ཀྲུག་ཡོང་ཁང་གི་དོན་རྐྱེན་ནི་དེང་རྒྱ་ནག་ནང་ཞིབ་བཤེར་འགྲོ་བཞིན་པའི་དཔོན་རིགས་ཕལ་བ་ལྟར། མི་སྒེར་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་དང་གོ་དབང་སྒེར་སྤྱོད། ཡང་ན་ཀུན་སྤྱོད་མི་གཙང་པའི་གནད་དོན་ཙམ་མིན། དེ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ནང་ཁུལ་སྲིད་དབང་འཕྲོག་རྩོད་ཀྱི་དོན་རྐྱེན་ཞིག་ཆགས་ཡོད། ཀྲུག་ཡོང་ཁང་གི་ནུས་སྟོབས་ཤུགས་རྐྱེན་ཡང་རྒྱ་ནག་གཞུང་སྒེར་གྱི་རྡོ་སྣུམ་སྡེ་ཁག་ནས་ཁེ་ལས་སྡེ་ཁག་གཞན་དག་དང་། དབུས་དང་ས་གནས་ཀྱི་སྲིད་ཁྲིམས་སྡེ་ཁག་ནས་གཞུང་འཛིན་སྡེ་ཁག་དང་། ད་དུང་དྲིལ་བསྒྲགས་སྡེ་ཁག་སོགས་ཕྱོགས་གང་ཐད་ལ་འབྲེལ་ནས་ཡོད་ལ། དོན་རྐྱེན་དེར་ཚུད་པའི་མི་འགྲོའི་གྲུབ་སྟངས་ཀྱང་ཧ་ཅང་གི་སྣ་འཛོམས་དང་། རྒྱ་ཁྱབ། སྒྲིག་འཛུགས་རང་བཞིན་ཅན་ཡིན་པ་མ་ཟད། དེ་ལས་ཀྱང་ཞིས་དང་ལི་གཉིས་ཀྱིས་སྣེ་ཁྲིད་པའི་ད་ལྟའི་རྒྱ་ནག་སྲིད་གཞུང་ལ་ཉེན་ཚབས་ཆེ་བའི་ཕྱོགས་ཤིག་ནི། ཁོ་དང་པོ་ཞི་ལེ་ཡི་‘‘སྲིད་འགྱུར་དུས་ཟིང་’’ནང་དྲག་ཆས་དམག་ཤུགས་བེད་སྤྱོད་གཏོང་ནུས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པ་གཉིས་པའི་དཔོན་རིགས་གཉིས་ཏེ། དེ་སྔའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཞུའི་ཚེད་ཧུག་དང་། རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་ཟུར་པ་ལིན་ཅི་ཧྭ་གཉིས་ཚུད་ཡོད་པ་དེ་ཡིན། མདོར་བསྡུས་ན། ཀྲུག་ཡོང་ཁང་གི་དོན་རྐྱེན་ནི་རྒྱ་ནག་གི་དཔལ་འབྱོར་དང་གཞུང་འཛིན། སྲིད་ཁྲིམས་དང་དྲིལ་བསྒྲགས། ལྷག་པར་དམག་དོན་དང་ཐད་ཀར་འབྲེལ་བའི་‘‘སྒྲིག་འཛུགས་རང་བཞིན་’’གྱི་དོན་རྐྱེན་ཞིག་ཆགས་ཡོད།
ཀྲུང་ནན་ཧེ་དང་འབྲེལ་ཐག་ཉེ་བའི་གནས་ཚུལ་ཡོང་ཁུངས་ཚོས་བརྗོད་གསལ་ལྟར་ན། ཀྲུག་ཡོང་ཁང་དང་པོ་ཞི་ལེ་ཡི་སྲིད་འགྱུར་དུས་ཟིང་གི་གསང་བ་ཕྱི་ལ་གྱེར་རྗེས། པེ་ཏེ་ཧུ་ཡི་གསང་བའི་ཚོགས་འདུའི་ཐོག་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ། ཞིས་ཅིན་ཕེན་སོགས་ཀྱིས་ཆེད་དམིགས་ཚོགས་ཆུང་བཙུགས་ཏེ། ལོ་གཅིག་དང་ཕྱེད་ཀའི་རིང་གསང་བ་དང་མངོན་གསལ་མེད་པའི་ཐོག་ཞིབ་འཇུག་བྱས་ཡོད་པ་དང་། ཚོགས་ཆུང་དེས་ཤོག་ངོས་ཆིག་སྟོང་དྲུག་བརྒྱ་བརྒལ་བའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། སྲིད་འགྱུར་དུས་ཟིང་དེའི་སྣེ་ཁྲིད་མི་སྣའི་ནང་ཀྲུག་ཡོང་ཁང་དང་པོ་ཞི་ལེ་མ་ཟད། ཞུའི་ཚེད་ཧུག་དང་ལིན་ཅི་ཧྭ་གཉིས་ཀྱང་ཚུད་ཡོད་ཅིང་། མི་བཞི་བོ་ཧ་ཅང་གི་རུལ་སུངས་དང་། སྲིད་འགྱུར་དུས་ཟིང་གི་འཆར་གཞི་ཡོད་པ་མ་ཟད། ཁོ་ཚོར་གཅིག་མཚུངས་ཀྱི་དྲག་ཆས་དམག་ཤུགས་བེད་སྤྱོད་ཀྱི་ནུས་སྟོབས་ཏེ། ཀྲུག་ཡོང་ཁང་གི་ལག་འོག་ན་རྒྱལ་ཡོངས་ཀྱི་སྤྱི་བདེ་མི་སྣ་ཁྲི་ཉིས་བརྒྱ་དང་དྲག་ཆས་ཉེན་རྟོག་པ་ཁྲི་བརྒྱ་ཡོད་པ་དང་། པོ་ཞི་ལེ་ཟི་ཁྲོན་དང་ཡུན་ནན་ཁུལ་གྱི་དམག་སྒར་ཁག་ལ་འབྲེལ་འདྲིས་ཟབ་པ། ཞུའི་ཚེད་ཧུག་ལ་ཐད་ཀར་དམག་དཔུང་སྣེ་འདྲེན་གྱི་དབང་ཚད་དང་། ལིན་ཅི་ཧྭ་ལ་དབུས་གཞུང་གི་བཀའ་རྩ་བསྒྲགས་དབང་ཡོད་པ་སོགས་ཧ་ཅང་གི་ཉེན་ཚབས་རང་བཞིན་ཅན་དང་། གལ་སྲིད་མི་བཞི་བོས་མཉམ་འབྲེལ་གྱིས་དུས་ཟིང་བསླང་ཚེ་མཇུག་འབྲས་ལ་ཚོད་དཔག་དཀའ་ཚུལ་འགྲེལ་བརྗོད་བྱས་ཡོད་དང་པ་འབྲེལ། ཁོ་ཚོ་བཞི་ལ་ད་ལྟའི་རྒྱ་ནག་གི་‘‘མི་བཞི་ཤོག་ཁག་གསར་པའི’’མིང་འདོགས་ཀྱང་བྱས་ཡོད་པར་བཤད།
‘‘སྦྲང་ནག་རྒྱ་སྟག་མཉམ་དུ་རྡུང་’’ཞེས་བ་ནི་ཞིས་ཅིན་ཕིན་གྱིས་རུལ་སུངས་ལ་རྒོལ་སྟངས་ཀྱི་རྩ་འཛིན་དེ་ཡིན། འཁྲུག་ཆ་དོད་པའི་རྒོལ་རྡུང་ལས་འགུལ་འདིའི་ནང་ ༢༠༡༣ ལོ་གཅུག་པུར་རྒྱ་ནག་གི་དཔོན་རིགས་ ༣༧༠༠༠ བརྒལ་བར་ཞིབ་བཤེར་དང་འབྲེལ་ནག་ཉེས་ཐག་གཅོད་བྱས་ཡོད། ཀྲུག་ཡོང་ཁང་གིས་སྣེ་ཁྲིད་པའི་‘‘མི་བཞི་ཤོག་ཁག་གསར་པར་’’རྒོལ་སྟངས་ནི་རྩ་འཛིན་ཙམ་མིན་པར། དེ་ལ་ཞིབ་ཚགས་རང་གཞིན་གྱི་ལས་རིམ་འཆར་འགོད་དང་མི་འགྲོའི་གྲ་སྒྲིག་དང་འབྲེལ། འདས་ལོའི་ལོ་སྟོད་ནས་རྒོལ་རྡུང་དང་རྩ་གཏོར་ལས་རིམ་དངོས་སུ་ལག་བསྟར་བྱས་ཡོད་ཚུལ་གནས་ཚུལ་ཡོང་ཁུངས་ཚོས་བརྗོད་ཡོད། ‘‘ཡན་ལག་སྔོན་དང་ཉིང་ལག་རྗེས།’’ ཞེས་པ་དང་། ‘‘ས་གནས་སྔོན་དང་ཀྲུང་དབྱང་རྗེས།’’ ཞེས་པ། ‘‘རྡོ་སྣུམ་སྔོན་དང་སྲིད་ཁྲིམས་རྗེས།’’ ཞེས་པའི་ཚིག་གྲུབ་གསུམ་པོ་འདི་ ‘‘མི་བཞི་ཤོག་ཁག་གསར་པར་’’ རྒོལ་རྡུང་དང་རྩ་མེད་བཟོ་སྟངས་ཀྱི་ལས་རིམ་རྣམ་གཞག་དེ་ཡིན་པར་བཤད་ལ། ད་ལྟའི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་ལྦང་ཀྲི་ཧྲན་དང་། རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་འཛིན་གཞོན་པ་དང་པེ་ཅིན་སྤྱི་བདེ་ལྷན་ཁང་གི་མགོ་འཛིན་གཅིག་ལྕོག་ཧྥོའུ་ཀྲིན་ཧ་གཉིས་ཀྲུག་ཡོང་ཁང་གི་དོན་རྐྱེན་ལ་ཞིབ་བཤེར་གཙོ་འགན་འཁུར་མཁན་དང་། ཁོ་གཉིས་ཀ་དེ་སྔོན་ཀྲུག་ཡོང་ཁང་དང་ཁོའི་ཕྱོགས་ཁག་བར་ ‘‘སྲིད་དོན་ཤ་འཁོན་’’ ཡོད་མཁན་ཞིག་ཡིན་པར་བཤད།
བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་གཞིར་བཞག་ཚེ། ལག་བསྟར་བརྒྱུད་རིམ་ནང་ད་བར་ཉུང་མཐར་ཡང་ཀྲུག་ཡོང་ཁང་དང་ཁོའི་དགའ་ཉེ་ཕྱོགས་ཁག་གི་ནང་མི་དང་སྤུན་མཆེད། ཉེ་འབྲེལ་དང་དེ་དག་གི་དགའ་ཉེ་སོགས་མི་བཞི་བརྒྱ་བརྒལ་བར་ཞིབ་བཤེར་བྱས་པའི་ཁྲོད་འགའ་རེ་ད་ལྟ་དངོས་སུ་འཛིན་བཟུང་བཀག་ཉར་དང་། རེ་འགའ་ད་དུང་བཀག་སྐྱིལ་དང་ལྟ་རྟོག འགྲོ་སྐྱོད་སྟངས་འཛིན་འོག་ཞིབ་བཤེར་བྱེད་སྒང་ཡིན་ཞིང་། སྔ་ཕྱིར་ཀྲུག་ཡོང་ཁང་གི་དོན་རྐྱེན་དང་འབྲེལ་བའི་རྡོ་སྣུམ་ཁེ་ལས་སྡེ་ཁག་གི་ཆེས་མཐོའི་དཔོན་རིགས་བཅུ་དགུ་དང་། སི་ཁྲོན་གཙོས་པའི་ཞིང་ཆེན་དང་པུའུ་ཀྲང་རིམ་པའི་དཔོན་རིགས་ཞེ་དྲུག དབུས་དང་ས་གནས་ཀྱི་དམག་སྤྱི་བརྒྱད། རྒྱལ་ཁབ་རིམ་པའི་དཔོན་རིགས་དགུ་ལ་ཞིབ་བཤེར་དང་འབྲེལ་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ལས་གནས་དབྱུང་དང་། དེང་སྐབས་ཉིན་རེ་བཞིན་ཀྲུག་ཡོང་ཁང་གི་དོན་རྐྱེན་དང་འབྲེལ་བའི་དཔོན་རིགས་གཅིག་གཉིས་རེ་འཆར་ཅན་ལྟར་ཞིབ་བཤེར་ནང་ཚུད་ཀྱི་ཡོད། ལིན་ཅི་ཧྭ་ཧུའུ་ཅིན་ཐའོ་ཡིས་ ‘‘སྲུང་སྐྱོབ་’’ འོག་གོ་དབང་མར་ཕབ་ལས། ‘‘ མི་བཞི་ཤོག་ཁག་གསར་པའི་’’ གྲུབ་ཆ་ལས་པོ་ཞི་ལེ་ལ་ཚེ་བཙོན་ཁྲིམས་ཆད་དང་། ཀྲུག་ཡོང་ཁང་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རང་གི་སྡོད་གནས་ནས་དངོས་སུ་བཀག་སྐྱིལ་དང་། དེ་རྗེས་གནས་སྤོར་གྱིས་ཐེན་ཅིན་དུ་དུས་ཡུན་གང་འཚམ་རིང་བཀག་ཉར་བྱས་རྗེས། ཡང་བསྐྱར་གནས་སྤོར་གྱིས་ད་ལྟ་ནང་སོག་ཁུལ་གྱི་དམག་སྒར་རྙིང་བ་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པ་དང་། ཞུའི་ཚེད་ཧུག་འདས་ལོའི་ཕྱི་ཟླ་གསུམ་པ་ནས་པེ་ཅིན་གྱི་དམག་མིའི་སྨན་ཁང་ཨང་ ༣༠༡ པའི་ནང་ ‘‘སྨན་གཏུགས་’’ ལ་ཁ་གཡར་ནས་ ‘‘བཟང་བཙོན་’’དུ་བཅུག་ཅིང་། ཀྲུང་ཡོང་ཁང་དོན་རྐྱེན་བྱུང་བའི་ཉིན་འགའི་རྗེས་སུ་དངོས་སུ་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་དང་། དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པའི་གོ་དབང་ཕྱིར་བསྡུ་བྱས་ཡོད།
ཀྲུང་དབྱང་བརྙན་འཕྲིན། ཆེས་མཐོའི་དཔོན་རིགས་ཚོའི་ནང་མ་ཁང་།
ཀྲུག་ཡོང་ཁང་ལ་ཞིབ་བཤེར་བྱས་པའི་སྙན་ཐོའི་ནང་ཁོ་མི་གསོད་དོན་རྐྱེན་ ༡༣ དང་བུད་མེད་ ༢༩ ལྷན་ཚུལ་མིན་འབྲེལ་བ་ཡོད་པར་བཤད། པོ་ཞི་ལེ་དང་ཝང་ལི་ཅུན། དེ་སྔ་ཟི་ཁྲོན་དང་རྡོ་སྣུམ་སྡེ་ཁག་གི་དཔོན་རིགས་ཚོས་ ‘‘ འབུལ་སྐྱེས་ ’’ སུ་ཕུལ་བའི་བུད་མེད་ཚོ་ལས་གཞན། ཀྲུག་ཡོང་ཁང་གི་ཟུར་བརྟེན་མང་ཤོས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་མདོ་འཛིན་པ་དང་། གསར་འགོད་པ། འགའ་ཤས་བརྙན་འཕྲིན་ཁང་དེའི་གར་སྟེགས་བརྒྱུད་ནས་མིང་གྲགས་ཐོབ་པའི་འདྲེན་མ་དང་གླུ་མ་སོགས་ཡིན་ཞིང་། ཁོས་རང་གི་ཟུར་བརྟེན་ཚོ་དང་འབྲེལ་ལམ་བདེ་བོ་ཡོང་ཆེད་པེ་ཅིན་དང་ཟི་ཁྲོན་སོགས་ས་ཁུལ་དྲུག་ནས་ ‘‘སྒེར་གཞིས་’’ ཀྱང་བརྒྱབ་ཡོད་པར་བཤད། ‘‘ མི་དཀྱུས་མ་ཚོ་ལྟར་མདོ་འཛིན་པ་དང་གསར་འགོད་པ། འདྲེན་མ་དང་གླུ་མ་སུ་ཡིན་ཡང་། སྤྱིར་བཏང་ཀྲུང་དབྱང་གི་དཔོན་རིགས་ཚོ་དང་འབྲེལ་འདྲིས་ཀྱི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན། ཉིན་ཞིག་གོ་སྐབས་རེ་བྱུང་ན་དཔོན་རིགས་ཚོས་བུད་མེད་མཛེས་མ་དེ་ཚོ་ཐར་བར་གཏོང་འདོད་མེད་པ་བཞིན། ཁོ་མོ་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས་འབྲེལ་ལམ་གང་མང་བཟོ་ཐབས་ལ་འབད་བརྩོན་བྱེད་པ་རེད། དེ་མ་གཏོགས་སྲིད་ཁྲིམས་དྲུང་ཆེ་ཀྲུག་ཡོང་ཁང་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཙོ་འཛིན་ཚོའོ་ཅན་མིན། ད་དུང་ཀྲུང་དབྱང་དང་པུའུ་ཀྲང་རིམ་པའི་དཔོན་རིགས་དེ་ཚོའི་བཟའ་ཟླར་མདོ་འཛིན་པ་དང་གསར་འགོད་པ་མང་པོ་ཞིག་ཡོང་སྟངས་ཡོད་པ་མ་རེད། ’’ ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལས་བྱེད་རྒན་གྲས་ཤིག་གིས་འདི་ལྟར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད།
ཀྲུག་ཡོང་ཁང་བུད་མེད་ལ་དགའ་ཞིང་གཞན་གྱིས་ཕུལ་བའི་བུད་མེད་དག་དང་ལེན་བྱེད་པར་དགའ་བ་མ་ཟད། རང་གིས་སྤྱད་ཟིན་པའི་ཟུར་བརྟེན་དེ་ཚོ་གོང་འོག་གི་དཔོན་རིགས་ཚོར་ ‘‘འབུལ་སྐྱེས་’’ དང་ ‘‘གཟིགས་གསོལ་’’ དུ་ཡར་འབུལ་མར་གནང་བྱ་རྒྱུའམ། ཡང་ན་བུད་མེད་དེ་ཚོ་ ‘‘སྤྱི་སྤྱོད་ཟུར་བརྟེན་’’ དུ་ཉར་རྒྱུར་དེ་བས་ཀྱང་དགའ་རབས་བཤད། ལིས་ཏུང་ཧྲིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འགན་འཛིན་ཡིན་སྐབས་སྔ་ཕྱིར་ཁོ་ལ་མདོ་འཛིན་པ་དང་གསར་འགོད་པ། འདྲེན་མ་དང་གླུ་མ་སོགས་དགུ་ཕུལ་ཡོད་པའི་ནང་། ཅ་ཞའོ་ཡེ་རང་གི་བཟའ་ཟླ་ཉར་བ་ལས། རྒྱ་ནག་གི་དམངས་གླུའི་རྒྱལ་མོར་གྲགས་པའི་གླུ་མ་སུང་ཙོ་ཡུན་དང་ཐིང་ཚན་གཉིས་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ལ་ ‘‘འབུལ་སྐྱེས་’’ སུ་ཕུལ་བ་དང་། རང་གི་བཟའ་ཟླའི་ལས་གྲོགས་མདོ་འཛིན་པ་ཝང་ཤོ་ཡ་ཚོའོ་ཅན་མིན་ལ་མར་ ‘‘གཟིགས་གསོལ་’’ དུ་གནང་ཡོད། ད་དུང་རྒྱ་ནག་བདེ་འཇགས་སྡེ་ཁག་གི་ ‘‘མཛེས་མའི་གཙུག་རྒྱན་’’ དུ་གྲགས་པའི་ཝང་ཧྥེ་ཡང་ཀྲུག་ཡོང་ཁང་གཙོས་ཉུང་མཐར་ཡང་རྒྱ་ནག་གི་བདེ་འཇགས་དང་སྤྱི་བདེ་སྡེ་ཁག་གི་ཆེས་མཐོའི་དཔོན་རིགས་ ༤༠ ལྷག་གི་ ‘‘སྤྱི་སྤྱོད་ཟུར་བརྟེན་’’ དང་། ཞིབ་ཕྲའི་གནས་ཚུལ་ད་དུང་གསལ་བོར་ཐོན་མེད་ནའང་། ད་ལོའི་ཕྱི་ཟླ་དང་པོའི་ནང་ཀྲུག་ཡོང་ཁང་དོན་རྐྱེན་དང་འབྲེལ་ཞིབ་བཤེར་ཐེབས་པའི་མདོ་འཛིན་པ་དང་གསར་འགོད་པ་སྟེ། ཡེ་དབྱིན་ཁྲོན་དང་ལིས་ཞའོ་མིན། ཧྲན་པིན་གསུམ་ཡང་ཀྲུག་ཡོང་ཁང་གི་ཟུར་བརྟེན་ནམ་ཁོའི་ཕྱོགས་ཁག་གི་ ‘‘སྤྱི་སྤྱོད་ཟུར་བརྟེན་’’ ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད། ཀྲུག་ཡོང་ཁང་དང་མཐོ་རིམ་དཔོན་རིགས་ཚོའི་བཟའ་ཟླ་དང་ཟུར་བརྟེན་གང་མང་ཞིག་ཀྲུང་དབྱང་བརྙན་འཕྲིན་ཁང་ནང་ཡོང་ཡོད་པ་དེས། དེང་རྒྱ་ནག་དམངས་ཁྲོད་དུ་ཀྲུང་དབྱང་བརྙན་འཕྲིན་ཁང་ལ་ ‘ཀྲུང་ནན་ཧེ་ཡའི་ཕོ་བྲང་ནང་མ’ དང་། ཆེས་མཐོའི་དཔོན་རིགས་ཚོ་རྩེད་འཇོ་རོལ་སའི་ ‘པེ་ཅིན་གྲོང་གི་ནང་མ་ཁང་’ དུ་འབོད་ཀྱིན་ཡོད།
ཀྲུང་ནན་ཧེ་ཡི་ ‘‘འོ་མ་’’ འཐུང་མཁན་ཚོ།
‘‘ཞལ་ལག་མཉེས་པོ་གནང་རོགས། འོ་མ་མཆོད་འདོད་མཁན་ཚོས་ ‘འོ་མ་’མཆོད་རོགས། གསོལ་ཤ་བཞེས་འདོད་མཁན་ཚོས་‘གསོལ་ཤ་’བཞེས་རོགས། ཚང་མས་ཐུགས་འདོད་ལྟར་གང་མཉེས་མཉེས་གནང་རོགས།’’ ལོ་འགའི་སྔོན་པེ་ཅིན་དུ་ཚུགས་པའི་གསོལ་སྟོན་ཞིག་གི་སྐབས་སྦྱིན་བདག་གིས་སྐུ་མགྲོན་ཚོར་འདི་ལྟར་མགྲོན་བསུ་ཞུས་ཡོད། གསོལ་སྟོན་དེ་སྤྱིར་བཏང་གི་གསོལ་སྟོན་ཞིག་མིན་པར། དེའི་ཐོག་གི་ ‘‘ཟས་སྣ་’’ གཙོ་བོ་ནི་མིའི་འོ་མ་ཡིན་ཞིང་། རྒྱ་ནག་གི་ངག་རྒྱུན་ལ་གྲགས་པའི་གོང་མ་དང་རྒྱལ་མོ་ཚོ་ལྟར། འོ་མ་ཕོར་བ་དང་དམ་བུའི་ནང་མཆོད་རྒྱུ་མིན་པར། སྐུ་མགྲོན་རེ་རེ་མདུན་དུ་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་རེ་དམར་ཧྲེང་དུ་ལངས་ནས་རང་གི་སྐུ་མགྲོན་ལ་ ‘‘འོ་མ་དམར་འདྲེན་’’ གྱི་ཞབས་ཞུ་སྒྲུབ་དགོས་ཡོད་འདུག འདས་ལོར་གསར་འགོད་པ་ཀྲིག་ཧྥང་གིས་དེའི་སྐོར་ཞིབ་འཇུག་བྱས་པ་ལྟར་ན། ‘‘འོ་མའི་གསོལ་སྟོན་’’ དེར་ད་ལྟའི་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་ནམ་སྲིད་བློན་ཟུར་པ་ཝུན་ཅ་པའོ་ཡི་ ‘‘སྐུ་བཅར་མཁན་པོ་’’ ལོའུ་བེ་དང་། རྒྱ་ནག་དབུས་སྤྱི་བདེ་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པའམ་ཀྲུག་ཡོང་ཁང་གི་ ‘‘ལག་གཡས་པ་’’ ལིས་ཏུང་ཧྲིན། རྒྱ་ནག་དམངས་ཆེན་རྒྱུན་ཨུད་ལྷན་ཁང་གི་གཙོ་འཛིན་ནམ་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ཡི་ ‘‘མགྲོན་གཉེར་ཆེན་མོ་’’ ལིན་ཅི་ཧ་གསུམ་ཞུགས་ཡོད་པར་བཤད། གསོལ་སྟོན་གོ་སྒྲིག་གམ་སྦྱིན་བདག་གི་གྲས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གྱི་མགོ་གཙོ་ཅའོ་ལིས་ཡང་ཡོད་པར་བཤད། ‘‘ཁོ་ཚོར་ཀྲུང་ནན་ཧེ་རུ་རང་རང་གི་རྒྱབ་རྩ་རེ་ཡོད་པ་རེད། ཁོ་གསུམ་ཀ་བུད་མེད་ལ་དགའ་བ་གཅིག་མཚུངས་ཡིན་ནའང་། རྒྱབ་རྩ་མི་གཅིག་པ་དེས་ཁོ་ཚོས་བུད་མེད་འཚོལ་སྟངས་ལའང་རང་རང་གི་དགའ་ཕྱོགས་དང་འདེམ་ག་རེ་ཡོད་རེད། ལིས་ཏུང་ཧྲིན་གྱིས་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་གསར་འགོད་པ་རྐྱང་རྐྱང་འཚོལ་བ་རེད། ལིན་ཅི་ཧ་ཡིས་མིང་གྲགས་ཡོད་པའི་གློག་བརྙན་དང་ཞབས་བྲོ་འཁྲབ་སྟོན་པ། ལོའུ་བེ་ཡིས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང་མང་ཤོས་ལོ་གཞོན་ཤ་སྟག་འཚོལ་བ་རེད། ཁོ་ཚོས་བཙལ་བའི་བུད་མེད་དེ་དག་རང་གིས་ལོངས་སུ་སྤྱོད་ཀྱིན་ཡོད་པ་མ་ཟད། རང་གི་རྒྱབ་རྩ་ཚོར་ལེགས་སྐྱེས་སུ་འབུལ་བཞིན་ཡོད་པ་རེད། མཚམས་ལ་ལར་དེའི་སྒང་ནས་ཚོང་ལས་ཙག་ཙིག་ཀྱང་ཉར་གི་ཡོད་པ་རེད་།’’ ཀྲུང་ནན་ཧེ་ནས་རྒན་ཡོལ་ཟིན་པའི་ལས་བྱེད་ཅིག་གིས་གསར་འགོད་པ་ཀྲིག་ཧྥང་ལ་དེ་ལྟར་བརྗོད་ཡོད།
ཀྲུང་ནན་ཧེ་ཡི་འོ་མ་འཐུང་སྟངས་འདི་སྤྱིར་བཏང་གི་གསོལ་སྟོན་གང་ཡང་མིན། དེ་དེང་གི་རྒྱ་ནག་ནང་དར་ཁྱབ་ཆེ་བའི་ཆགས་སྲེད་ཞབས་ཞུའི་རྣམ་གྲངས་ཤིག་ཡིན་ཞིང་། རིན་གོང་ཆེ་བའི་ཞབས་ཞུ་འདི་རིགས་ལོངས་སུ་སྤྱོད་མཁན་ནི་ཆེས་མཐོའི་དཔོན་རིགས་ཚོ་དང་རྒྱ་ནག་གི་ཕྱུག་བདག་ཚོ་ཡིན་ཞིང་། དེ་སྔ་པེ་ཅིན་གྱི་ ‘དག་ཞིང་མི་ཡུལ་’ དང་། ཁ་སང་དེ་རིང་ཀོང་ཏུང་གི་ ‘ཏུང་ཀོན་’ སོགས་འདོད་རྩེད་ར་བ་ཆེ་ཁག་ནང་དར་སྲོལ་ཆེ་ཞིང་། སྲིད་གཞུང་ཚུགས་ཡུལ་དང་ཏང་གི་སློབ་གྲྭ་ཁག་གི་ནང་དུའང་ཞབས་ཞུ་འདི་རིགས་ཡོད་པའི་འདོད་རྩེད་ར་བ་གང་མང་ཡོད་རབས་བཤད། ‘‘འོ་མ་འཐུང་ཐེངས་རེ་ལ་དམངས་སྒོར་ལྔ་སྟོང་རེད། ངས་འོ་མ་འཐུང་ཞོར་དུ་ཞབས་ཞུ་གཞན་ཡང་དགོས་པའི་རེ་བ་འདོན་སྐབས། མོས་འོ་མ་ལས་གཞན་པའི་ཞབས་ཞུ་ཞུ་རྒྱུ་མེད་ཟེར། ངས་ཡང་བསྐྱར་ ‘ལག་དངུལ་’ གང་འཚམ་ཁ་སྣོན་བྱས་རྗེས་མོས་དང་ལེན་གྱི་བརྡ་ལ་མགོ་བོ་ནང་དུ་བཀུག་ནས་བསྡད་སོང་།’’ འོ་མའི་གསོལ་སྟོན་ལ་ཞུགས་མྱོང་མཁན་ཞིག་གིས་དེ་ལྟར་བརྗོད་ཡོད། དེང་རྒྱ་ནག་གི་དཔོན་རིགས་ཚོར་མཚོན་ན། ཟུར་བརྟེན་གང་མང་ཉར་བའམ། འདོད་རྩེད་ར་བ་ཉུལ་ནས་འོ་མ་འཐུང་སྟངས་ཀྱིས་མཚོན་པའི་ཆགས་སྲེད་ཞབས་ཞུའི་རིགས་ལ་ལོངས་སུ་སྤྱོད་རྒྱུ་ནི་རྒྱུན་ལྡན་ཆགས་ཡོད། ཁོ་ཚོའི་ཆགས་སྲེད་ཀྱི་འདོད་རྔམ་དེ་མིའི་མ་མཐའི་ཚད་ཐིག་ལས་བརྒལ་ཡོད་པ་སྟེ། ད་བར་ཞིབ་བཤེར་བྱས་པའི་དཔོན་རིགས་ཚོའི་ཁྲོད་རང་ལས་ལོ་ཉི་ཤུ་ལྷག་ཆུང་བའི་རང་གི་སློབ་མ་དང་བུའི་མནའ་མ་ཟུར་བརྟེན་དུ་ཉར་མཁན་བྱུང་ཡོད་ལ། གཅེན་གཅུང་དང་། ཡང་ན་མ་སྨད་གཉིས་ཀ་ཟུར་བརྟེན་དུ་ཉར་མྱོང་མཁན་ཡོད་པ་མ་ཟད། རང་གི་ཟུར་བརྟེན་དེ་ཚོར་བཙན་ཤུགས་བཀོལ་ནས་དཔོན་རིགས་གཞན་གྱི་ཟུར་བརྟེན་ཚོ་དང་ཕན་ཚུན་བརྗེ་རེས། ད་དུང་ལོ་ན་མ་སོན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་བཙན་གཡེམ་དང་། ལོ་ན་མ་སོན་པའི་ཆགས་སྲེད་ཞབས་ཞུ་བ་ཚོའི་ ‘‘སྐུ་མགྲོན་’’ གཙོ་བོ་ཡང་ཆེས་མཐོའི་དཔོན་རིགས་ཚོ་ཡིན་པར་བཤད།
ཞིབ་བཤེར་བྱས་པའི་དཔོན་རིགས་ཚོའི་ནང་གི་ཟུར་བརྟེན་མང་ཤོས་ཏེ། ཅང་སུ་ཞིང་ཆེན་གྱི་འཛུགས་སྐྲུན་སྡེ་ཁག་གི་འགན་འཛིན་ཞི་ཅི་ཚུན་ལ་ཁྱོན་སྡོམ་ཟུར་བརྟེན་ ༡༤༧ ཡོད་པ་དང་། ཁོའི་ཟུར་བརྟེན་ཚོའི་ནང་གཅེན་གཅུང་ཡིན་པའི་བུ་མོ་སྤུན་གཉིས་དང་། ཨ་མ་དང་བུ་མོ་སྟེ་མ་སྨད་གཉིས་ཀྱང་ཡོད་པ་མ་ཟད། ཁོ་དུས་རྒྱུན་ཆང་ཁ་ནས་རང་གི་དགའ་ཉེ་ཚོར་སྤུན་མཆེད་གཉིས་དང་མ་སྨད་གཉིས་བར་གྱི་འདོད་པའི་སྒྱུ་རྩལ་ལ་ཡག་སྡུག་གི་ཞིབ་བསྡུར་བྱེད་རྒྱུར་དགའ་རབས་བཤད། ‘‘ཁོས་ང་དང་དུས་མཉམ་བུ་མོ་གཞན་གང་མང་ལའང་ཚུལ་མིན་འབྲེལ་ལམ་བཟུང་ཡོད། དུས་རྒྱུན་ནས་ང་ཚོ་མི་གཞན་གྱི་ཟུར་བརྟེན་དང་བརྗེ་རེས་བྱེད་པར་བཙན་སྐུལ་གཏོང་བ་མ་ཟད། དུས་ཚོད་ངེས་བརྟན་མེད་པར་ང་ཚོ་ཀོང་ཞི་དང་སི་ཁྲོན་སོགས་ས་ཁུལ་གཞན་ལ་འཁྲིད་ནས་ ‘ཟུར་བརྟེན་བརྗེ་རེས་ཀྱི་རྩེད་འཇོའི་འདུ་འཛོམས་’ ནང་ཞུགས་འཇུག་གི་ཡོད། བརྗེ་བོ་རྒྱག་ས་གཙོ་བོ་གཞུང་གི་དཔོན་རིགས་དང་ཕྱུག་བདག་ཚོ་ཡིན་ཞིང་། ཁོའི་གྲོགས་པོ་འགའ་ཡང་ནང་དུ་ཚུད་ཡོད།’’ རྒྱ་ནག་རྡོ་སྣུམ་སྡེ་ཁག་གི་འགན་འཛིན་བུན་ཝེ་ཡི་ཟུར་བརྟེན་མས་རང་གི་ཟིན་བྲིས་ནང་འདི་ལྟར་བྲིས་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞོན་པ་ཧུང་སུང་དང་། ཡུན་ཁྲེང་གྲོང་ཁྱེར་གྱི་ཆབ་སྲིད་ཅུའི་རྒྱུན་ལས་གཙོ་འཛིན་གཞོན་པ་ལི་ཞིན་ཀོང་། ཀྲིན་པེང་རྫོང་གི་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ་ཝུ་ཐེན་ཞི་གསུམ་ནི་དུས་རྒྱུན་ནས་སློབ་གྲྭ་ཆུང་འབྲིང་གི་བུ་མོ་ལོ་ན་མ་སོན་མཁན་རྐྱང་ལོངས་སུ་སྤྱོད་མཁན་གྲས་ཡིན་ཞིང་། ལྦུ་ཐེན་ཞི་ཡིས་ལོ་གཉིས་རིང་སློབ་ཕྲུག་བུ་མོ་ ༢༠ ལྷག་ལ་བཙན་གཡེམ་བཏང་ཡོད་པ་མ་ཟད། ཁོའི་དམིགས་ཚད་ནི་སློབ་གྲྭ་ཆུང་འབྲིང་གི་བུ་མོ་ ‘‘ཞབས་གསར་’’ བརྒྱ་ལོན་པ་བྱ་རྒྱུ་དེ་ཡིན། ད་དུང་སྔ་ཕྱིར་ཧྲན་ཞི་དང་ཡུ་ནན་སོགས་སུ་བྱུང་བའི་ལོ་ན་མ་སོན་པའི་བུ་མོ་ཚོར་བཙན་ཤེད་ཀྱིས་ཆགས་སྲེད་ཞབས་ཞུ་བའི་ལས་རིགས་ཉར་བཅུག་པའི་དོན་རྐྱེན་ནང་། སྐུ་མགྲོན་གཙོ་བོ་དང་མང་ཤོས་ས་གནས་དེ་དག་གི་གཞུང་འཛིན་དཔོན་རིགས་དང་། ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། དམངས་ཆེན་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཚོ་ཆགས་ཡོད། ཞིབ་འཇུག་བྱས་པ་ལྟར་ན། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡི་དུས་སྐབས་ནི་རྒྱ་ནག་གི་དཔོན་རིགས་ཚོའི་ཀུན་སྤྱོད་ཉམ་ཆགས་ཀྱི་དུས་རབས་ཤིག་ཡིན་ཞིང་། དམིགས་བསལ་དཔོན་རིགས་ཚོའི་ཆགས་སྲེད་འདོད་རྔམ་དེ་མིའི་ཆེས་མཐའ་མའི་ཚད་ཐིགས་ལས་བརྒལ་ཏེ། ཧ་ཅང་གི་རུལ་སུངས་དང་འཆལ་སྤྱོད། བྱོལ་སོང་ལས་ཀྱང་དམན་པའི་དུས་རབས་ཤིག་ཡིན་པར་བཤད།
(མུ་འགོད།)
འདི་ལྟར་གནད་དོན་གྱི་ཟབ་སར་འཛུལ་ནས་རྒྱ་ནག་གི་ནང་སྙིང་སྔོག་མཁན་གྱི་ཞིབ་འཇུག་པ་ཉུང་། རྩོམ་ཡིག་འདི་ལྟ་བུར་རིན་ཐང་ཧ་ཅང་ཆེ། ཞིབ་འཇུག་པར་རྗེས་སུ་ཡི་རང་དང་འབྲེལ་རྩོམ་ཡིག་གི་མཇུག་གང་མགྱོགས་འགོད་རོགས་ཞེས་ཀྱང་རེ་བ་ཆེན་པོས་སྐུལ་ལོ།།
རྒྱ་ནག་དམར་ཤོག་གི་དཔོན་ངན་ཚོའི་ནང་ན་དཀར་ནག་གི་དབྱེ་བ་འབྱེད་རྒྱུ་ཆེར་མེད་པ་དང་། ནང་ཁུལ་དུ་ཤོག་ཁག་འདུག་ཟེར་བ་ནི་དམར་ཤོག་གི་ཁྱིམ་རྒྱུད་ཆེན་པོ་དག་གི་དབང་ཤུགས་ལ་ཆེ་ཆུང་ཤོར་བ་ཙམ་ཡིན། ཁོ་ཚོའི་ནང་འགལ་ཇི་ཙམ་ཆེ་ཡང་དམར་ཤོག་ཚོགས་པ་ཐོར་ན། ཁོ་ཚོ་ཚང་མ་མཉམ་དུ་རང་ཤི་བརྒྱབ་པ་དང་མཚུངས་པས། དམར་ཤོག་ཚོགས་པ་སྐྱོབ་པའི་ཆ་ནས་ཁོ་ཚོ་ཚང་མ་མ་གྲོས་རང་མཐུན་ཡིན། འདི་ནི་ཁོ་ཚོའི་འཐབ་རྩོད་ཀྱི་ས་མཚམས་ཡིན་པ་དང་། གལ་སྲིད་དེ་ལས་བརྒལ་ན། བོད་མི་དང་རྒྱ་མི་ཕལ་བ་ཚོར་བཀྲ་ཤིས་པའི་ཉི་མ་ཞིག་འཆར་སྲིད་པས། ང་ཚོ་དགའ་ན་འགྲིག