སྦེལ་ལྗམ་དུ་གནས་སྡོད་ཆབ་འགག་དཔལ་ལྡན་གྱིས།
བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པས་དུས་ཐོག་ཆར་བ་ལྟ་བུའི་དཔེ་ལྟར་སྐབས་དང་དུས་བསྟུན་གྱིས་གནད་ལ་འཁེལ་བའི་དྲི་བ་དྲིས་ཏེ་དུས་ཐོག་འདོན་སྤེལ་བྱས་དང་བྱེད་བཞིན་པ་འདི་ཆེས་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་པས་བྱ་ལས་ལ་རིན་ཐང་དང་གསར་འགོད་པར་བསྔགས་བརྗོད་ཞུས། སྤྱིར་ན་ཆོས་རྒྱལ་མེས་དབོན་གསུམ་དང་རྒྱལ་པཎ་རྣམ་གཉིས་བཅས་ཀྱི་མངའ་འབངས་མཐོ་སྒང་ཚང་གི་སྤྱི་ལས་ཆེད་ཕྱག་ལས་གནང་མཁན་སྐུ་ངོ་རྣམས་ལ་རང་ཉིད་ཀྱི་བསམ་འདུན་སྨྱུག་ཤོག་ཏུ་དྲངས་ཏེ་མངོན་འགྱུར་བྱ་བ་ལ་འཇིགས་སྣང་ཞིག་རང་བཞིན་གྱིས་ཡོང་གི་ཡོད། ངས་བཤད་འདོད་པ་ནི་དབུས་འོས་བསྡུ་ལྷན་ཁང་གིས་དུས་བབ་གསར་ཁང་གི་དྲི་པ་སྔ་ཕྱི་གཉིས་ལ་ལན་འདེབས་གནང་བའི་སྐོར་ཡིན་ལ། ལན་འདེབས་དེའི་ཁྲོད་དུ་ལྐོག་གསང་ཆེ་བའི་གནད་དོན་ཞིག་མེད་དམ་སྙམ་པའི་སོམ་ཉིའི་བསམ་བློ་ཞིག་བདག་འདྲའི་བོད་རིགས་ཀུན་ལ་ཡོད་པར་ཁོ་བོས་བསམས། སོམ་ཉིའི་བསམ་བློས་རྣམ་རྟོག་འདྲེན་ལ། རྣམ་རྟོག་གིས་རྙོག་གླེང་བཟོ་བ་སེམས་ཀྱི་ལམ་ལུགས་ཤིག་ཏུ་འཁུམས། མཐོ་སྒང་ཚང་གི་འབངས་མིས་སྤྱི་ལས་ཆེད་ཕྱག་ལས་གནང་མཁན་སྐུ་ངོ་དག་ལ་དོགས་འདྲི་གནང་བར་ཡང་དག་པའི་དོགས་སེལ་གྱི་ལན་ཞིག་བརྒྱག་དགོས་པ་སྐུ་ངོ་རྣམ་པའི་སྐབས་བབ་ཀྱི་འགན་འཁྲི་གཙོ་བོ་དེ་ཡིན། ཡང་དག་པའི་དོགས་སེལ་གྱི་ལན་ཞིག་བསྐྱོན་མ་ཐུབ་པའི་ཚེ་རྙོག་གླེང་ཇེ་རྙོག་ཏུ་འགྲོ་རྒྱུ་ནི་འཇིག་རྟེན་མི་ཡུལ་གྱི་ཆོས་ཉིད་རེད། ད་ལྟའི་གཞིས་བཞུགས་བོད་མི་རྣམས་ཀྱི་གནས་སྟངས་ལ་གཟིགས་ན་བྱེས་འབྱོར་བོད་མི་རྣམས་ཀྱིས་ནང་རྙོག་མི་བསླང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད། ལར་ནས་འོས་བསྡུ་ལྷན་ཁང་གི་འགན་འཁུར་བ་རྣམ་པར་བོད་མི་རིགས་ལ་བཅིངས་པའི་ཤ་ཞེན་དང་ལྷག་བསམ་མི་འདུག་ཅེས་རྩ་བ་ནས་ཞུ་དགོས་མེད། ཤ་ཞེན་དང་ལྷག་བསམ་ཞེས་པ་ཁ་ནས་བཤད་རྒྱུ་ལ་དཀའ་ལས་མེད་ཀྱང་། ལོ་མང་རིམ་བསྟུན་གྱིས་ལག་ལེན་དུ་བསྟར་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མིན། སྤྱི་ཚོགས་ཐོག་བཤད་གླེང་སྣ་མང་བྱུང་དང་འབྱུང་བཞིན་པ་ཡོད་དོ་ཅོག་ཁ་བཤད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའམ། ཡང་ན་ཁ་བཤད་དོན་མཐུན་མ་བྱུང་བའི་ཉེར་ལེན་ལས་བྱུང་གི་ཡོད་པ་གསལ་བོ་རེད་ཅེས་དོགས་མི་བདེ་བའི་ཚོར་སྣང་ཞིག་གིས་སྔུན་བསུས་ཏེ་སྐབས་དོན་གྱི་ལས་ལ་འཇུག་པར་སྤྲོ།
འདས་ལོ་ ༢༠༡༣ ལོའི་ ༡༢ ཚེས་ ༦ ཉིན་དུས་བབ་གསར་ཁང་གིས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལགས་སུ་མདོ་སྨད་སྤྱི་འཐུས་གསར་བ་བསྐོ་གཞག་ཇི་ལྟར་གནང་མིན་སྐོར་བཅར་འདྲི་ཞུས་པའི་མགོ་བརྗོད་དུ། ༼ མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན། ༽ ཞེས་པའི་ནང་གི་དྲི་བ་དང་དྲིས་ལན་དང་། ཕྱི་ལོ། ༢༠༡༤ ཟླ་ ༡ ཚེས་ ༡༤ ཉིན་གསར་འགོད་གསལ་བསྒྲགས་སར་སྤེལ་བའི་༼ ཆོས་བརྒྱུད་ཕ་ཡུལ་གཅིག་པ་ཕྱོཊ་འཐེན་མ་གནང་རོཊ།༽ ཞེས་པའི་མགོ་བརྗོད་གཉིས་ཀྱི་ནང་གི་དྲིས་ལན་གཅིག་མཚུངས་མིན་པར་མཐོང་། དུས་བབ་འདོན་ཐེངས་སྔ་རྗེས་གཉིས་ཀྱི་ཐོག་བཀོད་པའི་དྲི་བ་དྲིས་ལན་བསྐྱར་བཀོད་ཀྱིས་རང་ཉིད་ཀྱི་བསམ་ཚུལ་ཞིག་བརྗོད་པར་བྱ། འདོན་ཐེངས་སྔ་མའི་སྐབས་ཀྱི་དྲི་བ་དྲིས་ལན་ཁག་དང་པོ། དྲི་བ། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྩ་དགོངས་ཞུས་འདུག གསལ་བསྒྲགས་ནང་མོ་རང་གི་ཚབ་ཏུ་སྒུག་ཐོའི་ནང་བརྒྱ་ཆ་ལོངས་མེད་སྐོར་འཁོད་འདུག དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། ལན། “ སྐབས་ ༡༥ པའི་སྤྱི་འཐུས་འོས་བསྡུའི་སྐབས་སུ་བརྒྱ་ཆ་ལོན་པའི་སྒུག་ཐོ་ཁ་ཤས་ཤིག་ཡོད་ཀྱང་དེ་དག་རྫོགས་ཚར་བ་རེད། ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྗེས་སུ་སྒུག་ཐོ་ཡོད་པ་མ་རེད། སྒུག་ཐོ་མེད་ན་བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ཡིན་བཞིན་པ་ཞིག་སྤྱི་འཐུས་ལས་ཐོག་སྐབས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ་ཉིན་ ༡༨༠ ཡི་ནང་ལོགས་ལ་དེའི་ཚབ་གསར་འོས་འདེམས་བྱས་ཚར་དགོས་ཡོད་ཅེས་གསལ་ཡོད་པ་རེད། འོན་ཀྱང་། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༥༡ པའི་ནང་གསེས་ ༢ པའི་ནང་སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་པ་ཞིག་ཡོད་པ་རེད། དེར་བརྟེན། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་སྤྱི་འཐུས་ཚོགས་གཞོན་མཆོག་ལ་བཀའ་འདྲི་ཞུས་ཡིན། གང་ཡིན་ཟེར་ན། སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུའི་སྐབས་སྤྱི་འཐུས་འཐོབ་རྒྱུར་བརྒྱ་ཆ་ ༣༣ དགོས་ཀྱི་ཡོད་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད” ཅེས་པ་སྐབས་དེའི་དྲིས་ལན་རེད། ངས་འགན་འཛིན་གྱི་ལན་འདེབས་ནང་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་རེད་ཅེས་གསུངས་དགོས་པའི་རྒྱུ་མཚན་གང་ཡིན་ཤེས་མ་སོང་ལ། རང་དབང་ཅན་གྱི་སྡེ་ཚན་ཞིག་གིས་འོས་བསྡུའི་ལས་དོན་བྱེ་བྲག་པ་ཞིག་ཁྲིམས་བཟོ་ལྷན་ཁང་ལ་བཀའ་འདྲི་ཞུས་པའི་གནད་དོན་ཅི་ཡིན་དེ་བས་ཀྱང་ཤེས་དཀའ་བར་གྱུར། སྤྱི་འཐུས་ལས་རྒྱུན་རིང་དང་། སྤྱི་འཐུས་ལས་ཐོག་སྐབས་ཞེས་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། གལ་ཏེ་བཅའ་ཁྲིམས་ལྟར་ན་སྤྱི་འཐུས་ལས་ཐོག་སྐབས་དགོངས་པ་ཞུས་ཤིང་དེར་སྒུག་ཐོ་ཡོད་ན་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོ་ནས་བསྐོ་གཞག་བྱ་རྒྱུ་ཡིན་ནམ་མིན། ཡིན་ན་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་རེད་ཅེས་གསུངས་དོན་ཅི་ལ་ཐུག་གམ། དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔོན་མ་ཞིག་གི་ནང་། འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་འགྱུར་བ་བཏང་སྟེ། སྤྱི་འཐུས་གང་རུང་ཞིག་གིས་རྩ་དགོངས་ཞུས་ཚེ་ཡང་བསྐྱར་འོས་བསྡུ་བྱེད་མི་དགོས་པར་ཨང་རིམ་བཞིན་སྤྱི་འཐུས་སུ་བསྐོ་བཞག་བྱེད་ཆོག་པ་བཟོས་ཡོད་རབས་འདུག ད་རེབ་དེ་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་སྐོར་ངོ་སྤྲོད་ཅིག་གནང་རོགས། ལན། “ ངས་གོང་དུ་ཞུས་པ་ལྟར། ད་རེབ་དེ་འགྲིག་གི་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཚོ་བདམས་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། ད་རེབ་དགོངས་པ་ཞུ་མཁན་ཁོ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཆགས་ཀྱི་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བསླེབ་རྒྱུར་བརྒྱ་ཆ་དེ་ལོན་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྒྲོལ་དཀར་ལྷ་མོ་ལགས་ཀྱི་ཚབ་གསར་དེའང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། བརྒྱ་ཆ་དེ་འདྲ་ལོན་མཁན་མ་བྱུང་བའི་དབང་གིས་བར་མའི་འོས་བསྡུ་བྱེད་དགོས་བྱུང་བ་རེད” ཅེས་ལན་འདེབས་གནང་འདུག
ད་ནི་དུས་བབ་འདོན་ཐེངས་རྗེས་མའི་སྐབས་ཀྱི་དྲི་བ་དྲིས་ལན་ཁག་དང་པོ། དྲི་བ། སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲོས་ཚོགས་གཉིས་པའི་སྟེང་། འོས་གྲངས་བརྒྱ་ཆ་ལོན་མི་དགོས་པར་འོས་གྲངས་མང་རིམ་རྩེ་གཏོག་བྱ་དགོས་ཞེས་བཀོད་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ས་རྟགས་བསྐྱོན་ཉིན་ནས་སྒྲིག་གཞི་གསར་པ་ལག་བསྟར་བྱེད་དགོས་པ་དང་། མདོ་སྨད་སྤྱི་འཐུས་གཅིག་གི་ས་མིག་དེ་སྐབས་བཅོ་ལྔ་པ་རང་ལ་ཐོན་པ་ཡིན་སྟབས། འོས་བསྡུ་སྔོན་མའི་ཁྲོད་མདོ་སྨད་འོས་གྲངས་བརྒྱ་ཆ་ལོན་མཁན་གཉིས་དེ་སྤྱི་འཐུས་སུ་བསྐོས་ཟིན་པའི་རྗེས་ཀྱི་འོས་གྲངས་མཐོ་ཤོས་དེ་ད་རེབ་རྩེ་བཏོག་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ལན། “ སྤྱིར་ཉེ་ལམ་འགན་འཛིན་མཆོག་གིས་གསལ་བོ་གསུངས་ཚར་ཡོད་ཀྱང་། ད་དུང་གསལ་བོ་ཆགས་དགོས་པ་ཞིག་ལ། སྔོན་ཆད་འོས་བསྡུའི་སྒྲིག་གཞིའི་ནང་བརྒྱ་ཆ་ ༣༣ ལོན་དགོས་པ་ཞིག་གསལ་ཡོད་ཀྱང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་གནང་སྟེ་མ་འོངས་པར་བརྒྱ་ཆ་ལོན་མི་དགོས་པ་བཟོས་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ལ་ ༢༠༡༡ ཟླ་ ༡༠ ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་མཚན་རྟགས་བསྐྱོན་ཟིན་འདུག ཉི་མ་དེ་ནས་བཟུང་ས་གནས་གྲོས་ཚོགས་དང་གཞིས་མགོ བོད་མི་མང་སྤྱི་འཐུས་སུ་ཞིག་ཡིན་རུང་སྒྲིག་གཞི་གསར་པ་གཞིར་བཟུང་འགྲོ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད” ཅེས་ལན་བསྐྱོན་འདུག འདི་ནི་འདོན་ཐེངས་སྔ་ཕྱི་གཉིས་ཀྱི་སྐབས་སུ་གནང་བའི་ལན་འདེབས་དག་རེད། ངས་དུས་བབ་གསར་ཁང་ལ་ཞུ་རྒྱུར། སྐབས་བཅོ་ལྔ་བའི་སྤྱི་འཐུས་བསླེབ་རྒྱུར་བརྒྱ་ཆ་ ༣༣ ལོན་དགོས་པ་དང་། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་མ་འོངས་པར་སྤྱི་འཐུས་བསླེབ་རྒྱུར་བརྒྱ་ཆ་ལོན་མི་དགོས་པ་བཟོས་པའི་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པ་གསལ་འདྲི་གནང་མེད་པའི་ཐད་བློ་ཕམ་ཡོད། སྔོན་ཆད་ཨང་རིམ་བཞིན་སྤྱི་འཐུས་སུ་བསྐོ་བཞག་བྱེད་ཆོག་པ་བཟོས་ཡོད་པ་དང་། ད་རེབ་སྲིད་སྐྱོང་མཆོག་གིས་ས་རྟགས་བསྐྱོན་ཉིན་ནས་ཨང་རིམ་བཞིན་འགྲོ་མ་ཐུབ་པའི་རྒྱུ་མཚན་ཞིག་བཤད་འདུག་ཀྱང་ཕྱི་གསལ་ནང་གསལ་མིན་པས་ལྐོག་གསང་ཆེ་བའི་ལན་ཞིག་རེད།
འདོན་ཐེངས་སྔ་མའི་སྐབས་ཀྱི་དྲི་བ་དྲིས་ལན་ཁག་གཉིས་པ། དྲི་བ། གལ་སྲིད་ཡང་བསྐྱར་འོས་བསྡུ་གནང་བ་ཡིན་ན། འོས་བསྡུའི་འགན་འཛིན་ལས་འཕར་གསར་པ་བསྐོ་དགོས་མིན་དང་འོས་བསྡུའི་འགྲོ་སོང་སོགས་གང་འདྲ་ཡོད། ལན། “ བར་མའི་འོས་བསྡུ་བྱེད་པར་སྤྱི་འཐུས་རྣམ་པ་ཡིན་ན་འདྲ་ལ་སྲིད་སྐྱོང་ཡིན་ནའང་འདྲ། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ་རེད། འོས་བསྡུ་ལ་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། འགྲོ་སོང་སྒོར་འབུམ་ ༢༡ ཙམ་རེད། གང་ཡིན་ཟེར་ན་འགན་འཛིན་ལས་འཕར་གཉིས་ལ་ཕོག་རྒྱག་དགོས་པ་རེད། འགན་འཛིན་ལས་འཕར་གཉིས་ཀྱི་དུས་ཡུན་དེ་འོས་བསྡུའི་སྒྲིག་གཞིའི་ནང་། འོས་བསྡུའི་དངོས་གཞི་མགོ་བཙུགས་པ་ནས་མཐའ་མའི་འོས་ཐོབ་གསལ་བསྒྲགས་མ་བྱས་བར” ཞེས་དང་། འདོན་ཐེངས་རྗེས་མའི་སྐབས་ཀྱི་དྲི་བ་དྲིས་ལན་ཁག་གཉིས་པ། དྲི་བ། ཉེ་ཆར་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འོས་བསྡུ་ལྷན་ཁང་ལ་མཛད་དཀའ་ཡོད་ན་ཁོ་རང་དགོངས་པ་ཞུ་ཆོག་ཚུལ་དང་། གནས་ཚུལ་ཁག་ཅིག་སྤྱི་ཟླ་ ༣ པའི་གྲོས་ཚོགས་ནང་གསལ་བོ་མ་ཆགས་བར་ད་རེབ་བར་མའི་འོས་བསྡུ་དེ་ཕྱིར་འགྱངས་བྱེད་དགོས་སྐོར་བཀོད་པ་དེ་ག་རེ་རེད། ལན། “ ཁོང་གིས་དགོངས་པ་ཞུ་དང་མི་ཞུ་སྐད་ཆ་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་རང་སྒུག་ཐོའི་ནང་བསླེབས་ཡོད་པ་མ་རེད་ལ། འོས་བསྡུའི་སྒྲིག་གཞིའི་ནང་། འོས་བསྡུ་སྔོན་མའི་འོས་གྲངས་མང་རིམ་རྩེ་བཏོག་ཟེར་བ་དེས་ཀྱང་ཁྱབ་ཐུབ་ཀྱི་ཡོད་པ་མ་རེད། ཀླུ་མཁར་བྱམས་ཁོ་རང་སྒེར་ལའང་ང་ཚོས་གསལ་བཤད་ཡི་གེ་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད། སྤྱི་ཚོགས་ནང་ཐེངས་འདིའི་བར་མའི་འོས་བསྡུར་འགྲོ་སོང་འབུམ་ཉི་ཤུ་ཞིག་ལབ་ཀྱི་ཡོད་པ་དེ་ཡང་ཏག་ཏག་བསྡད་ཡོད་པ་མ་རེད། འོས་བསྡུ་ཆེན་མོ་དང་བར་མའི་འོས་བསྡུ་གཉིས་ཀྱི་འགྲོ་སོང་འདྲ་ཡི་མ་རེད། དབུས་གཙང་སྤྱི་འཐུས་གཉིས་ཀྱི་བར་མའི་འོས་བསྡུའི་སྐབས་ལ་ཧིན་སྒོར་ ༨༦༡༠༠༩ ཙམ་ལས་ཕྱིན་ཡོད་པ་མ་རེད། ད་རེབ་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་ལའང་ཕལ་ཆེར་འབུམ་བདུན་བརྒྱད་ཅིག་ཡིན་རྒྱུ་རེད” ཅེས་སྔ་རྗེས་གཉིས་ཀྱི་དྲིས་ལན་འདི་དག་ལ་ལྟོས་དང་། ངེད་ཅག་ལ་རྣམ་རྟོག་དང་དོགས་བློ་གསར་བ་ཞིག་རང་བཞིན་གྱིས་སྐྱེས་བཅུག་སོང་། དྲི་བ་སྔོན་མའི་ལན་དུ། “ འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ་རེད། འོས་བསྡུ་ལ་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། འགྲོ་སོང་སྒོར་འབུམ་ ༢༡ ཙམ་རེད།” ཅེས་དང་། དྲི་བ་རྗེས་མའི་ལན་ཞོར་དུ། “སྤྱི་ཚོགས་ནང་ཐེངས་འདིའི་བར་མའི་འོས་བསྡུར་འགྲོ་སོང་འབུམ་ཉི་ཤུ་ཞིག་ལབ་ཀྱི་ཡོད་པ་དེ་ཡང་ཏག་ཏག་བསྡད་ཡོད་པ་མ་རེད། འོས་བསྡུ་ཆེན་མོ་དང་བར་མའི་འོས་བསྡུ་གཉིས་ཀྱི་འགྲོ་སོང་འདྲ་ཡི་མ་རེད།” ཅེས་རང་ཉིད་ཀྱིས་གསུང་ལན་བསྐྱོན་པ་རང་ཉིད་ཀྱིས་འགན་འཁུར་དགོས། སྤྱི་ཚོགས་ཐོག་འབུམ་ཉི་ཤུ་ལབ་ཀྱི་ཡོད་པ་ཏག་ཏག་བསྡད་མེད་ནའང་ཐོག་མའི་ཆར་འབུམ་ཉི་ཤུ་གསུང་མཁན་སྐུ་ཉིད་ཡིན་པ་ལས་མང་ཚོགས་དཀྱུས་མ་མ་རེད། གཞན་ཡང་ཁོང་གིས། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། ཅེས་དང་། འོས་བསྡུ་ཆེན་མོ་དང་བར་མའི་འོས་བསྡུ་གཉིས་ཀྱི་འགྲོ་སོང་འདྲ་ཡི་མ་རེད། ཅེས་སྔ་མར་བརྟག་པ་མཐའ་བཟུང་གི་ཚུལ་དུ་སྨོས་པ་དང་། ཕྱི་མར་ཐག་ཆོད་པའི་ལམ་ནས་སྨྲས་པ་སོགས་འགན་འཁྲི་མེད་པའི་བྱུང་རྒྱལ་དུ་སྨྲ་བ་ཞིག་ཏུ་འཁུམས་སོ།།
བཅའ་ཁྲིམས་ནང་གང་གསལ་བ་ལས་གཞན་མང་པོ་བཤད་ན་ཕན་ཕོགས་མེད།
དཔལ་ལྡན་ལགས་ཀྱིས་དཔྱད་བསྡུར་ཡག་པོ་གནང་འདུག བཀའ་དྲིན་ཆེ། གང་ལྟར་ཐེངས་འདིའི་འོས་བསྡུས་འདིས་མདོ་སྨད་མི་དམངས་ཙམ་མ་ཡིན་པར་མི་དམངས་དབྱིངས་ལ་བློ་མ་བདེ་བ་ཞིག་དང་རྣམ་རྟོག་ཆེན་པོ་ཞིག་བཟོས་སོང་ལ། ཐེངས་འདིར་འོས་བསྡུས་ལྷན་ཁང་གིས་དྲང་པོ་བྱས་མ་སོང་ཟེར་མཁན་ཉུང་ཉུང་མ་རེད། དེར་བརྟེན་མི་ལས་དགུ་ལས་བྱས་ན་མི་འབྱུང་དགུ་འབྱུང་ཟེར་བ་བཞིན་བྱེད་སྟངས་འདི་ལ་བརྟེན་ནས་གླེང་རྙོག་སྣ་མང་དང་མི་འདོད་པའི་འགལ་རྐྱེན་ཡང་འབྱུང་མི་སྲིད་པ་མིན་པས་ཁྲིམས་ཞིབ་ལྷན་ཁང་གིས་དྲང་བདེན་གྱི་ཐག་གཅོད་ཅིག་ངེས་དུ་གནང་དགོས་པར་འདོད།