ཁ་སང་རྒྱ་ནག་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་སུ་དམར་གསོད་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་མི་ ༣༠ འདས་གྲོངས་དང་མི་ ༡༤༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
རྒྱ་ནག་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་སྐབས ༡༢ པའི་ཚོགས་ཆེན་ཐེངས་ ༢ པ་གཉིས་ཚོགས་ལ་ཉེ་བའི་སྐབས་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩། ༢༠ ཙམ་ལ། རྒྱ་ནག་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་སུ། གྱོན་གོས་ནག་པོ་གྱོན་ཞིང་ངོ་གདོང་བཀབ་པའི་མི་ ༡༠ ཡིས་གང་བྱུང་གིས་འགྲུལ་བ་ཚོར་གྲི་ཡིས་བརྒྱབ་སྟེ། ཉུང་མཐར་མི་ ༣༠ དམར་གསོད་བཏང་བ་དང་། མི་ ༡༤༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེ་ལས་མི་ ༧༣ ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། ད་ལྟའི་ཆར་ཁུན་མེན་གྲོང་ཁྱེར་མི་མང་སྨན་ཁང་དང་པོ་སོགས་སུ་སྨན་བཅོས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་ཁྲོད་ཉེན་རྟོག་པས་ཉེས་ཅན་ ༤ ལ་མེ་མདའ་བརྒྱབ་ནས་བསད་པ་དང་། བུད་མེད་ཅིག་ལ་རྨས་སྐྱོན་བཟོས་ཏེ་འཛིན་བཟུང་བྱེད་ཐུབ་ཡོད་པ་དང་། གཞན་རྣམས་གང་མགྱོགས་ཀྱིས་རྩད་གཅོད་བྱས་ཏེ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ལུགས་བསྒྲགས་འདུག
རྒྱ་ནག་གཞུང་ཕྱོགས་ནས་དམར་གསོད་དོན་རྐྱེན་དེ་ཤིན་ཅང་ཁ་བྲལ་བའི་བརྒྱུད་སྐུལ་འོག་བྱུང་ཚུལ་བརྗོད་ཡོད་པ་ཙམ་ལས། ཉེས་ཅན་གྱི་ཐོབ་ཐང་དང་མི་རིགས་གང་ཡིན། དམར་གསོད་དོན་རྐྱེན་གྱི་རྒྱུ་རྐྱེན་སོགས་གསལ་བཤད་བྱས་མེད་པ་མ་ཟད། ད་རེབ་ཀྱི་དོན་རྐྱེན་དེ་གཞུང་འབྲེལ་ཞིན་ཧྭ་དྲ་བ་སོགས་ཀྱི་གཙོ་ངོས་སུ་འཇོག་པ་དང་གནས་ཚུལ་ཐོན་རིམ་བཞིན་འགོད་པར་བཀག་འགོག་དང་། བརྒྱུད་ལམ་ཁག་གི་གླེང་སློང་སོགས་ནག་བསུབ་གཏོང་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།