ཉེ་ཆར་བོད་ནང་གཉེན་འཕྲད་དུ་སྐྱོད་མཁན་ཞིག་གི་མཐོང་ཐོས་བརྗོད་པ་ལྟར་ན། དེང་སྐབས་བོད་ནང་གི་འཛུགས་སྐྲུན་དང་དགོས་མཁོའི་ཡོ་བྱད་སོགས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་ནང་བསམ་བློའི་གནས་སྟངས་སྐྱོ་བོ་ཡིན་པའི་མཐོང་སྣང་བྱུང་སོང་ཟེར།
ཉེ་ལམ་གསར་འགོད་པས་འདི་ལོའི་ཕྱི་ཟླ་ ༥ པའི་ནང་བོད་ནང་གཉེན་འཕྲད་དུ་ཕྱིན་ཏེ་ཕྱིར་རྒྱ་གར་ནང་ལོག་སྟེ། ད་ལྟ་ངྷ་རམ་ས་ལར་བསྡད་ཡོད་ཅིང་ཕ་ཡུལ་མདོ་སྨད་བླ་བྲང་ཕྱོགས་ནས་ཡིན་པའི་བུ་མོ་བསྟན་འཛིན་ཆོས་དབྱངས་ལགས་སུ། བོད་ནང་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་སྐོར་ལ་བཅར་འདྲི་ཞུས་ཡོད། ཁོ་མོ་ཐེངས་འདིར་བོད་ནང་ཕྱིན་ཏེ་ཟླ་ ༣ ཙམ་རིང་བསྡད་ཡོད་པ་དང་། མདོ་སྨད་ཕྱོགས་ཀྱི་རྨ་ལྷོ་སོག་རྫོང་དང་རྨ་ཆུ། མགོ་ལོག རྔ་པ། རེབ་གོང་། གཅན་ཚ། བ་ཡན། ཆབ་ཆ། མང་ར་རྫོང་། སྐུ་འབུམ། སྟག་འཚེར་སོགས་སུ་ཕྱིན་ཡོད་འདུག
བསྟན་འཛིན་ཆོས་དབྱངས་ལགས་ ༢༠༠༠ ལོར་རྒྱ་གར་ནང་ཐོག་མ་ཡོང་སྐབས་དང་བསྡུར་ན་དེང་སྐབས་བོད་ནང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དང་། མོ་རང་སྐྱོད་སའི་བོད་པའི་ས་ཁུལ་ཁག་ཏུ་རྒྱ་གཞུང་གིས་གཞུང་ལམ་འཛུགས་སྐྲུན་དང་སྡོད་ཁང་གསར་རྒྱག དེ་བཞིན། ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་ཡར་རྒྱས་ཆེན་པོ་བཏང་ཡོད་པ་མ་ཟད། མི་མང་རང་ངོས་ནས་ཀྱང་དཔལ་འབྱོར་གྱི་གནས་སྟངས་ཡག་ཏུ་ཕྱིན་ཏེ། ཟས་གོས་དང་འགྲོ་འདུག་སྤྱོད་གསུམ་ཐོག་འཕོ་འགྱུར་ཆེན་པོ་ཕྱིན་ཡོད་པའི་མྱོང་ཚོར་བྱུང་འདུག
གནས་སྟངས་གཞན་ཞིག་ནི། བོད་པའི་ཁྱིམ་ཚང་མང་པོ་ཞིག་རྒྱ་གཞུང་གིས་བཙན་དབང་གིས་གྲོང་ཁྱེར་དུ་གནས་སྤོ་བྱེད་བཅུག་པ་དང་། བོད་པ་རང་ངོས་ནས་གྲོང་ཁྱེར་དུ་གཞིས་སྤོ་བྱས་པ་སོགས་ཀྱིས། བོད་པའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དང་། ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ལ་འགྱུར་བ་ཐེབས་ཡོད་པ་དང་། འབྲོག་ཕྱོགས་སུ་རྒྱ་གཞུང་གིས་རྩྭ་ས་བགོ་འགྲེམས་དང་ཕྱུགས་ཟོག་ཚོད་འཛིན་བྱས་ཏེ་འབྲོག་པའི་ཕྱུགས་ཟོག་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། འབྲོག་པ་ཚོས་ཀྱང་རོང་པའི་འཚོ་བ་སྐྱེལ་སྟངས་མང་པོ་ཞིག་ལག་ལེན་མི་བྱེད་ཀ་མེད་ཆགས་ཡོད་པ་མ་ཟད། ཤ་མར་སོགས་ཀྱང་ཁྲོམ་ནས་ཉོ་དགོས་པའི་གནས་སྟངས་མཐོང་རྒྱུ་འདུག་ཟེར།
ཁོ་མོས་བོད་ནང་གི་བོད་མི་ཚོའི་ཕྱི་དངོས་པོ་དང་ནང་བསམ་བློའི་ཧེ་བག་སྐོར་ནས་གླེང་དོན། “ དེང་སྐབས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། མི་ཚང་མ་ཕྱུག་པོ་ཆགས་འདུག་ལབ་ན་མ་འགྲིག་པ་མི་འདུག སྒོར་མོ་བེད་སྤྱོད་གཏོང་སྟངས་དང་གྱོན་ཆས་སོགས་ལ་བལྟས་ན་ཧང་སང་དགོས་པ་ཞིག་རེད། དེང་སྐབས་བོད་མི་མང་པོ་ཞིག་རྒྱ་ནག་བྱང་རྒྱུད་ཀྱི་གྲོང་ཁྱེར་ཆེ་ཁག་དང་། ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྤྲོ་འཆམ་ལ་འགྲོ་མཁན་མང་པོ་འདུག ཡིན་ནའང་ནང་བསམ་བློའི་ཕྱོགས་ནས་ད་དུང་ཡར་རྒྱས་ཆེན་པོ་འགྲོ་ཐུབ་ཀྱི་མི་འདུག བོད་པ་ནང་ཁུལ་འཁྲུག་འཛིང་དང་ཕྲག་དོག་འགྲན་རྩོད་ཤུགས་ཆེན་པོ་འདུག་ལ། སྐད་ཆ་བཤད་སྟངས་ཀྱང་ཧ་ཅང་སྐྱོ་བོར་མཐོང་སོང” ཞེས་བརྗོད་བྱུང་།
ཁོང་མོས་བོད་ནང་གི་དགོན་སྡེ་ཁག་གི་མཐོང་ཐོས་བརྗོད་དོན། “ ང་རང་བླ་བྲང་དང་རྔ་པ། བྱ་ཁྱུང་། སྐུ་འབུམ། རོང་བོ་དགོན་ཆེན་སོགས་སུ་ཕྱིན་པ་ཡིན། གྲྭ་བའི་གྲངས་འབོར་ཧ་ཅང་མང་པོ་འདུག ཡིན་ནའང་བསླབ་པ་སློབ་གཉེར་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་མེད་འགྲོ་བསམ་པ་ཞིག་བྱུང་སོང་། གང་ཡིན་ཟེར་ན་གྲྭ་བའི་ཁྲོད་དུ་དབྱར་རྩྭ་དགུན་འབུའི་ཚོང་རྒྱག་མཁན་དང་། རླངས་འཁོར་དང་སྦག་སྦག་གི་ཚོང་རྒྱག་མཁན། མངོན་གསལ་དོད་པོས་ཚོང་ཁང་དང་ཟ་ཁང་བཟུང་ཡོད་པའང་མང་པོ་མཐོང་སོང་། གྲྭ་བ་ཚོའི་བཞུགས་ཤག་ཏུ་བརྙན་འཕྲིན་དང་གློག་ཀླད། ལག་ཐོག་ཁ་པར་སོགས་དེང་གི་གྲོང་ཁྱེར་ནང་གི་མི་ལས་ལྷག་པ་འདུག དེ་དག་གི་རྒྱུ་ཆ་དང་ཚོང་རྟགས་ཀྱང་སྐད་གྲགས་ཅན་རྐྱང་རྐྱང་རེད། ” ཅེས་བརྗོད་སོང་།
བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་བོད་ནང་གི་ཤེས་ཡོན་སློབ་གསོའི་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་སྐོར་བརྗོད་པ་ལྟར་ན། དེང་སྐབས་ཕྲུ་གུ་སློབ་གྲྭར་མ་བཏང་ཚེ་ནང་མིར་ཉེས་ཆད་གཅོད་པ་དང་། དམའ་འབྲིང་(འཛིན་གྲྭ་བཅུ་པ།)སློབ་མཐར་ཕྱིན་པའི་བར་དུ་སློབ་ཡོན་སྤྲོད་མི་དགོས་སྟབས་ཕྲུ་གུ་སློབ་གྲྭར་སྐྱོད་མ་མྱོང་མཁན་ཧ་ལམ་མེད་པ་དང་། བོད་ཡིག་རྒྱ་ཡིག་ཙམ་མིན་པར། སློབ་གྲྭ་ཁག་ནང་དབྱིན་ཡིག་དང་གློག་ཀླད་སོགས་ཀྱང་ཤུགས་ཆེན་པོ་འཁྲིད་སྤེལ་བྱེད་ཀྱི་ཡོད་སྟབས་གཞོན་སྐྱེས་ཁྲོད་དབྱིན་ཡིག་ཤེས་མཁན་མང་པོ་ཡོད་པ་དང་། དབྱིན་ཡིག་དང་གློག་ཀླད་བརྒྱུད་འཛམ་གླིང་གི་གནས་ཚུལ་ཡང་གང་ལ་གང་འཚམ་ཤེས་ཐུབ་ཀྱི་ཡོད་འདུག
ཡང་ཁོ་མོར་བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་མིར་ལྟ་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོ་མོས། “ ངས་ཐེངས་འདིར་བོད་ནང་གི་ཤེས་ཡོན་པ་དང་གྲྭ་བ། མི་མང་དཀྱུས་མ། སློབ་ཕྲུག་བཅས་མི་མང་པོ་ཞིག་ལ་ཁ་བརྡ་བྱས་པ་ཡིན། དངོས་ཡོད་གནས་ཚུལ་བཤད་པ་ཡིན་ན། བོད་ནང་གི་བོད་མི་ཚོས་ཕྱི་ལོགས་ལ་རེ་བ་རྒྱག་གི་མི་འདུག འདིའི་ཐད་ནས་མི་འགའ་རེ་ལ་ཁ་རྩོད་ཀྱང་བརྒྱབ་མྱོང་ཡོད། ‘ཁྱོད་རང་ཚོས་གཅིག་ཀྱང་འཇོན་གྱི་མི་འདུག ཁྱོད་ཚོ་༧རྒྱལ་བ་རིན་པོ་ཆེ་ལ་བརྟེན་བསྡད་ཡོད་པ་རེད། ཁྱོད་ཚོས་རང་ཁ་རང་གསོ་ཙམ་ཡང་ཐུབ་ཀྱི་མི་འདུག་ཟེར’ ཅེས་བརྗོད་སོང་། ཡང་རེ་ཟུང་གིས། ‘ཁྱོད་ཚོ་རང་དབང་ལུང་པ་ནས་སྐད་འབོད་རྒྱག་རྒྱུ་ལས་གཅིག་ཀྱང་འཇོན་གྱི་མི་འདུག ང་ཚོས་བོད་ནང་འཐབ་རྩོད་མ་བྱས་པ་ཡིན་ན་བོད་དོན་ཟེར་བ་དེ་ཕལ་ཆེར་མེད་པ་ཆགས་འགྲོ་ས་རེད’ ཅེས་རྗོད་མཁན་ཡང་བྱུང་སོང་ལ། ཕྱི་ལོགས་ནས་ཆབ་སྲིད་ལས་འགུལ་འདྲ་མིན་སྤེལ་ཏེ་བོད་ནང་གནོད་སྐྱེལ་གྱི་འདུག་ཟེར་མཁན་ཡང་བྱུང་སོང་། སྤྱིར་བཏང་འདི་མི་གཅིག་གཉིས་ཀྱི་སྐད་ཆ་ཡིན་ཡང་། སྤྱི་ཡོངས་ནས་བལྟས་ཀྱང་དེང་སྐབས་བོད་ནང་གི་བོད་མི་ཚོས་ཕྱི་ལོགས་ལ་རེ་བ་ཆེན་པོ་རྒྱག་གི་མེད་པ་དངོས་ཡོད་གནས་སྟངས་རེད་བསམ་བསམ་ཞིག་བྱུང་སོང་། ” ཞེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
སྐད་ཆ་སྙན་པོ་བཤད་པ་ཕན་ཐོགས་མེད།ཉེར་ཆར་ཚོགས་གཙོ་སྤེན་པ་ཚེ་རིང་དང་རྒྱ་རི་སྒྲོལ་མ་བཀའ་མོལ་གཙུང་བའི་རྐྱེན་སྦེ་ཇམ་ནང་བོད་མི་སྐྱབས་བཅོལ་བ་༤༠ཙམ་ནག་པོ་ཆགས་ཡོད་པ་དངོས་ཡོད་རེད་འདུག
བོད་གཞུང་ལོག་གཏོང་བའི་མི་དེ་དག་དབུལ་པོ་ཡིན་པ་བཤད་པ་ལས་དངོས་ཡོད་གང་འདྲའི་ཡིན་པ་མི་ཚང་མས་མཐོང་གསལ་རེད།
ཁ་བཤད་རྡ་རམ་ས་ལ་ཁང་གླ་སྤྲོད་མ་ཐུབ་པ་འུ་ཐུག་གི་བོད་ནང་ལོག་ཐབས་བྱེད་ཀྱི་འདུག
ད་དུང་ཁ་ཤས་སྤ་སེ་སྤྲད་ནས་བོད་ནང་ལོག་རྒྱུར་ཡོད་སྐད།
བོད་ནང་ལོག་ནས་ཕྱི་རྒྱལ་ལ་བསྐྱོད་ཐུབ་ན་ཡག་བ་ཡོད་མི་འགྲོ
ཚོགས་གཙོ་མཆོག་དང་རྒྱ་རི་སྒྲོལ་མ་ཁོང་རྣམས་པས་དང་འབྲེལ་སྤུན་ཉེར་ག་པ་འདུག་མི་མང་གི་ཧ་གོ་དགོས་ཀྱི་འདུག
འགན་མ་ཁུར་པ་གཏམ་བཤད་སྤེལ་བར་དེ་ཕན་ཐོག་བ་ལས་གནོད་པ་མང་བ་འདུག་སྙམ
ཕྱི་ལོག་ནས་བོད་ནང་ལ་རེ་བ་རྒྱབ་ནས་ད་བར་དུ་བསྡད་པ་རེད། བོད་ནང་གི་བོད་མི་མང་ཤོས་ཀྱིས་དབུ་མའི་ལམ་ཟེར་བ་དེ་གོ་ཡང་མྱོང་ཡོད་རྒྱུ་མ་རེད། ཡིན་ཡན་བོད་རང་བཙན་ཟེར་བ་དེ་གཙང་སྤྱོད་ནང་གི་གྱང་ངོས་དང་། ལམ་བར་གྱི་རྩིགས་ངོས། རི་མགོའི་ཕ་བོང་སོགས་ལ་བརྐོས་ཡོད་པ་ཡང་རེ་བ་རྒྱབ་མ་མྱོང་བའི་རྟགས་མིན་ནས།
དེང་སང་བོད་དུ་སྐྱོད་མཁན་གང་མང་འདུག ཡིན་ཡང་མང་པོ་ཞིག་གི་ཕ་ཡུལ་ཁོ་ནའི་ཁོར་ཡུག་ལས་ཅི་ཡང་མ་མཐོང་བར་ལོག་ཡོང་གི་ཡོད་པ་རེད། ལྷག་པར་དུ་རིན་ཐང་ཅན་གྱི་ཁ་བརྡ་ཡག་པོ་རེ་ཡང་བྱས་མེད་པར་ཡོང་མཁན་ཡང་འདུག
སྤྱི་ཚོགས་མེ་ལོང་ནང་དུ་བོད་དུ་སྐོར་བརྒྱབ་ནས་ཡོང་མཁན་ཁག་ཅིག་ལ་བཅར་འདྲི་བྱས་པའི་གནས་ཚུལ་རེ་འགོད་ཀྱིན་ཡོད། བཅར་འདྲི་དང་ལེན་བྱེད་མཁན་ཡང་ལ་ལ་ཞིག་ལས་མི་འདུག་ལ། བོད་ནང་གི་ཕྱོགས་གང་སར་དོ་སྣང་བྱས་ཡོད་མཁན་ཧ་ཅང་ཉུང་གི
བོད་དུ་སྐྱོད་མཁན་ཚོས་འདི་ཕྱོགས་ཀྱི་གནས་སྟངས་ངོ་མ་ཕར་ངོ་སྤྲོད་དང་ཕར་གྱི་གནས་སྟངས་ཀྱང་རྒྱུས་ལོན་རེ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གོང་གི་བཅར་འདྲི་ལ་དོན་སྙིང་འདུག ས་ཕྱོགས་མི་འདྲ་བ་སོ་སོར་གནས་སྟངས་ཀྱང་ཅུང་མི་འདྲ་བ་ཡོད་ངེས་རེད། འབྲེག་ཁུལ་ཡིན་ན་ད་དུང་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་འགྲོ་གིན་མེད་པ་མང་གི་ཟེར།
ད་ཡག་པོ་ཞེ་དྲག་རེད། རང་ཉིད་རང་གི་མགོན་ཡིན་པ་ར་འཕྲོད་ཡོད་པས་རེད། བོད་ལ་རེ་བ་ཆེན་པོ་འདུག