རིག་ལས་ཁུངས་རེད་ལ། བར་སྐབས་ཤིག་ཏུ་ཤེས་རིག་དང་ཐད་ཀར་འབྲེལ་བ་ཡོད་པའི་སྡེ་ཚན་གྱི་ལས་བྱེད་མགོ་ལས་སྡེབས་ཀྱིས་དགོངས་པ་ཞུ་དགོས་པའི་གནས་སྟངས་ཤིག་ཀྱང་མགོར་ཐོན་འདུག ཁོང་རྣམས་པས་༸རྒྱལ་བ་རིན་པོ་ཆེས་མི་མང་གི་སར་སྲིད་སྐྱོང་ལ་སྟག་བྲག་གི་སྲིད་དབང་རྩིས་སྤྲད་ཡོད། ངའི་སེམས་ལ་བརྣག་པའི་འདོད་པ་བྱེ་བྲག་པ་ཞིག་འགྲུབ་སོང་གསུངས་པ་རྩ་དོན་དུ་བཟུང་ནས་གང་ཐུབ་ཐུབ་ཤུགས་བསྐྱོན་གྱི་ཡོད་པ་འདྲ། ཡིན་ནའང། དེང་སང་ཕྱོགས་ཡོངས་ནས་རང་མདོག་ཉིན་རེ་ནས་ཉིན་རེར་ཇེ་གསལ་དུ་འགྲོ་བའི་སྐབས་འདིར། ང་ཚོས་ངེས་པར་དུ་དུས་ཚོད་དམ་འཛིན་བྱེད་དགོས་པར་མཐོང་ཞིང། སྤྱི་འཐུས་ཀྱི་རྟོག་ཞིབ་དེའང་འཕྱི་དྲག་པར་འདོད་པས་མྱུར་ཏུ་མགོ་འཛུགས་གནང་རོགས། ཁ་སྔོན་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཡོ་འཁྱམ་ཆེན་པོའི་གནས་བབ་འོག་བོད་ཕྱི་ནང་གཉིས་ནས་ཡིག་ངག་གཉིས་ནས་བསམ་ཚུལ་སྣ་ཚོགས་སླེབས་ཤིང། གནས་ཚུལ་མང་པོ་ཞིག་གི་ཐོག་ནས། བོད་ཀྱི་ཤེས་རིག་ལ་ཁ་མིན་དོན་གྱིས་གཙིགས་སུ་མ་བཟུང་པ་དེའི་ཚོད་ཀྱིས་བོད་ཕྱི་ནང་གི་འབྲེལ་བར་གས་ཆག་ཤོར་རྒྱུ་ཡིན་པ་གསལ་བསྟན་བྱས་འདུག་ཅིང། རྒྱལ་བ་རིན་པོ་ཆེ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་དང། བོད་མི་མང་དང་དེའི་ཤེས་རིག་ལ་བཅོས་མིན་གྱི་ཤ་ཚ་དང་ངེས་ཤེས་ཐོབ་པ་དག་གི་བཀའ་དགོངས་འོག་མ་ཕྱིན་པར། བོད་མི་ཕྱེད་ཀ་ནས་ཕྱེད་ཀ། ཕྱེད་ཀ་ནས་བཅོས་མ། བཅོས་མ་ནས་རྫུན་མ་འབོར་ཆེན་ཞིག་སྐྱེད་སྲིང་བྱས་པ་ཡིན་ན་གཞིས་ལུས་རྒྱ་ཆེའི་མི་མང་གིས་ནམ་ཡང་བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེས་བློས་འགལ་མི་བྱེད་པ་ནི་ཚང་མས་མཁྱེན་གསལ་རེད་ལ།་གལ་སྲིད་དེ་ལྟའི་གནས་བབ་ཅིག་བྱུང་བ་ཡིན་ན། ད་ཡོད་དབུ་ཁྲིད་ཚོས་ཀྱང་ལོ་རྒྱུས་ཀྱི་ནག་ཉེས་མི་ཁུར་རང་ཁུར་རེད། ཟབ་སྦྱོང་དང་ཚོགས་འདུ་ག་ཚོད་འཚོགས་ཀྱང། ཧིན་སྒོར་འབུམ་ནས་འབུམ་ག་ཚོད་བཏང་ཡང། གནད་དོན་གཅིག་རང་ཡོད་པ་ནི། ཤེས་ཡོན་སྲིད་བྱུས་ཚུལ་བཞིན་ལག་བསྟར་ཡོང་ཐབས་ལ་རང་གིས་མི་ཤེས་ཀྱང་མཁས་དབང་ངོ་མ་རྣམས་ཀྱི་བཀའ་བཞིན་སྒྲུབ་རྒྱུ་དེ་རེད། དེ་ལྟར་བྱས་ན་འཛིན་སྐྱོང་གི་ལས་དོན་ནང་བོད་མི་ཕྱེད་ཀ་ཞིག་གིས་ཀྱང་བོད་ཀྱི་ཤེས་རིག་དར་སྤེལ་ལ་བྱས་རྗེས་འཇོག་སྲིད་པ་རེད། དེ་མིན་ཤེས་རིག་ལས་ཁུངས་དང་འབྲེལ་བའི་དེང་སང་བོད་ཕྱི་ནང་གཉིས་ཀྱ་གླེང་སློང། ལས་དོན་ཁག་ཅིག་བྱས་པའི་རྣམ་འགྱུར་དང་འཁྲབ་སྟོན་སོགས་ཀྱིས་གཟུར་གནས་བློ་ལྡན་གཏིང་ཟབ་པོ་མཁྱེན་མཁན་དག་གི་ཐུགས་ཡིད་མི་ཚིམས་པ་གསལ་བོ་རེད་ལ། དོན་དག་མེད་དུས་ཁ་ནས་ཝུ་བ་ཐོན་ནས་ལག་པ་གནམ་དུ་འཕྱར་མ་འཕྱར་གང་ཡང་མེད་པ་དེ་ངེས་པར་དུ་ངོས་ལེན་གནང་དགོས་ཀྱི་འདུག ལྷག་པར་ཨ་རི་གདན་འདྲེན་ཞུས་པའི་ཤེས་རིག་དྲུང་ཆེས་ཁོང་ཉིད་རྡོ་ཐོག་བབས་པའི་བྱེའུ་ལྟར་འགྲེལ་བརྗོད་ཀྱིས། སང་གནངས་ནས་ཕེབས་ཀྱི་མེད་འགྲོ་ལྟ་བུ་རྐྱང་རྐྱང་གསུངས་ནས་བསྡད་ན། ཐུགས་ཡིད་འཛིན་སྐྱོང་གི་རྟིང་སར་འཛུལ་མི་ཐུབ་ཅིང། དེའི་རྐྱེན་པས་ལས་དོན་མང་པོ་འཐུས་ཤོར་ཡང་འབྱུང་སྲིད་པ་རེད། གང་ལྟར་སྔ་འགྱོད་ཕྱིས་སྡོམ་གྱིས་བགོ་སྐལ་དུ་བབས་པའི་ཤེས་རིག་གི་ལས་དོན་རྣམས་ལོ་རྒྱུས་ནང་ནག་ཉེས་འཁུར་མ་དགོས་པ་ཞིག་ཅི་ནས་ཀྱང་གནང་རོགས། དེ་མིན། རྒྱ་ནག་ལས་ཀྱང་བོད་མི་རིགས་དགྲ་བོ་ཞིག་འབྱུང་སྲིད་པ་ནི་རང་གི་འགན་བབ་ཏག་ཏག་མི་སྒྲུབ་མཁན་རྣམས་ཡིན་པ་གཏན་འཁེལ་སྟབས། ཅི་ནས་ཀྱང་གཟབ་པར་འཚལ།།