མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་དང་ཁ་སྤུ་དབྱེ་བ་འབྱེད་སྟངས་འདི་འདྲ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རིགས་པའི་ཁུ་བྱུག

དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་ནས་ང་ཚོ་སྤྱི་ཚོགས་ནང་ནས་ཕུད་བྱུང་ཞེས་རྫུན་ཁ་ཆེར་སྒྲོག་བརྒྱུད་ལམ་འདྲ་མིན་ནས་བྱེད་བཞིན་པ་མ་ཟད། བྱུང་རབས་མི་ཤེས་པ་དང་། ཤེས་ཀྱང་མི་ཤེས་ཁུལ་བྱེད་མཁན་སྐྱེ་བོ་འགའ་ཞིག་ནས་ཀྱང་ཁ་དང་ཁ་སྤུ་དབྱེ་འབྱེད་དང་། དཀར་ནག་ཤེན་འབྱེད་བྱས་དྲགས་ནས་སྤྱི་ཚོགས་ཟང་ཟིང་དུ་བཏང་ཚུལ་ཤོད་མཁན་ཡོད། ཁ་མི་གཅིག་པའི་སྐད་ཆ་རེ་རེའི་རྒྱབ་ཏུ་དམིགས་ཡུལ་རེ་ཡོད་ངེས་པས་དེ་ཙམ་དུ་ཟད། དམ་སྲི་དོལ་རྒྱལ་གྱི་ངོ་བོ་དང་། རང་བཞིན། འབྱུང་ཁུངས་སོགས་གང་ཡིན་ཚད་ལྡན་གྱི་དམ་པ་མང་པོས་གླེགས་བམ་དུ་བཀོད་ཟིན་པས་ད་ལྟ་མི་ཡུལ་འདིར་ལག་ཐིལ་ན་སྐྱུ་རུ་ར་བཞག་པ་བཞིན་དུ་གྱུར་ཟིན་པས། ཉི་ཤར་སྦར་མོས་འགེབས་ཐབས་མེད། འོན་ཀྱང་གནད་དོན་འདི་དང་འབྲེལ་བའི་ཉེ་རབས་ཀྱི་བྱུང་བར་ཤེས་དང་མི་ཤེས་དུ་མ་མགྲིན་གཅིག་ཏུ་ཤོད་ཤོད་འདྲ་བྱེད་ཀྱི་འདུག་པས། འདི་དང་འབྲེལ་བའི་ལོ་རྒྱུས་ཀྱི་རགས་ཟིན་ཞིག་ཀུན་གྱི་སྤྱན་ལམ་དུ་བཤམ་ན་སྙམ། དེས་ན་གུས་པས་འདིར་༸གོང་ས་བཅུ་བཞི་པ་ཆེན་པོ་དང་དོལ་རྒྱལ་ཐོག་མར་འབྲེལ་བ་བྱུང་བ་ནས་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་འབྲེལ་བ་གཙང་བཅད་བྱས་པའི་བར་གྱི་བྱུང་བ་རགས་པ་དོན་ཚན་ལྔར་དབྱེ་ཡོད་པས་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།

                                    ༡༽དགེ་ལུགས་ཚོགས་པ།

       སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་ཕྱི་ལོ་ ༡༩༥༡ ལོར་གྲོ་མོ་དུང་དཀར་དགོན་པར་དྲག་པོ་རྒྱལ་ཆེན་དང་། འདུལ་འཛི་ཞི་བའི་ཁོག་ཕེབས་སོ་སོར་འབྲེལ་བ་བྱུང་བ་ནས་བཟུང་༸རྒྱལ་དབང་བཅུ་བཞི་པ་དང་དོལ་རྒྱལ་གྱི་འབྲེལ་བ་མགོ་ཚུགས་པ་རེད། ལྷ་སར་ཕྱིར་ཕེབས་རྗེས་ཆོས་འཁོར་ཡང་རྩེའི་རྒྱལ་ཆེན་དང་། སྤང་ལུང་རྒྱལ་ཆེན་ལའང་ནང་འབྲེལ་བྱུང་ཡོད་འདུག དུས་དེ་མཚམས་ནས་རྒྱུན་དུ་རྒྱལ་ཆེན་འཕྲིན་བཅོལ་གསུང་རྒྱུ་དང་། ལོ་གསར་ཚེས་གསུམ་ཉིན་བསྐང་གསོ་རྒྱས་པ་ཚར་རེ་གསུངས་པ་བཅས་ཀྱི་འབྲེལ་བ་ཙམ་དུ་གནས། རྒྱ་གར་དུ་ཕེབས་འབྱོར་རྗེས་ཡོངས་འཛིན་སྐུ་གཞོན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་དོལ་རྒྱལ་གྱི་སྲོག་གཏད་ཞུ་ལ་ཉེ་བའི་སྐབས་ཤིག་གནས་ཆུང་གཟིམ་ཆུང་སྤྱན་འདྲེན་ཞུ་སྐབས་ཨ་སྲས་འཁྱམ་པོ་བསྟེན་ན་འགྲིག་གི་མི་འདུག་ཅེས་ལུང་བསྟན་བྱུང་། སྐབས་དེར་༸གོང་ས་མཆོག་ནས་ཨ་སྲས་འཁྱམ་པོ་ཞེས་པ་ཤུགས་ལྡན་ལ་ཟེར་བ་ཡིན་ནམ། ཞེས་ཞུས་པར་དེ་རང་ཡིན་གསུངས། དེ་ལྟར་ན་རྒྱལ་ཆེན་བསྟེན་གསོལ་བྱེད་མཁན་མང་པོ་ཡོད་པས་ཞལ་ཁ་བཞུགས་ན་ལེགས་གསུངས། དུས་དེ་ནས་ལོ་བརྒྱད་དགུ་ཙམ་རིང་གནས་ཆུང་གིས་ཚིག་གཅིག་གསུང་མེད་པ་རེད། འོན་ཀྱང་༸གོང་ས་མཆོག་དེར་ཐུགས་དོགས་ཤིག་འཁྲུངས་ཏེ་སྲོག་གཏད་ཞུ་གི་མིན་ཞེས་སྐྱབས་རྗེ་རིན་པོ་ཆེར་སྙན་གསེང་ཞུས། རྒྱུན་གྱི་འཕྲིན་བཅོལ་གསུང་རྒྱུ་དང་ལོ་རེའི་ཧོར་ཟླ་དང་པོའི་ཚེས་གསུམ་ཉིན་རྒྱལ་ཆེན་བསྐང་གསོ་རྒྱས་པ་གསུང་རྒྱུ་མཚམས་འཇོག་མ་བྱས་པར་བསྟེན་གསོལ་མུ་མཐུད་གནང་།

       དེ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གསར་བཞེངས་ཐོག་རྟེན་གཙོར་སྟོན་པ་ཐུགས་རྗེ་ཅན་དང་། ཐུགས་རྗེ་ཆེན་པོ་རང་འབྱུང་ལྔ་ལྡན། གུ་རུ་སྣང་སྲིད་ཟིལ་གནོན་བཅས་ཀྱི་སྐུ་བརྙན་བོད་བསྟན་སྲིད་མི་རིགས་དང་བཅས་པའི་བསོད་ནམས་ཀྱི་བགོ་སྐལ་དུ་གསར་བཞེངས་མཛད། དུས་དེ་མཚམས་ཤིག་ཏུ་ཛེ་སྨད་རིན་པོ་ཆེ་དང་། སྟག་ལུང་བྲག་དབུ་མཛད་སོགས་ཀྱིས་དགེ་ལུགས་ཚོགས་པ་ཞེས་པའི་མིང་ཐོག་ནས་གཙུག་ལག་ཁང་དུ་སློབ་དཔོན་གྱི་སྐུ་བཞེང་ན་མི་འགྲིག་པ་དང་། རྗེ་རིན་པོ་ཆེའི་སྐུ་བཞེང་དགོས་པའི་ཡི་གེ་བཏང་སྟེ་ཆོས་ལུགས་ཐེན་འཁྱེར་གྱི་སྒོ་དབྱེ་བྱས། སློབ་དཔོན་ཐུགས་རྗེ་ཅན་དང་བོད་འབངས་བར་དམིགས་བསལ་གྱི་ཐུགས་འབྲེལ་མཐུན་མོང་མ་ཡིན་པ་ཞིག་ཡོད་པར་བརྟེན་གཙུག་ལག་ཁང་དུ་བོད་བསྟན་སྲིད་ཀྱི་ཞབས་རིམ་དུ་མཧཱ་གུ་རུའི་འབུམ་ཚོགས་༸གོང་ས་མཆོག་དབུ་བཞུགས་ཀྱིས་ཚུགས། ཚོགས་གྲལ་དུ་དགེ་ལུགས་པའི་གྲྭ་བཙུན་མང་པོ་ཉིན་གཉིས་པ་ནས་མ་བསླེབས་པའི་རྒྱུ་རྐྱེན་རྩད་འཚོལ་སྐབས་ཛེ་སྨད་རིན་པོ་ཆེས་མཛད་པའི་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པའི་དེབ་སེར་པོ་ཞིག་བཀྲམ་ཡོད་པ་དེར་ཐུག དེབ་དེའི་ནང་དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་གྲལ་དུ་ཞུགས་ན་ཤུགས་ལྡན་གྱི་ཚར་གཅོད་བྱེད་ཚུལ་འཇིགས་སྣང་སྐྱེ་དགོས་པའི་དཔེ་མཚོན་མང་དག་ཅིག་དྲངས་ནས་བཤད་ཡོད། དེར་ས་སྐྱའི་ཏྲེ་ཧོར་གདོང་ཐོག་རིན་པོ་ཆེས་དགག་པ་ཞིག་མཛད་ནས་བཀྲམ། ཛེ་སྨད་རིན་པོ་ཆེའི་དེབ་དེ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དགོངས་པ་ཡིན་པ་ཡོངས་སུ་གྲགས། གདོང་ཐོག་རིན་པོ་ཆེའི་དེབ་དེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དགོངས་པ་ཡིན་ཚུལ་སྐད་ཆ་མང་པོ་བྱུང་། དགེ་ལུགས་པ་ཁ་ཤས་ཀྱིས་གདོང་ཐོག་རིན་པོ་ཆེའི་དེབ་ལ་དགག་ལན་གྲ་སྒྲིག་བྱས། རྙིང་མ་པ་འགས་གདོང་ཐོག་རིན་པོ་ཆེའི་དེབ་ལ་རྒྱབ་སྣོན་གྲ་སྒྲིག་བྱས། དེ་ལྟར་ན་ཆོས་ལུགས་འཐེན་འཁྱེར་གྱི་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུ་གདོན་མི་ཟ་བ་ཡིན།

༸གོང་ས་ཆེན་པོའི་དགོངས་པར་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་གནད་དོན་འདི་ད་ཆ་ཆོས་ལུགས་འཐེན་འཁྱེར་གྱི་གཞི་ཆེན་པོར་གྱུར་ཏེ་སྤྱི་ཚོགས་རྙོག་གླེང་གིས་ཁྱབ་ཉེན་དུ་ཡོད་ཀྱང་། གནས་ཆུང་གི་ཞལ་ད་དུང་ཡང་བཀག་བཞག་ན་དེ་ནི་མ་དྲང་པ་ཆེན་པོ་ཞིག་ཏུ་གཟིགས་ཏེ་གནས་ཆུང་སྐུ་གསོལ་གྱིས་ད་ཕར་ཕྱོགས་ནས་གང་དྲན་བྱེད་ཀྱི་འདུག ཁྱེད་རང་ལ་གང་གསུང་རྒྱུ་ཡོད་ནའང་གསུང་ཤོག་ཅེས་ཞུས་པར་དོལ་རྒྱལ་དང་འབྲེལ་བའི་སྔ་ཕྱིའི་ལོ་རྒྱུས་ཞིབ་པར་གསུངས། དོལ་རྒྱལ་བསྟེན་གསོལ་བྱས་ན་ལྷ་མོ་འཁོན་གྱི་ཡོད་པ་མཁྱེན་རྟོགས་བྱུང་། དེ་རྗེས་གང་ཉིད་ནས་དེའི་ཐོག་བརྟག་པ་ཞིབ་གསལ་གནང་སྟེ་མཐར་བསྟེན་གསོལ་མཚམས་འཇོག་གནང་དང་མ་གནང་ཟན་བརྟག་བསྒྲིལ་ནས་ཐག་གཅོད་མཛད་པར་བསྟེན་གསོལ་མཚམས་འཇོག་བྱས་ན་ལེགས་པ་ཕེབས། དེ་ནས་བཟུང་༸གོང་ས་མཆོག་སྐུ་སྒེར་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གཙང་མ་གནང་། དེ་ལས་སྤྲོས་པའི་དམ་བསྒྲགས་ཀྱི་བཀའ་སློབ་སོགས་གང་ཡང་མ་ཕེབས་པར་གནས། དེ་རྗེས་བྱང་རྩེ་གྲྭ་ཚང་ནང་བཀྲ་མི་ཤིས་པ་མང་པོ་བྱུང་བ་ཐུགས་དམ་ཕུལ་འབྱོར་བཞིན་གལ་ཆེར་དགོངས་ཏེ་ཟན་བརྟག་བསྒྲིལ་བར་དོལ་རྒྱལ་བསྟེན་གསོལ་བྱས་པས་ལྷ་མོ་འཁོན་པ་གསལ་བབས་བྱུང་། དེ་ནས་རིམ་པས་དོལ་རྒྱལ་བསྟེན་གསོལ་ཐད་གཟབ་ནན་དགོས་པའི་བཀའ་སློབ་རྒྱ་ཆེར་ཕེབས། མཚམས་འདི་ནས་ཛེ་སྨད་རིན་པོ་ཆེས་བརྩམས་པའི་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པའི་སྐོར་རག་ཙམ་གསལ་བཤད་བྱ་རྒྱུ་ཡིན། ཛེ་སྨད་རིན་པོ་ཆེའི་དེབ་དེའི་ནང་དགེ་ལུགས་པ་ཞིག་གིས་རྙིང་ཆོས་བྱས་ན་རྒྱལ་ཆེན་གྱིས་ཚར་གཅོད་ཚ་ནན་བྱེད་ཚུལ་དང་། དེ་ལྟར་བླ་ཆེན་མི་ཆེན་འདི་དང་འདི་ཞེས་བྱ་བ་ཚར་གཅོད་ཇི་ལྟར་བྱས་ཚུལ་མང་དག་ཅིག་དྲངས་ཡོད། དོལ་རྒྱལ་གྱི་གདོང་རིས་ངོ་མ་དེ་དེབ་དེའི་ནང་ནས་གསལ་པོ་མཐོང་ཐུབ།

                             ༢༽ལྷ་མི་སྲུང་སྐྱོབ་ཚོགས་པ།

       ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་གྱི་གནད་དོན་དེར་ཞིབ་འཇུག་གཏིང་ཟབ་གནང་བའི་གྲུབ་དོན་དུ། དོལ་རྒྱལ་དེ་བཞིན་སྨོན་ལམ་ལོག་པའི་དམ་སྲི་བསྟན་དང་འགྲོ་བ་ལ་གནོད་ཅིང་འཚེ་བ་བྱེད་མཁན་དགེ་ལྡན་པའི་དམ་སྲི་ཞིག་ཡིན་པ་མཁྱེན་རྟོགས་བྱུང་སྟེ། ཆོས་བྱེད་མི་སྣ་དང་མང་ཚོགས་ནང་ལམ་སྟོན་ཁ་གསལ་རིམ་པར་ཕེབས་པ་མ་ཟད། དེར་ཉན་དང་མི་ཉན་ཡང་སོ་སོའི་རང་དབང་ཡིན་པ་ཡོངས་གྲགས་མཛད། དེ་རྗེས་དོལ་རྒྱལ་བསྟེན་གསོལ་མཁྲེགས་བཟུང་བྱེད་མཁན་མི་སྣ་ཁག་ཅིག་ནས་ལྷ་མི་སྲུང་སྐྱོབ་ཚོགས་པ་ཞེས་པའི་ཚོགས་པ་གསར་འཛུགས་བྱས་ཏེ་ངོ་རྒོལ་སྐད་འབོད་དར་འཕྱར་སོགས་བྱས་པ་ཙམ་དུ་མ་ཟད། དགོན་པའི་ཟན་རྩྭ་དང་འབྲུ་མཛོད་སོགས་ལ་མེ་བརྒྱབ་པ་དང་། ༸གོང་ས་ཆེན་པོའི་བཀའ་སློབ་ལམ་སྟོན་བཞིན་ཤར་བསྐྱོད་བྱེད་མཁན་སེར་སྐྱ་སུ་ཡིན་ལ་ཉེས་བརྡུང་བཏང་སྟེ་དབང་པོ་སྐྱོན་ཅན་བཟོས་པའང་མི་ཉུང་བ་ཞིག་བྱུང་ཡོད། མཐར་བཞུགས་སྒར་ངྷ་སར་མཚན་ཉིད་སློབ་གྲྭའི་དབུ་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་དང་དགེ་ཕྲུག་གཉིས་བཅས་དམར་གསོད་བཏང་སྟེ་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ཏེ་སྐྱབས་གནས་འདྲེ་ལ་བཅོལ་བའི་རྟགས་དམར་རྗེན་དུ་བསྟན། ངན་སྤྱོད་འདི་ཚོས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སྤྱི་ཚོགས་ཟང་ཟིང་དུ་བཏང་ཡོད་ཀྱང་ད་དུང་མཚམས་འཇོག་མེད་པར་ངན་སྤྱོད་མུ་མཐུད་སྤེལ། མཚན་ཉིད་སློབ་གྲྭའི་དབུ་འཛིན་དམར་གསོད་གཏོང་མཁན་གྱི་ལག་དམར་བ་དེ་དག་རྒྱ་གར་ཉེན་རྟོགས་ལས་ཁུངས་ནས་འཛིན་བཟུང་བཀའ་རྒྱ་བཀྲམ་སྟེ་རྩད་འཚོལ་བྱེད་སྐབས་ལག་དམར་ལ་དེ་ཚོ་ཀ་རེ་ཀོ་རེ་གང་ཡང་མེད་པར་ཀྲུང་དབྱང་གི་སྤང་དུ་ཐད་བསྐྱོད་བྱས་པ་རེད། དེ་ནས་བཟུང་ཁོ་ཚོའི་རྒྱབ་རྟེན་བཅོལ་ཡུལ་ཀྲུང་དབྱང་སྲིད་གཞུང་ཡིན་པའི་ཁ་ཕྱོགས་གསལ་སྟོན་བྱས།

                      ༣༽རྒྱ་ནག་དང་འབྲེལ་བའི་རྒྱུད་རིམ།

རྒྱ་ནག་དང་འབྲེལ་ཡོད་ཀྱི་རྒྱུད་རིམ་ཐོག་ནས་བཤད་ན་མཚན་ཉིད་སློབ་གྲྭའི་དབུ་འཛིན་དམར་གསོད་གཏོང་མཁན་གྱི་ལག་དམར་བར་ཀྲུང་དབྱང་ནས་སྣེ་ལེན་གཟབ་རྒྱས་བྱས་པ་ནས་བཟུང་། ཀྲུང་གུང་དང་དོལ་ཚོགས་བར་གྱི་འབྲེལ་ཐག་ཇེ་ཉེར་སོང་ཡོད། ཁོང་ཚོའི་མཛའ་འབྲེལ་དེའི་འོག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ས་གནས་ཀྱི་དཔོན་རིགས་ཆེ་ཆུང་མང་པོ་ཕྱི་རྒྱལ་ཡུལ་ཁག་ལ་ཕྱོགས་བསྐྱོད་བྱེད་སྐབས་དོལ་རྒྱལ་ཕྱོགས་གཏོགས་ཀྱི་ཆོས་ཚོགས་རྒྱལ་ཁོངས་སོ་སོར་ཡོད་པ་ནས་སྣེ་ལེན་མགྲོན་བསུ་བྱེད་པ་དང་། དོལ་རྒྱལ་ཕྱོགས་གཏོགས་ཀྱི་བླ་གྲྭའི་གཟུགས་ཅན་མང་པོ་རྒྱལ་ཁོངས་སོ་སོའི་ནང་ཡོད་ཀྱི་རྒྱ་ནག་གི་གཞུང་ཚབ་ཁང་དུ་ལས་དོན་ཆེད་ཕར་འགྲོ་ཚུར་འོང་བྱེད་པ་མ་ཟད། ལོ་གསར་སོགས་དུས་ཆེན་སྟོན་མོའི་རིགས་ལ་ཕན་ཚུན་མགྲོན་འབོད་བྱེད་རེས་སོགས་བྱེད་བཞིན་ཡོད། བལ་ཡུལ་དུ་དཀྲུང་དབྱང་ནས་དོལ་ཚོགས་ལ་ས་ཁང་ཉོ་སྒྲུབ་ཀྱི་རོགས་རམ་མངོན་གསལ་དུ་བྱས་པ།  བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གནད་ཡོད་ལས་བྱེད་ལྷ་ཀླུ་ཚེ་དབང་རྡོ་རྗེའི་བུ་ཤིང་བཟའ་བསྟན་འཛིན་ཆོས་གྲགས་ཀྱིས་གཞིས་ཀྱི་གདན་ས་སེ་ར་སོགས་སུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་ཚོར་ཁྱེད་ཚོའི་ཆོས་དད་རང་མོས་ལ་ང་ཚོས་རྒྱབ་སྐྱོར་རོགས་རམ་བྱེད་ཀྱི་ཡིན་ཞེས་བརྗོད་དེ་ངན་པ་བསྡུ་རུབ་བྱས།

ལྷོ་ཁ་བསམ་ཡས་དགོན་པའི་ཉེ་འགྲམ་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་བདེ་ཐབས་སླད་གསར་བཞེངས་བྱས་པའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཐོག་རྩེག་ཅན་ཞིག་ཡོད་པ་དེ་བཞིན་དོལ་རྒྱལ་རྗེས་འབྲང་པས་ངན་བསྐུལ་བྱས་པ་ལྟར་ཀྲུང་དབྱང་སྲིད་གཞུང་གིས་རྩ་གཏོར་བཏང་། དེ་རྗེས་ཡང་སྐྱར་སྟོད་ཁུལ་གྱི་རི་སྟེང་ཞིག་ཏུ་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཐོག་རྩེག་མ་ཞིག་གསར་བཞེངས་བྱས་ཡོད་པ་དེ་ཡང་རྒྱ་དམག་གིས་རྩ་གཏོར་བཏང་ཡོད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་སྤྱིའི་ཨོ་ལན་པིཀ་རྩེད་འགྲན་མགོ་འཛུགས་ལ་ཉེ་བའི་སྐབས་རྒྱལ་སྤྱིའི་མི་སྣ་ཆེ་ཆུང་མང་དག་ཅིག་པེ་ཅིན་ལ་འཛོམས་ཀྱི་ཡོད་པར་བརྟེན་ཀྲུང་དབྱང་སྲིད་གཞུང་ནས་ད་བར་གསོ་སྐྱོང་བྱས་པའི་དོ་རྒྱལ་རྗེས་འབྲང་གི་མི་སྣ་མང་པོ་ལས་གྲུབ་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་རྒྱུའི་འཆར་གཞི་བསྒྲིགས། དེའི་ཁོངས་སུ་རྒྱ་གར་དང་ཡུ་རོབ་ནང་ཡོད་དོལ་རྒྱལ་རྗེས་འབྲང་པའི་བླ་གྲྭ་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད།

       ཕྱི་ལོ་ ༢༠༠༡ ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཀྱིས་འབྲེལ་མོལ་དང་མི་སྣ་ཐུགས་འཕྲད་ཐེངས་དགུ་ཙམ་བྱས། འབྲེལ་མོལ་ཐེངས་བཞི་པ་དང་ལྔ་པའི་སྐབས་ནས་ཕན་ཚུན་ལོ་མང་རིང་གོ་འཛོལ་བྱུང་བའི་རིགས་མང་པོར་དོགས་སེལ་བྱུང་སྟེ་ཞི་མོལ་ལ་རེ་བ་ཡོད་པའི་རྣམ་པ་ཐོན།  འབྲེལ་མོལ་ཐེངས་དྲུག་པའི་སྐབས་ཀྲུང་དབྱང་ནས་དོལ་རྒྱལ་དང་འབྲེལ་བའི་རྙོག་དྲ་དེ་འབྲེལ་མོལ་གྱི་ཅོག་ཙེའི་ཐོག་བསྣམས་ཕེབས་པར་བརྟེན་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ལ་རྙོག་དྲ་གསར་པ་བྱུང་། མཐར་དོལ་རྒྱལ་གྱི་རྙོག་དྲ་དེ་ཆབ་སྲིད་དང་འབྲེལ་བའི་རྙོག་འཛིང་གི་ངོ་བོར་གྱུར་པ་རེད།

                             ༤༽ཁ་དང་ཁ་སྤུ་དབྱེ་འབྱེད།

       ཕྱི་ལོ་ ༢༠༠༨ ལོར་པེ་ཅིན་ཨོ་ལེན་པིཀ་རྩེད་འགྲན་ཚུགས་ལ་ཉེ་བའི་སྐབས་ཀྲུང་དབྱང་དང་དོལ་ཚོགས་མཉམ་འབྲེལ་གྱིས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་བསྡུ་རུབ་བྱས་པའི་ནང་རྒྱ་གར་ནང་གི་གདན་ས་གྲྭ་ཚང་ཁག་ནང་ཡོད་པའི་དོལ་རྒྱལ་རྗེས་འབྲང་པའི་མི་འཐུས་ཡོད་པ་ཤེས་རྟོགས་བྱུང་བས། ད་ནི་མི་མང་ཤོག་སྒོར་དང་ལྷན་དུ་ཀྲུང་དབྱང་སྲིད་གཞུང་གི་ཕྱག་རིང་ཡང་བྱེས་ཀྱི་གདན་ས་གྲྭ་ཚང་ནང་ཐད་ཀར་བསྐྱངས་ཐུབ་ཀྱི་ཡོད་པ་གསལ་པོ་བྱུང་བ་རེད། རྒྱ་ཕྱོགས་ནས་གདན་ས་གྲྭ་ཚང་བརྒྱུད་བསྐུལ་བེད་སྤྱོད་གཏོང་བ་འདི་ནི་ལོ་རྒྱུས་ནང་ཐེངས་མང་བྱུང་ཡོད། དེ་མཚམས་ཤིག་ཏུ་འཇང་དགུན་ཆོས་ཚོགས་སྐབས་དགེ་འདུན་པ་མང་པོ་ཞིག་གིས་དམ་ཆོས་འདུལ་བ་གཞིར་བཟུང་སྟེ་དོལ་རྒྱལ་རྗེས་འབྲང་པ་དང་ལྷན་དུ་དམ་བཅའ་ཚུགས་ཀྱི་མིན་ཞེས་སྨྲ་བ་བཅད། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དབུ་འབྱེད་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ་ཟབ་རྒྱས་ཕེབས། གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱས་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དོལ་རྒྱལ་དང་འབྲེལ་བའི་གནད་དོན་འདི་ད་ཆ་ཇི་ཆགས་དང་། ད་ནས་བཟུང་ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་ཏེ་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པ་བྱེད་རྒྱུ་གཞུང་སའི་ལངས་ཕྱོགས་ཡིན་པ་གསལ་བཤད་བྱས། དེར་སེ་འབྲས་དགའ་གསུམ་གྱི་དགེ་འདུན་འདུས་པ་རྒྱ་མཚོ་ནས་རྒྱབ་སྐྱོར་ཁས་ལེན་གཙང་མ་བྱས་ཏེ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དེ་ཁ་དང་ཁ་སྤུ་དབྱེ་འབྱེད་གཙང་མ་བྱས། ཀྲུང་དབྱང་སྲིད་གཞུང་གི་ཕྱག་རིང་སྟོང་པར་ལུས། གདན་ས་གྲྭ་ཚང་ནང་གི་མི་མང་ཤོག་སྒོར་ལ་གཙང་ཕྱག་བྱུང་། ངྷ་སའི་ཚོགས་པ་སྐྱིད་སྡུག་དང་། མི་སྒེར་འགའ་ཤས་ཀྱང་སྐད་ངན་ཤོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཟང་ཟིང་ཉུང་དུ་ཕྱིན་ཡོད་པ་རེད།

                      ༥༽དགེ་ལྡན་སྙན་རྒྱུད་འཛིན་སྐྱོང་ཚོགས་པ།

ལྷ་མི་སྲུང་སྐྱོབ་ཚོགས་པ་དེ་བཞིན་རྒྱ་གར་ནང་ལམ་འགྲོ་མ་བྱུང་བའི་ཐོག་རྒྱ་གར་དབུས་གཞུང་གསང་བའི་ལས་ཁུངས་ཀྱི་སྤྱན་འོག་ཏུ་ཚུད་པར་བརྟེན་བྱ་ཐབས་ཡོངས་སུ་ཟད་དེ་རིམ་པས་སྔོན་ཆུང་དུ་གྱུར་པ་དང་། བྱང་ཨ་རིའི་དགའ་ལྡན་སྙན་རྒྱུད་འཛིན་སྐྱོང་ཚོགས་པ་ཞེས་པ་དེའི་མགོ་འབུས་པ་རེད། ཚོགས་པ་དེའི་མིང་བྱང་ལ་ལྟ་སྐབས་རི་བོ་དགེ་ལྡན་པའི་སྙན་རྒྱུད་ཀྱི་བསྟན་པ་འཛིན་མཁན་ཞིག་ཡིན་པའི་གདོང་འབག་མཐུག་པོ་ཞིག་གྱོན་ཡོད་ཀྱང་དོན་དངོས་ཐོག་ཁོ་ཚོའི་ནང་དགེ་ལྡན་སྙན་རྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ནུས་པ་ཡོད་མཁན་ཡིད་སྟོན་བྱ་འོས་ཀྱི་སྐྱ་སེར་གཅིག་ཀྱང་མེད་པ་ས་རིས་ཐང་གསལ་ཡིན། ཁོ་ཚོས་དམངས་ཁྲོད་ཁ་བརྡ་ཞེས་པའི་དྲ་བརྙན་ལེ་ཚན་ཞིག་གཉེར་ཏེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་ཚང་མར་ངན་སྨྲས་ཟུར་ཟ་བྱེད་པ་དང་། ལྷག་པར་དུ་གཞིས་བྱེས་བོད་མིའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་དུ་གྱུར་པ་༸གོང་ས་སྐྱབས་མགོན་ཆེན་པོར་མི་བདེན་རྫུན་བསྒྲིགས་དང་། སྒྲུབ་བྱེད་ལྟར་སྣང་ལ་བརྟེན་ནས་མཚན་སྨད་མང་དག་ཅིག་ཞུ་བཞིན་ཡོད་པ་ང་ཚོས་མཐོང་གསལ་ཡིན། འདི་ཚོར་ཞིབ་ལྟ་བྱེད་སྐབས་ཁོ་པ་ཚོར་ཆོས་སྲིད་གང་གི་ཆ་ནས་ཀྱང་བདེན་པའི་སྨྲ་ལྕེ་འགུལ་བར་སྤོབས་པའི་ནུས་པ་ཏིལ་འབྲུ་ཙམ་མེད་པ་གསལ་པོ་རེད། དོན་དངོས་ཐོག་ཁོ་པ་ཚོས་ཀྲུང་དབྱང་ཏང་གི་མགྲིན་ཚབ་པ་བྱས་ཏེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མདུན་ལམ་ལ་དོན་མེད་རྙོག་བཟོ་བྱས་པ་ལས་མ་འདས། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཕྱི་ལོ་ ༢༠༠༨ ནས་སྟག་པགས་གཟིག་པགས་སོགས་པགས་རིགས་ཀྱི་གྱོན་པ་ཡོངས་རྫོགས་མེར་བསྲེགས་པ་དང་། ཆུར་བསྐྱུར་བ་སོགས་བྱས་ཏེ་སྤང་བླང་མ་འཛོལ་བ་བྱས་ཡོད། དུས་སྟོན་དེ་འདྲའི་སྐབས་ཀྲུང་དབྱང་སྲིད་གཞུང་གིས་བཙན་བསྐུལ་བྱས་ཀྱང་དང་ལེན་བྱེད་ཀྱི་མེད། འོན་ཀྱང་དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་བོད་ཀྱི་ལོ་གསར་སོགས་དུས་སྟོན་སྲུང་རྩི་བྱེད་ཁུལ་གྱིས་སྟག་གཟིག་གི་པགས་པའི་གྱོན་པ་སྣ་ཚོགས་གྱོན་ཏེ་རྒྱ་དཔོན་ཆེ་ཆུང་མང་པོ་སྤྲོ་སྐྱིད་ལ་གདན་ཞུས་ཀྱིས་ཁོང་ཚོའི་མདུན་དུ་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་བརྙན་འཁྲབ་སྟོན་བྱས་ཏེ་རང་ཉིད་གང་ཞིག་ཡིན་མིན་གྱི་འཁྲབ་སྟོན་བྱེད་པ་དེ་དག་ལས་ཁོང་ཚོའི་རྒྱབ་མདུན་གྱི་བྱ་འགུལ་དེ་ཚོའི་ཕུགས་དམིགས་གང་ཡིན་གསལ་པོ་ཤེས་ཐུབ། དེ་ནི་སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང་།། ཐུབ་པ་གཞན་གྱི་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།། ཞེས་གསུངས་པ་བཞིན་ཟུར་གནས་བློ་ལྡན་ཞིག་གིས་དཔྱད་ན་ཤེས་ཐུབ་བོ།།།།

འབྲེལ་ཡོད་གསར་འགྱུར།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

ཆུ་ཚོད་ ༩ སྔོན་ལ།
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

༢༠༢༥/༡༠/༢༨
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

༢༠༢༥/༡༠/༢༨
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

༢༠༢༥/༡༠/༢༨
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧

མཆན། 3

  1. འཇམ་གཅེས ། says:
    ལོ་ 12 སྔོན།

    རིག་པའི་ཁུ་བྱུག་ལགས་ཀྱིས་ཁུ་བྱུག་གི་གསུང་ལས་སྙན་པའི་དཔྱད་རྩོམ་དེའི་འོག་ཏུ་ཕྱོགས་རིས་གདོན་ནད་དྲག་པོས་མནར་བའི་དྲྭ་འབུ་བསྟན་འཛིན་མིང་ཅན་གྱིས་མཆན་ནག་དེར་གྲོགས་བཟང་ལགས་ཀྱིས་གསལ་བཤད་ཉི་མ་ཤར་བ་ལྟ་བུར་ཞིག་ཁུང་ལུང་རྒྱུ་མཚན་དང་བཅས་པར་གསུངས་འདུག་པར་ནམ་ཡང་མངོན་པར་བསྟོད་དོ།།

    Reply
  2. ཆོས་བཟང་། says:
    ལོ་ 12 སྔོན།

    བསྟན་འཛིན་ཟེར་བས་མ་ཤེས་ཤེས་ཁུལ་མ་བྱེད། དོལ་རྒྱལ་སྟེན་མཁན་དགེ་ལུགས་པ་གཅིག་པུ་མ་རེད། ཐོག་མར་ས་སྐྱའི་ནང་བྱུང་བ་རེད། ས་སྐྱ་པས་ཀྱང་ཁུངས་གཏུགས་ས་གཙོ་བོ་རྙིང་མའི་རིན་ཆེན་སྣ་བདུན་གྱི་རྒྱུད་ཅེས་པར་ཁུངས་གཏུགས་ཏེ། དོལ་རྒྱལ་ཚད་ལྡན་ཡིན་པར་ཁས་བླངས་ཡོད་པ་རེད། འོན་ཀྱང་༧གོང་ས་མཆོག་གི་དགོངས་གཞི་ལྟར་ས་སྐྱ་ཁྲི་ཆེན་རིན་པོ་ཆེས་ད་ལྟ་ས་སྐྱའི་ནང་གཙང་མ་བཟོས་ཟིན་པ་རེད།
    དེར་བརྟེན་དོལ་རྒྱལ་གྱི་རྙོག་གྲ་དེ་དགེ་ལུགས་པ་ནང་ཁུལ་གྱི་རྙོག་གྲ་ཞིག་རེད། ལབ་ན་ག་རེ་ལབ་ཀྱི་ཡོད་དམ། དོལ་རྒྱལ་ཟེར་བ་དེ་ལ་མི་དགའ་མཁན་གཙོ་བོ་རྙིང་མ་དེ་ཚོ་རེད། འོན་ཀྱང་ཐོག་མར་དོལ་རྒྱལ་རྩ་ཆེན་པོ་རེད། ལབ་མཁན་ཡང་རྙིང་མ་དེ་ཚོ་རེད། དེ་ཡིན་པའི་སྐོར་ས་སྐྱའི་བླ་མ་ས་ཆེན་ཀུན་བློའི་རྣམ་ཐར་ནང་འཁོད་པའི་སྔ་འགྱུར་རྙིང་མའི་རིན་ཆེན་སྣ་བདུན་གྱི་རྒྱུད་ཅེས་པའི་ཚིག་ལ་ལྟོས་དང་། ཧ་ཅང་གསལ་བོ་རེད།
    དོན་དངོས་པོའི་གནས་ཚུལ་ལ་དོལ་རྒྱལ་ཟེར་བ་དེ་གདོན་འདྲེ་ཞིག་རེད། གདོན་འདྲེ་དེ་ཡང་བསྟན་པ་ཡོངས་དང་འགྲོ་བ་ཡོངས་ལ་གནོད་ཅིང་འཚེ་བའི་གདོན་འདྲེ་ཞིག་རེད། མ་གཏོགས་དགེ་ལུགས་པ་གཅིག་པུར་གནོད་འཚེ་བྱེད་པའི་གདོན་འདྲེ་ཞིག་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། ༧གོང་ས་ལྔ་པ་ཆེན་པོས་ཀྱང་། དམ་མིན་དམ་སྲི་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས། །ཞེས་གསུངས་པ་ཡོད་པ་ལྟ་བུ་རེད།
    གནས་ཚུལ་དྲངས་མོ་མ་བཤད་པར་ལོག་བཤད་དགོས་དོན་གང་ཡིན་ནམ། ཟམ་གདོང་བླ་མས་གནང་སྟངས་དངོས་གནས་མ་འགྲིག་ན་ཁྱོད་དངོས་སུ་མདུན་ལ་ཐོན་ཤོག་དང་། དེ་ནས་ཧ་གོ་ངེས་རེད། གཞན་དྲ་འབུའི་མིང་རྫུན་འོག་ནས་ཕོ་ཆོས་མི་ཡོང་ངེས་ཅན་རེད།

    Reply
  3. བསྟན་འཛིན། says:
    ལོ་ 12 སྔོན།

    དངོས་གནས་བཤད་ན། རྙོག་དྲ་འདི་དགེ་ལུགས་ནང་ཁུལ་གྱི་སྲུང་མ་བརྟེན་ཕྱོགས་ཀྱི་རྩོད་རྙོག་ཞིག་རེད། དེར་བརྟེན་དགེ་ལུགས་རང་གིས་ཐག་གཅོད་བྱེད་ཐུབ་ལ། བྱེད་དགོས་ཀྱང་རེད། དེ་མིན་ཆོས་རྒྱུད་བྱེ་བྲག་པ་ཞིག་གི་ནང་ཁུལ་གྱི་རྙོག་དྲ་དེ་བཙན་པོ་དབང་ཡོད་ཀྱིས་བོད་སྤྱི་བའི་མགོ་ལ་བཞག་ན་གཏན་ནས་མི་འགྲིགས། ང་ཚོའི་གཞུང་དང་དགེ་ལུགས་ཚང་གིས་དགེ་ལུགས་ཁང་ཁུལ་གྱི་རྩོད་རྙོག་དེ་བོད་སྤྱི་བའི་མགོ་ལ་བཙན་འགེལ་བྱས་པས་དེ་རིང་གི་དཀའ་སྡུག་གི་མགོ་ལ་བབ་པ་རེད།
    སྔར་ཡིན་ན་༧གོང་ས་མཆོག་འཇམ་གླིང་གང་སར་ཕེབས་ཀྱང་དགའ་འབོད་བྱེད་མཁན་ལས་ངོ་རྒོལ་བྱེད་མཁན་མེད་མོད། ཟམ་སྟོང་བླ་མས་དགེ་ལུགས་པ་ཁག་གཉིས་སུ་བགོས་ཏེ་དགེ་འདུན་དབྱེན་དཀྲུགས་ཀྱི་སྡུག་ལས་བྱས་རྗེས། ༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཡོང་གི་ཡོད་པ་འདི་རེད། ངོ་རྒོལ་བྱེད་མཁན་སུ་རེད། དགེ་ལུགས་ཚང་རེད།
    གལ་ཏེ་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དང་དོལ་རྒྱལ་བསྟེན་མཁན་རྙིང་མའམ། ཡང་ས་བཀའ་བརྒྱུད། ཇོ་ནང་། བོན་པོ་གང་རུང་ཞིག་ཡིན་ན། བོད་གཞུང་དང་དགེ་ལུགས་པས་གསོན་པོར་དུར་འཇུག་དང་། ཡང་ན་དྲག་དམག་གིས་ཕམ་པར་རྒྱག་རྒྱུ་ཡིན་པ་སྨྲོས་མེད་ཡིན་མོད། རྙོག་དྲ་འདི་དགེ་ལུགས་རང་གི་ཡིན་སྟབས། དོལ་ཚོགས་ཞེས་མིང་ལོགས་སུ་བཏག་སྟེ། བོད་སྤྱི་བའི་མགོ་ལ་བཞག་པ་འདི་ཚབ་ཆེའི་ནོར་འཁྲུལ་ཞིག་རེད། ནོར་འཁྲུལ་འདི་ཡོ་བསྲིང་ངེས་པར་དུ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese