བལ་ཡུལ་གྲོས་ཚོགས་ནང་ཁྱོན་འཐུས་མི་ ༦༠༡ ཙམ་ཡོད་པ་ལས། ཁ་སང་འཐུས་མི་ངོ་ཡོད་ ༥༥༣ ཙམ་གྱིས་མང་མོས་འོས་འདེམས་བྱས་ཏེ། བལ་ཡུལ་ཀོང་རེ་སེ་དང་བལ་ཡུལ་མཱ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པ་གཉིས་ཀྱི་སྲིད་བློན་འོས་མི་སོ་ཤེལ་ཀོ་རེ་ལཱ་( Susshil Koirala)ཞེས་པར། འཐུས་མི་ ༡༤༨ ཀྱིས་དགག་བྱ་དང་འཐུས་མི་ ༤༠༥ ཡིས་རྒྱབ་སྐྱོར་ཐོབ་སྟེ་སྲིད་བློན་དུ་བསྐོ་བཞག་བྱུང་ཡོད་པ་དང་། འདི་ནི་སོ་ཤེལ་ཀོ་རེ་ལཱའི་ཁྱིམ་བརྒྱུད་ཀྱིས་བལ་ཡུལ་གྱི་སྲིད་བློན་གོ་གནས་བཟུང་བ་ཐེངས་བཞི་པ་དེ་ཆགས་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་བསྐོ་བཞག་བྱུང་མ་ཐག རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། རྒྱལ་སྤྱིའི་ཚོགས་སྡེ་ཁག་བཅས་ཀྱིས་སྲིད་བློན་གསར་པར་འཚམས་འདྲི་ཞུས་ཡོད་པ་དང་། བལ་ཡུལ་ནང་གང་མགྱོགས་རྩ་ཁྲིམས་གཏན་འབེབས་བྱས་ཏེ་སྲིད་གཞུང་སྲ་བརྟན་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་བརླིང་ཡོང་ཐབས་བྱེད་དགོས་པ་དང་། རྒྱལ་ཁབ་སོ་སོའི་ངོས་ནས་བལ་ཡུལ་དང་འབྲེལ་ལམ་བཟང་དུ་བཏང་སྟེ་བལ་ཡུལ་གྱི་དཔལ་འབྱོར་བསྐྱར་གསོའི་ཐོག་ནུས་པ་འདོན་རྒྱུ་ཡིན་སྐོར་བརྗོད་འདུག
སོ་ཤེལ་ཀོ་རེ་ལཱ་སྲིད་བློན་དུ་བདམས་ཐོན་བྱུང་རྗེས་ཁོང་གིས་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ། “ སྲིད་གཞུང་གིས་ལོ་གཅིག་ནང་ཚུད་དུ་རྒྱལ་ཁབ་གྱི་རྩ་ཁྲིམས་གཏན་འབེབས་བྱས་ཏེ། མི་མང་གི་མངོན་འདོད་བསྒྲུབ་ཐུབ་པའི་གཞུང་སྲ་བརྟན་ཞིག་འཛུགས་རྒྱུ་ཡིན་པ་མ་ཟད། བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་བར་ཐབས་ལམ་སྣ་ཚོགས་བརྒྱུད་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་’’ཞེས་བརྗོད་འདུག
ཧི་མ་ལ་ཡའི་རྒྱལ་བརྒྱུད་རྒྱལ་ཁབ་བལ་ཡུལ་ནང་ ༡༩༩༦ ལོ་ནས་བཟུང་དཔལ་འབྱོར་དང་ཆབ་སྲིད་དཀའ་ངལ་འཕྲད་དེ་ཡུལ་བདེ་ཞི་འཇགས་མེད་པ་དང་། ལྟ་བ་ལངས་ཕྱོགས་མི་འདྲ་བའི་ཆབ་སྲིད་ཚོགས་པ་ཁག་གི་བར་དབང་ཆའི་འཐབ་རྩོད་ཤུགས་ཆེན་བྱུང་ཡོད་ཅིང་། ༢༠༠༡ ལོར་བལ་བོའི་རྒྱལ་པོ་ལྐོག་གསོད་བྱས་ཏེ་ལོ་ངོ་ ༢༤༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱལ་པོའི་རིང་ལུགས་ཀྱི་རྒྱལ་ཁབ་རྩ་མེད་བཏང་རྗེས། རྒྱལ་ཁབ་ནང་ངོ་རྒོལ་དང་མི་གསོད་དོན་རྐྱེན་བསྟུད་མར་བྱུང་ཡོད་པ་མ་ཟད། ཉེས་མེད་མི་སེར་མང་པོ་དམར་གསོད་དང་བཙོན་འཇུག་སོགས་བྱས་ཏེ་ལོ་ངོ་བཅུ་གྲངས་ལྷག་བསྐྱལ་ཡོད།
༢༠༠༨ ལོར་པཱར་ཅན་ཐཱ་ཡིས་མགོ་ཁྲིད་པའི་བལ་ཡུལ་མའོ་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ཡོད་པ་དང་། ཁོས་ ༢༠༡༣ ལོའི་ཚུན་ལ་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན་སྐོར་ཁས་ལེན་བྱས་ཡོད་ཀྱང་། མའོ་དམར་ཤོག་གཞུང་གིས་ཆབ་སྲིད་སྒེར་གཅོད་དང་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་ཐུབ་མེད་པ་བཅས་ལ་བརྟེན་ཏེ། ཆབ་སྲིད་ཚོགས་པ་ཁག་དང་མི་མང་གིས་སྔ་ཕྱིར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༩ ཉིན་བལ་ཡུལ་རྒྱལ་ཡོངས་འོས་བསྡུ་བྱས་པ་བརྒྱུད་འཐུས་མི་ ༦༠༡ ལས་གྲུབ་པའི་བལ་ཡུལ་གྲོས་ཚོགས་འཛུགས་ཐུབ་པ་བྱུང་ཡོད།
བལ་ཡུལ་རྒྱལ་ཡོངས་འོས་བསྡུའི་ཁྲོད་བལ་ཡུལ་ཀོང་རེ་སེ་ཚོགས་པར་འཐུས་མི་ ༡༩༦ ཐོབ་ཡོད་པ་དང་། བལ་ཡུལ་མ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པར་འཐུས་མི་ ༡༧༥ ། བལ་ཡུལ་མའོ་དམར་ཤོག་ཚོགས་པར་འཐུས་མི་ ༨༠། ཀ་ཐ་མན་ཀྲུའི་རྒྱལ་རྒྱུད་ཚོགས་པར་འཐུས་མི་ ༢༦། མ་དྷེ་ཤི་ཚོགས་པར་འཐུས་མི་ ༦༠། གཞུང་གི་ཐད་བསྐོས་འཐུས་མི་ ༢༦། དེ་མིན་ཆབ་སྲིད་ཚོགས་པ་ཆུང་ཁག་ལ་འཐུས་མི་ ༣༨ བཅས་ཐོབ་ཡོད་ཀྱང་། ཆབ་སྲིད་ཚོགས་པ་གང་ལའང་གྲོས་ཚོགས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ལོན་མེད་སྟབས། ཆབ་སྲིད་ཚོགས་པ་གཉིས་སམ་གསུམ་མཉམ་རུབ་ཀྱིས་གཞུང་འཛིན་རྒྱུའི་ཐག་གཅོད་བྱས་ཡོད།
འདས་པའི་ཟླ་གསུམ་རིང་བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཁེལ་ར་ཇཱ་ (Khil Raj Regmi)ལགས་ཀྱིས་བར་བརྒལ་གཞུང་འཛིན་སྐྱོང་བྱས་ཡོད། ཉེ་ལམ་བལ་ཡུལ་ཀོང་རེ་སེ་ཚོགས་པ་དང་བལ་ཡུལ་མ་ཁེ་སེ་ལེ་ཉཱིན་ཚོགས་པ་གཉིས་ཀྱིས་གྲོས་མོལ་བརྒྱུད་དོན་ཚན་ ༧ ཡོད་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་དང་། ཚོགས་པ་གཉིས་ཐུན་མོང་ཐོག་སོ་ཤེལ་ཀོ་རེ་ལཱ་ཞུ་བ་སྲིད་བློན་འོས་མིར་མིང་འདོན་བྱས་ཡོད་པ་དེར། ཐེངས་འདིར་གྲོས་ཚོགས་འཐུས་མི་ ༤༠༥ ཡིས་རྒྱབ་སྐྱོར་ཐོབ་སྟེ་མང་མོས་ཐོག་སྲིད་བློན་དུ་བསྐོ་བཞག་བྱུང་ཡོད་ཅིང་། ཚོགས་པ་འདི་གཉིས་མཉམ་རུབ་ཐོག་ ‘རྒྱལ་ཡོངས་ཆིག་སྒྲིལ་སྲིད་གཞུང’ ཞེས་པ་གསར་འཛུགས་བྱས་ཏེ། རྩ་ཁྲིམས་གཏན་འབེབས་ཀྱིས་ལོ་གཅིག་ནང་ཚུད་དུ་སྲིད་འཛིན་བགྲེས་གཞོན་སོགས་འོས་འདེམས་བྱ་རྒྱུ་ཡིན་འདུག
ཆབ་སྲིད་དཔྱད་བརྗོད་པ་ཚོས། ཀོང་རེ་སེ་ཚོགས་པས་བལ་ཡུལ་མ་ཁེ་སེ་ལེ་ཉཱིན་ཚོགས་པ་དང་མཉམ་རུབ་ཐོག་བལ་ཡུལ་གཞུང་འཛིན་རྒྱུ་ཡིན་སྟབས། ཚོགས་པ་གཉིས་ཀྱི་ལྟ་བ་མ་འདྲ་བའི་དབང་གིས་གཞུང་སྲ་བརྟན་ཐོག་དཀའ་ངལ་འཕྲད་རྒྱུ་ཡིན་པ་མ་ཟད། དུས་ཐོག་ཏུ་རྩ་ཁྲིམས་གཏན་འབེབས་ལ་འགོག་རྐྱེན་འཕྲད་ངེས་ཡིན་པ། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཐོག་སྲིད་བྱུས་འཛིན་སྟངས་གཅིག་གྱུར་འབྱུང་དཀའ་བ་སོགས་བརྗོད་འདུག ལྷོ་ཤར་ཨེ་ཤ་ཡའི་ཕྱི་འབྲེལ་སྲིད་ཇུས་ཆེད་མཁས་པ་ནེ་ཤེ་ཅལ་ (Dr. Nishchal Pandey)ལགས་ཀྱིས། བལ་ཡུལ་གྱི་མཉམ་སྡེབ་སྲིད་གཞུང་ནི་དམངས་དང་གུ་ཡངས་གཙོ་བོར་འཛིན་མཁན་ཀོང་རེ་སེ་ཚོགས་པ་དང་། སྒེར་གཅོད་དང་དྲག་ཤུགས་ལ་དགའ་མཁན་མཱར་ཁེ་སེ་དམར་ཤོག་ཚོགས་པ་གཉིས་ཀྱིས་འཛིན་སྐྱོང་བྱེད་དགོས་པ་ཞིག་ཆགས་ཡོད་སྟབས། ལྟ་གྲུབ་དང་དམིགས་ཡུལ་མི་འདྲ་བའི་དབང་གིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་བདེ་ཡོང་རྒྱུར་འགོག་རྐྱེན་འཕྲད་སྲིད་སྐོར་བརྗོད་འདུག
སོ་ཤེལ་ཀོ་རེ་ལཱ་ ( Susshil Koirala) ལགས་ནི་ ༡༩༣༥ ལོར་སྐྱེས་ཤིང་། ༡༩༥༤ ལོར་བལ་ཡུལ་ཀོང་རེ་སེ་ཚོགས་པའི་ནང་ཞུགས་ཏེ་ཕྱག་ལས་འདྲ་མིན་གནང་ཡོད་པ་དང་། ཕྱིས་སུ་ ༡༩༦༠ ལོར་བལ་ཡུལ་གྱི་དབང་ཆ་རྒྱལ་པོས་བཟུང་བར་བརྟེན། ལོ་ངོ་ ༡༦ རིང་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་ཡོད་ཅིང་། དེའི་རྗེས་ཕྱིར་རང་ཡུལ་དུ་ལོག་སྟེ་ཀོང་རེ་སེ་ཚོགས་པའི་དྲུང་ཆེ་དང་ཚོགས་གཙོ་གཞོན་གྱི་འགན་འཁུར་བླངས་ཏེ་ལས་འགན་སྒྲུབ་ཡོད་འདུག ད་ལྟ་ཁོང་བལ་ཡུལ་གྱི་སྲིད་བློན་དང་འཁྲུངས་ས་བསྐྱོན་མྱོང་མེད་པའི་ལོ་ན་བགྲེས་ཤོས་ཀྱི་སྲིད་བློན་དེ་ཡིན་འདུག