མ་ལི་དང་བྷི་ཕིན་གཉིས་ཀྱིས་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར།
རྒྱ་ནག་མི་མང་གིས་ཡུན་རིང་ལ་རྨི་བཞིན་པའི་རྨི་ལམ་གྱི་ངོ་བོ་གང་ཡིན་ནམ། མར་ཁེ་སི་དང་ཨན་ཇིལ་(Marx and Engels) གཉིས་ཀྱིས་གསར་འགྱུར་འབྲི་མཁན་ཚོར་གནས་ཚུལ་གང་ཞིག་རེ་སྐུལ་ཞུས་ཡོད་དམ། རྒྱ་ནག་དང་། ཕྱི་རྒྱལ་མི་རིགས་ཚོའི་གསར་འགོད་ལས་རིགས་ཐོག་ལྟ་བ་འཛིན་སྟངས་ལ་ཁྱད་པར་གང་ཡོད་དམ།
དྲི་བ་འདི་དག་ ༢༠༡༤ ལོའི་མགོ་སྟོད་ཙམ་ལ། རྒྱ་ནག་ནང་གི་གསར་འགོད་པ་ཚོས་གསར་འགྱུར་འབྲི་སྤེལ་བྱེད་ཆོག་པའི་ལག་འཁྱེར་དུས་ཚོད་འཕར་འགྱངས་བྱེད་སྐབས་གཏོང་གི་ཡོད། ཐེངས་དང་པོར་ལོ་གཅིག་གི་གསར་འགོད་ལག་འཁྱེར་དུས་འགྱངས་གི་ཡིག་རྒྱུགས་བརྒྱུད་རིམ་ནང་དངོས་སུ་ཞུགས་དགོས་ཤིང་། རྒྱ་ནག་ནང་ཁྱེད་ཀྱིས་གསར་འགྱུར་ཐོག་ཁྲིམས་མཐུན་ལས་ཀ་བྱེད་པར་ངེས་པར་དུ་གསར་འགོད་ལག་འཁྱེར་དགོས། འོན་ཀྱང་ཚོང་འབྲེལ་གསར་འགྱུར་དཔར་སྐྲུན་ཁང་ཁག་ཏུ། གསར་འགོད་ལག་འཁྱེར་མེད་ཀྱང་གསར་འགྱུར་འབྲི་སྤེལ་ཆོག་པ་ལས་ ༢༠༡༤ ལོ་ནས་བཟུང་ཁྱེད་རང་གསར་འགོད་པ་བྱེད་པར་ངེས་པར་དུ་ཡིག་རྒྱུགས་ལ་ཞུགས་དགོས། གལ་སྲིད་ཁྱོད་ཀྱིས་ཡིག་རྒྱུགས་མ་འཕྲོད་ཚེ་བསྐྱར་དུ་ཡིག་རྒྱུགས་ལ་ཞུགས་ཀྱང་ཆོག
གསར་འགྱུར་དཔར་སྐྲུན་དང་ཀུན་ཁྱབ་རླུང་འཕྲིན་ཁང་ཞིག་གི་ངོས་ནས་བཤད་ན། ད་ལན་གྱི་ཡིག་རྒྱུགས་འདི་གསར་འགོད་པའི་དཔུང་སྡེ་གསར་བ་ཞིག་ལ་མར་ཁེ་སི་རིང་ལུགས་ཀྱི་གསར་འགོད་པའི་སློབ་གསོ་དར་སྤེལ་རྒྱུན་འཁྱོངས་བྱེད་དུ་བཅུག་སྟེ། ཁོ་ཚོས་རང་གི་མི་མང་དང་སྤྱི་ཚོགས་ཀྱི་རིང་ལུགས་དང་། རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ལ་ཞབས་འདེགས་ཡག་པོ་བསྒྲུབ་དགོས་པའི་དམིགས་ཡུལ་གཙོ་བོར་བཟུང་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པ་རེད།
འདས་ལོའི་ཕྱི་ ༡༡ ཙམ་ནས། རྒྱ་ནག་དམར་ཤོག་ཚོགས་པའི་མཐུན་འགྱུར་འོག་རྒྱ་ནག་ནང་མིང་མི་འདྲ་བའི་ཚོགས་པ་གང་མང་ཞིག་གིས་གསར་འགོད་པའི་ལས་རིགས་ཀྱི་དགོས་དམིགས་དང་། སྙིང་བོ་གང་ཡིན་མིན་སོགས་ཀྱི་ཐད་ནང་ཁུལ་དུ་བདུན་ཕྲག་གཅིག་རིང་སློབ་གསོ་སྤྲོད་ཀྱིན་ཡོད་པ་དང་། གསར་འགོད་པ་ཁག་ཅིག་གིས་སེམས་ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་སློབ་གསོའི་ལས་འགུལ་ལ་འཛུལ་ཞུགས་བྱེད་ཀྱི་ཡོད་ན་ཡང་། མང་པོ་ཞིག་གིས་ལས་འགུལ་འདི་དག་ལ་འཛུལ་ཞུགས་བྱེད་ཀྱི་མེད། ཞང་ཀང་དུ་ཡོད་པའི་ (Oriental Morning Post) ཀྱི་གསར་འགོད་པ་ཤུ་ཅན་ཚུང་ (Xue jiancong) ཟེར་བ་ཞིག་གིས། རང་ཉིད་ལ་ལས་ཀ་གཞན་མང་པོ་ཡོད་པའི་ལས་བྲེལ་གྱི་དབང་གིས་སློབ་གསོའི་ལས་འགུལ་དེར་ཞུགས་མེད་ཅེས་བརྗོད་ཡོད།
ཤིན་ཧྭ་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལན་གྱི་ཡིག་རྒྱུགས་དེ་དམར་ཤོག་ཚོགས་པས་གསར་འགོད་ལས་རིགས་དང་གསར་འགྱུར་བརྒྱུད་ལམ་ལ་དམ་དྲག་གི་གོམ་པ་འཕར་མ་ཞིག་སྤོ་མགོ་ཚུགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་དཔོན་རིགས་འདུ་འཛོམས་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས། “ གསར་འགྱུར་བརྒྱུད་ལམ་ཁག་གིས་མར་ཁེ་སིའི་ལྟ་བ་དང་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཏེ་ཆབ་སྲིད་ཀྱི་ལམ་སྣེ་ཡག་པོ་ཞིག་ཏུ་འཁྲིད་ཐུབ་པར་འབད་བརྩོན་བྱ་དགོས་ཞེས་བསམ་ཚུལ་བཏོན་ཡོད་པ་དང་། དངོས་གཞིའི་ཡིག་རྒྱུགས་ཀྱི་དྲི་གཞིའི་ནང་དུའང་སྲིད་འཛིན་ཞི་ཡི་གཏམ་བཤད་མང་པོ་ཞིག་ལུང་འདྲེན་བྱས་ཡོད། “ ཡིག་རྒྱུགས་འདིས། གསར་འགོད་པ་ལས་ཐོག་དང་རྒན་ཡོལ་ཞུས་ཟིན་པ་གཉིས་ཀར། ད་ནས་བཟུང་གནས་ཚུལ་གང་ཞིག་འགོད་ཆོག་པ་དང་གང་ཞིག་འགོད་མི་ཆོག་པའི་ཐད་སློབ་གསོ་སྤེལ་རྒྱུ་ཡིན་ལ། གནད་དོན་འདིས་ཉི་མ་དེ་རིང་ནས་བཟུང་གསར་འགོད་ལས་རིགས་ཐོག་ཁྲིམས་འདི་དང་དེ་གཏན་འབེབས་བྱས་ཡོད་ཅེས་ལབ་སྟེ། གསར་འགོད་པ་ཚོར་སོ་སོའི་འདོད་པ་གཞིར་བཟུང་གིས་གསར་འགྱུར་འགོད་རྒྱུའི་རང་དབང་མེད་པ་གསལ་པོར་བཏོན་ཡོད་ཅེས་ ” པེ་ཅིན་ཕྱི་རྒྱལ་ཉམས་ཞིབ་གཙུག་ལག་སློབ་གཉེར་ཁང་ (Beijing Foreign Studies University ) གི་དགེ་རྒན་ཆེན་མོ་ཆུའོ་མོ་ (Qiao mu) ལགས་ཀྱིས་ཁ་པར་བརྒྱུད་བཅར་འདྲི་ཞིག་གི་ལན་དུ་བརྗོད་ཡོད།
ཁྱོད་ལ་ཡིག་རྒྱུགས་འདི་གཏོང་རྒྱུ་ཡིན་ན། ཟུར་ལྟའི་དཔྱད་གཞིའི་དེབ་གཉིས་ལ་གཞི་བཅོལ་དགོས། དེབ་དེ་གཉིས་ནང་གསར་འགོད་པ་ལས་ཐོག་དང་རྩོམ་སྒྲིག་པ་གཉིས་ཀར་དངོས་གཞིའི་སྦྱོང་བརྡར་བྱེད་པའི་རྒྱུ་ཆའི་ཚུལ་དུ། རྒྱ་ནག་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་། མར་ཁེ་སིའི་གསར་འགོད་རིག་པའི་ལྟ་གྲུབ་དང་ཀུན་སྤྱོད། གསར་འགྱུར་བརྒྱུད་ལམ་ཁག་གི་སྒྲིག་ཁྲིམས། ད་དུང་གསར་འགྱུར་འབྲི་ཐབས་གསར་བ་དང་། མི་བདེན་རྫུན་བསྒྲིགས་ཀྱི་གནས་ཚུལ་རིགས་ཚགས་པར་དུ་མི་འགོད་པར་དེ་ལས་གཡོལ་ཐབས་བྱེད་པའི་ཐབས་ལམ་གང་དང་གང་ཡོད་མེད་གསལ་པོར་བྲིས་ཡོད་ཅིང་། དེབ་དེའི་ནང་ཁྱེད་རང་གི་ཡིག་རྒྱུགས་སྦྱོང་བརྡར་གྱི་གནད་དོན་ཁག་དྲི་བ་ ༦༠༠ ལྷག་ཏུ་འདུས་པ་བྱས་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་གསར་འགྱུར་དཔར་སྐྲུན་འཛིན་སྐྱོང་ཁང་གི་མགོ་གཙོ་ཅང་ཅན་གོ་ཡིས་ (Jiang Jianguo ) ཡིག་རྒྱུགས་ཆེད་དུ་སྦྱོང་དགོས་པའི་ཟུར་ལྟའི་དཔྱད་གཞིའི་དེབ་འདིའི་མགོ་བརྗོད་དུ། རྒྱ་ནག་མི་མང་གི་རྨི་ལམ་མངོན་དུ་འགྱུར་བའི་གསར་འགོད་པ་ཞིག་བྱེད་དགོས་ཞེས་བྲིས་ཡོད་ལ། གསར་འགྱུར་དཔར་སྐྲུན་ཁང་གི་ལས་བྱེད་ཚོས་རྒྱ་ནག་མི་མང་གི་རྨི་ལམ་མངོན་འགྱུར་བྱེད་ཐུབ་པའི་ལོ་རྒྱུས་ཀྱི་དྲན་པ་གསལ་པོའི་སྒོ་ནས་ཤེས་རྟོགས་དང་། ཕྲག་པར་འགན་འཁུར་ཐུབ་པ་བྱེད་དགོས་ཞེས་སོགས་བྲིས་ཡོད།
རྒྱ་ནག་དང་ཕྱི་རྒྱལ་མི་རིགས་ཚོའི་གསར་འགོད་ལས་རིགས་ཀྱི་ལྟ་གྲུབ་ཐོག་ཁྱད་པར་གང་ཡོད་ཐད། དེབ་འདིའི་ནང་། “དེང་རབས་ཅན་གྱི་ལམ་བུའི་ཐོག་འགྲུལ་བཞུད་བྱ་རྒྱུར་ལམ་མི་འདྲ་བ་མང་པོ་ཡོད་པ་བཞིན། ཤར་ཕྱོགས་དང་ནུབ་ཕྱོགས་ (འདིར་རྒྱ་ནག་དང་ཕྱི་རྒྱལ་ལ་གོ) ཀྱི་མདུན་སྐྱོད་ལམ་བུ་མི་འདྲ་བ་ཡོད་པ་རྒྱུན་ལྡན་ཡིན། ཡར་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུར་བཞུད་ལམ་གཅིག་པ་དང་། སྔར་ནས་གཏན་འབེབས་བྱས་པའི་ལྟ་གྲུབ་ཅིག་ནམ་ཡང་མེད། དེང་རབས་ཅན་ཟེར་དུས་ནུབ་ཕྱོགས་ཀྱི་ལམ་སྲོལ་ལྟ་བུར་ཟེར་གྱི་མེད་ལ། ལྷག་པར་དུ་ཨ་རིའི་དེང་རབས་ཅན་གྱི་ལུགས་སྲོལ་དེར་ཡང་གོ་གི་མེད ” ཅེས་སོགས་བསྟན་ཡོད།
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནི་ཞིབ་བཤེར་ (censored ) ནན་པོ་བྱས་ཡོད་ལ། དྲིལ་བསྒྲགས་སྡེ་ཚན་གྱི་དབང་འཛིན་པ་ཚོས། རྒྱུན་དུ་རྒྱ་རིགས་གསར་འགོད་པ་དང་རྩོམ་སྒྲིག་པ་ཚོར་ཁ་པར་དང་མྱུར་འཕྲིན་ (faxes) བཏང་སྟེ། གནས་ཚུལ་གང་ཞིག་ཚགས་པར་སྟེང་དུ་འགོད་ཆོག་མིན་ཐད་ཞིབ་ཅིང་ཕྲ་བའི་བཀོད་ཁྱབ་དང་། གལ་ཏེ་གཞུང་འབྲེལ་གནས་ཚུལ་ཛ་དྲག་རིགས་ཅི་ཞིག་ཡིན་ཡང་། ཚགས་པར་སྟེང་འགོད་མི་ཆོག་པའི་བཀོད་མངགས་གཏོང་གི་ཡོད།
ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་མི་འདྲ་བར། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་འགན་གཙོ་བོ་དམར་ཤོག་ཚོགས་པ་དང་མི་མང་གི་རྣ་དང་མིག མགྲིན་པ། ལྕེ་བཅས་བྱེད་དགོས་ལ། ལས་འགན་འདི་རྒྱལ་ཁའི་ངང་འགྲུབ་པར་བྱེད་པ་ལ་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་སོ་སོའི་ཚོགས་པ་ (རྒྱ་ནག་དམར་ཤོག་ཚོགས་པར་གོ ) དང་ཚོགས་པའི་མགོ་འཁྲིད་རྣམས་ལ་གཞུང་དྲང་དང་། གསར་འགོད་རིག་པའི་ཆེད་ལས་ཀྱི་སྙིང་དོན་དེ་ཚོགས་པ་ལ་གཞུང་དྲང་བྱེད་པའི་ལམ་སྲོལ་ཞིག་ཏུ་བསྒྱུར་ཐུབ་པ་བྱེད་དགོས་ཞེས་བྲིས་ཡོད།
སྐུ་ཞབས་ (Mr. Xue ) ལགས་ཀྱི་བརྗོད་ན། ཡིག་རྒྱུགས་འདིས་གསར་འགོད་པའི་ལས་རིགས་ཐོག་ཉམས་མྱོང་མེད་པའི་མི་རྣམས་གཙང་སེལ་བྱེད་ཐུབ་པ་དང་། མི་བདེན་རྫུན་བསྒྲིགས་བྱས་པའི་གསར་འགྱུར་རིགས་རྩ་མེད་བཏང་སྟེ་གསར་འགོད་པའི་ཆེད་ལས་མུ་མཐུད་ཡར་རྒྱས་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་ཀྱང་། རྒྱ་རིགས་གསར་འགོད་པ་ཁག་ཅིག་ལ་མཚོན་ན། ད་ལན་གྱི་ཡིག་རྒྱུགས་འདི་ཧང་སང་དགོས་པའི་གནས་ཚུལ་གློ་བུར་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། ཛ་དྲག་གནས་ཚུལ་དེའི་རྐྱེན་གྱིས་རང་གི་མིང་སྦ་གསང་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཁག་ཅིག་གིས་ “ ཁྱེད་རང་གི་ཤེས་གསལ་ལ། རྒྱ་ནག་ནི་གསར་འགོད་པའི་རང་དབང་མེད་པའི་རྒྱལ་ཁབ་ཅིག་ཡིན་ལ། ངས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་པ་ཞིག་ལ་ཁོ་ཚོས་ (རྒྱ་རིགས་གསར་འགོད་པ།) ཕན་ཚུན་བར་ཁོང་དགོད་རེ་བྱས་ཏེ། ད་ལན་གྱི་ཡིག་རྒྱུགས་གནས་ཚུལ་འདི་གལ་ཆེན་པོ་ཞིག་ལ་རྩི་གི་མ་རེད་ཅེས་བརྗོད་ཡོད།”
ཡིན་ན་ཡང་། སྐུ་ཞབས་(Mr. Xue ) ཡིས་བཤད་པ་ལ། “ ད་ལན་ཡིག་རྒྱུགས་འདི་རྒྱ་ནག་ནང་གསར་འགོད་པ་བྱེད་རྒྱུའི་གཏན་འཇགས་ཆ་རྐྱེན་དང་དགོས་མཁོ་ཞིག་ལ་ནམ་ཡང་ངོས་འཛིན་གྱི་མེད་ལ། ང་རང་གི་བསམ་ཚུལ་ལ་ཡིག་རྒྱུགས་གནས་ཚུལ་འདི་ཛ་དྲག་གི་དུས་ཚོད་ཅིག་ལ་འཕྲད་མིན་གྱིས་གཏོང་དགོས་པ་ཞིག་མིན་པར། ཡིག་རྒྱུགས་འདི་ལོ་གཅིག་ནང་ཁུལ་ལ་བསྒྲུབ་དགོས་པ་ཞིག་ཆགས་ཡོད་སྟབས། ཕལ་ཆེར་ཚད་ལས་བརྒལ་བའི་ནུས་ཤུགས་ཤིག་འདོན་དགོས་པ་ཆགས་རྒྱུ་རེད།” ཅེས་བརྗོད་ཡོད།
གཤམ་གྱི་དཔེ་མཚོན་གྱི་དྲི་བ་འདི་དག ཁྱེད་རང་རྒྱ་ནག་ནང་གསར་དགོད་པ་བྱེད་པའི་ཆ་རྐྱེན་ཚང་ཡོད་མེད་ཀྱི་ཡིག་རྒྱུགས་ལས་དྲི་བ་གལ་ཆེན་ཁག་ཅིག་ཟུར་འདོན་བྱས་པ་ཡིན།
ཁྱེད་རང་རྒྱ་ནག་ནང་གསར་འགོད་པ་བྱེད་རྒྱུའི་ཆ་རྐྱེན་ཚང་ཡོད་དམ། གཤམ་གསལ་གཞུང་འབྲེལ་གྱི་དངོས་
གཞིའི་སྦྱོང་བརྡར་གྱི་དེབ་འདིའི་ནང་ནས་དྲི་བ་འདི་དག་ལ་ལན་འདེབས་དགོས་སྟབས། དྲི་བའི་ལན་ཚང་མ་འོག་ཏུ་ཡོད།
༼༡༽ རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གང་ཡིན་ནམ།
ཀ༽ སྤྱི་ཚོགས་འཆམ་མཐུན།
ཁ༽ བདེ་སྐྱིད་ལྡན་པའི་ངང་ནས་འཚོ་བ་བསྐྱལ་རྒྱུ།
ག༽ ཚང་མ་བདེ་སྐྱིད་ལྡན་པའི་ངང་ནས་འཚོ་བ་བསྐྱལ་རྒྱུ།
ང༽ དེང་རབས་ཅན་བཞི།
༼༢༽ བློ་མཐུན་ཞི་ཅིན་ཕིན་གྱིས་རྒྱ་ནག་མི་མང་གི་རྨི་ལམ་ནི་གལ་ཆེ་ཤོས་_____རྨི་ལམ་ཡིན།
ཁ༽ ངལ་རྩོལ་གྲལ་རིམ།
ག༽ རྒྱ་ནག་དམར་ཤོག་ཚོགས་པ།
ང༽ འཛམ་གླིང་གང་སར་ཡོད་པའི་རྒྱ་ནག་མི་མང་ཚང་མ།
༼༣༽ བློ་མཐུན་ཞི་ཅིན་ཕིན་གྱིས་རྒྱ་ནག་མི་མང་གི་རྨི་ལམ་མངོན་དུ་འགྱུར་བར་ང་ཚོས་______བཞུད་ལམ་ཐོག་བསྐྱོད་དགོས།
ཀ༽རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས།
ག༽ ཞི་བདེ་ངང་ནས་ཡར་རྒྱས།
ང༽ བཅོས་བསྒྱུར།
༼༤༽ བློ་མཐུན་ཞི་ཅིན་ཕིན་གྱིས་རྒྱ་ནག་མི་མང་གི་རྨི་ལམ་མངོན་དུ་འགྱུར་བར་ང་ཚོ་ཚང་མས་རྒྱལ་ཁབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་གསུངས་པའི་སྟོབས་ཤུགས་དེ་གང་ཡིན་ནམ།
ཀ༽ རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཀྱི་སྟོབས་ཤུགས།
ཁ༽ རྒྱ་ནག་གི་མི་རིགས་ཚང་མ་རྡོག་རྩ་གཅིག་ལ་བསྒྲིལ་རྒྱུའི་སྟོབས་ཤུགས།
ག༽ ངལ་རྩོལ་གྲལ་རིམ་གྱི་སྟོབས་ཤུགས།
ང༽ འཛམ་གླིང་གང་སར་ཡོད་པའི་རྒྱ་ནག་མི་མང་ཚང་མའི་སྟོབས་ཤུགས།
༼༥༽ རྒྱ་ནག་མི་མང་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི།
ཀ༽ བཅོས་བསྒྱུར།
ཁ༽ དཔལ་འབྱོར་གྱི་སྒྲོམ་གཞི་ཡར་རྒྱས་གཏོང་རྒྱུ།
ང༽ སྤྱི་ཚོགས་ཀྱི་ཐོན་སྐྱེད་འདྲ་མཉམ་ངང་གོང་འཕེལ་གཏོང་རྒྱུ།
༼ ༦༽བློ་མཐུན་ཞི་ཅིན་ཕིན་གྱིས་རྒྱ་ནག་མི་མང་གི་རྨི་ལམ་མངོན་དུ་འགྱུར་བར་བྱེད་པ་ལ་མི་མང་ལ་སྙིང་སྟོབས་གང་ཞིག་དགོས་སམ།
( ལན་གཅིག་ལས་མང་བ་འདེམས་ཆོག)
ཀ༽རྒྱལ་ཞེན་རིང་ལུགས་ཀྱི་སྙིང་སྟོབས།
ཁ༽ དུས་དང་མཚམས་པའི་བཅོས་བསྒྱུར་དང་ལེགས་སྤེལ་གྱི་སྙིང་སྟོབས།
ག༽ཁྲིམས་དང་དམངས་གཙོའི་ཆབ་སྲིད་ཀྱི་སྙིང་སྟོབས།
ང༽ གཞུང་དྲང་དང་ཆེ་བསྟོད་ཀྱི་སྙིང་སྟོབས།
༼༧༽ གསར་དགོད་པ་ཚོས་གང་འདྲ་བྱས་ན་མི་མང་གི་བསམ་ཚུལ་བསྡུ་རུབ་དང་ཡར་རྒྱས་གཏོང་ཐུབ་བམ།( ལན་གཅིག་ལས་མང་བ་འདེམས་ཆོག)
ཀ༽ ཚོགས་པའི་དམིགས་ཡུལ་དང་ངོ་བར་ནན་སྐུལ་བྱེད་པ།
ཁ༽ སོ་སོའི་ཤར་ཕྱོགས་མི་རིགས་ཀྱི་ལྟ་བ་ནན་སྐུལ་བྱེད་པ།
ག༽ ལེགས་བཅོས་དང་བཅོས་བསྒྱུར་མུ་མཐུད་བྱེད་པ།
ང༽ འཇོན་ཐང་ལྡན་པའི་མི་སྐྱེད་བསྲིང་དང་གསོ་སྐྱོང་བྱེད་པ།
༼༨༽ སྲིད་བློན་ཀྲུ་རིན་ཇི་(Zhu Ronji)ཡིས་གལ་གནད་ཆེན་པོའི་སྒོ་ནས། ཐེའི་ཝན་རང་བཙན་སུ་ཞིག་གིས་རྩོད་ན་འཇུག་འབྲས་ཡག་པོ་སྨིན་རྒྱུ་མེད་པའི་བཀའ་སློབ་གནང་ཡོད། ཚིག་འདི་ང་ཚོའི་རྣ་ལམ་དུ་འཛུལ་བ་དང་ཡ་ཆུང་སྙིང་དེ་ལན་གཅིག་དཀྲུག་པར་བྱེད། ལུང་འདྲེན་དེ་ལས་ང་ཚོར་བསླབ་བྱ་གང་ཞིག་ལེན་རྒྱུ་འདུག་གམ།
ཀ༽ འདིས་གཏམ་བཤད་སྤེལ་མཁན་གྱི་བསམ་ཚུལ་ངོ་མ་གསལ་བོར་ཕྱོགས་བསྡུས་བྱས་འདུག
ཁ༽ འདིས་དངོས་ཡོད་གནས་ཚུལ་ཞིག་མདོར་བསྡུས་ནས་བསྟན་འདུག
ག༽ དོན་སྙིང་འདུས་པའི་གཏན་ཚིག་ཅིག་རེད་འདུག
ང༽ བར་མཚམས་མ་ཆད་པའི་གནད་དོན་ཞིག་མཁོ་འདོན་བྱས་འདུག
༼༩༽ ང་ཚོའི་རྒྱལ་ཁབ་ཀྱི་གསར་འགྱུར་གྱི་གཞི་རྩའི་རྩ་འཛིན་དང་ལེགས་ཉེས་གང་ཞིག་ཡིན་ནམ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསར་འགྱུར་གྱི་གཞི་རྩའི་རྩ་འཛིན་དང་ལེགས་ཉེས་གང་ཞིག་ཡིན་ནམ། ( ལན་གཅིག་ལས་མང་བ་འདེམས་ཆོག)
ཁ༽ མི་མང་ལ་ཞབས་འདེགས་བསྒྲུབ་རྒྱུའི་རྩ་འཛིན།
ག༽ གསར་འགོད་རིག་པའི་ཆེད་ལས་ཀྱི་རྩ་འཛིན།
ང༽ གསར་འགྱུར་རང་དབང་གི་རྩ་འཛིན།
༼༡༠༽ ནུབ་ཕྱོགས་པའི་གསར་འགྱུར་ལེགས་ཉེས་ཀྱི་རྩ་འཛིན་དང་ང་ཚོའི་བར་ཁྱད་པར་གཙོ་བོ་གང་ཞིག་འདུག་གམ།
ཀ༽ ང་ཚོའི་གསར་འགྱུར་ལེགས་ཉེས་ཀྱི་རྩ་འཛིན་འདི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་རྒྱབ་ལྗོངས་སུ་བཞག་ཡོད། ནུབ་ཕྱོགས་དེང་རབས་ཅན་ཚོའི་གསར་འགྱུར་ལེགས་ཉེས་ཀྱི་རྩ་འཛིན་དེ་མ་རྩ་རིང་ལུགས་ལ་བཞག་ཡོད།
ཁ༽ ང་ཚོའི་གསར་འགྱུར་ལེགས་ཉེས་ཀྱི་གཞིར་རྩའི་རྩ་འཛིན་དེ་མི་མང་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་གཞི་རྩར་བཞག་ཡོད། ནུབ་ཕྱོགས་དེང་རབས་ཅན་ཚོའི་གསར་འགོད་རང་དབང་དེ་གཞི་རྩར་བཞག་ཡོད།
ག༽ ང་ཚོའི་གསར་འགྱུར་ལེགས་ཉེས་ཀྱི་གཞིར་རྩའི་རྩ་འཛིན་མི་མང་ལ་བཞག་ཡོད། ནུབ་ཕྱོགས་དེང་རབས་ཅན་གྱི་གསར་འགྱུར་ལེགས་ཉེས་ཀྱི་རྩ་འཛིན་དེ་གསར་འགྱུར་བརྒྱུད་ལམ་ཁག་གི་སྤྱི་ཚོགས་ཀྱི་འགན་དབང་ལ་བཞག་ཡོད།
ང༽ང་ཚོའི་གསར་འགྱུར་ལེགས་ཉེས་ཀྱི་གཞི་རྩའི་རྩ་འཛིན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གལ་ཆེའི་རང་བཞིན་ལ་གཞི་བཅོལ་བ་དང་། ནུབ་ཕྱོགས་དེང་རབས་ཅན་གྱི་གསར་འགྱུར་ལེགས་ཉེས་ཀྱི་རྩ་འཛིན་དེ་མི་(གསར་འགོད་པ།) སྒེར་གཅིག་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ཁག་ནས་རང་དབང་དགོས་པའི་གལ་ཆེའི་རང་བཞིན་ལ་གཞི་བཅོལ་ཡོད།
༡༽ ཀ ། ༢༽ ཀ། ༣༽ ཀ། ༤༽ ཁ། ༥༽ ང་། ༦༽ཀ་ཁ། ༧༽ ཀ་ཁ་ག་ང་། ༨༽ཀ། ༩༽ཁ་ང་། ༡༠༽ ཁ།
མ་རྩོམ་གྱི་འབྲེལ་ཐག http://sinosphere.blogs.nytimes.com/2013/12/23/are-you-qualified-to-be-a-journalist-in-china-take-the-test/?_php=true&_type=blogs&_r=0