བོད་ཀྱི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་ལ་ཉེ་སྐབས་འདིར། ཕྲན་རྭ་རྒྱ་བློ་དབང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་ ༼ བོད་ཀྱི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་བའི་དྲན་རྟེན་དུ། ༽ གྲྭ་སའི་ཟིན་ཐོ་ཞེས་པ་དང་གླེང་མོལ་ཞེས་པའི་དེབ་ཆུང་གཉིས་པར་དུ་བསྐྲུན་པ་ཡིན་ལ། དེབ་ཆུང་འདི་གཉིས་ནང་གཙོ་བོ་ལོ་གཅིག་རིང་གི་བོད་ཀྱི་དུས་བབ་ཟིན་བྲིས་སྟེང་སྤེལ་བའི་རྩོམ་ཡིག་ཁག་ལས་ཅུང་ལེགས་འདེམས་ཀྱིས་བཀོད་ཡོད་པ་མ་ཟད། ཟིན་བྲིས་སུ་བཀོད་སྐབས་དྲ་གྲོགས་ཚོས་ལྷག་བསམ་རྣམ་དག་གིས་བགྲོ་གླེང་དང་མཆན་དུ་བཏབས་པ་དག་ཀྱང་བཀོད་ཡོད་པས། ཕྲན་རང་གཉིས་ཀྱི་ལྟ་ཚུལ་ཙམ་མིན་པར་དྲ་ཐོག་གི་གླེང་མོལ་རྨ་མེད་པ་ཞིག་ཏུ་བསྐྲུན་ཐུབ་པ་བྱུང་ཡོད།
དེབ་འདི་གཉིས་དཔར་དུ་བསྐྲུན་སྐབས་ངེད་ཟུང་གིས་དམིགས་འདུན་འདི་ལྟ་བུ་ཞིག་བཅངས་ཡོད་དེ། གྲྭ་སའི་ཟིན་ཐོའི་གླེང་བརྗོད་ ༼ སྔོན་དུ་བཏང་བའི་ཚིག་འགའ། ༽ ཞེས་པའི་ནང་ད་ལྟ་ཕྱི་ནང་གཉིས་སུ་ཐད་ཀར་བོད་ཡིག་གི་ལམ་ནས་གླེང་མོལ་དང་བསམ་ཚུལ་སྤེལ་རེས་བྱེད་པ་སོགས་བོད་ཡིག་ལའང་དུས་དང་བསྟུན་པའི་ཡར་རྒྱས་ཀྱི་རྣམ་པ་དགའ་རབ་ཅིང་བྱུང་བར་དགའ་གུས་མཚོན་སླད། དྲ་རྒྱའི་སྟེང་བཀོད་པའི་རྩོམ་ཡིག་འདི་རྣམས་ཕྱོགས་བསྒྲིགས་ཀྱིས་དྲ་རྒྱ་ཐད་ཀར་ཀློག་པར་མཐུན་རྐྱེན་དང་ཁོར་ཡུག་གིས་བཀག་འགོག་ཐེབས་པ་ཚོར་དྲ་སྟེང་གི་རང་དབང་དང་གུ་ཡངས་ཆེ་བའི་གླེང་མོལ་གྱི་རྣམ་པ་དེ་དཔེ་སྟོན་ཙམ་བྱེད་ན་འདོད། ཅེས་དང་།
གླེལ་མོལ་གྱི་གླེང་བརྗོད་ ༼ གླེང་མོལ་གྱི་རང་གཏམ། ༽ ཞེས་པའི་ནང་ཆུང་བྱིས་དུས་ནས་བོད་སྐད་བོད་ཡིག་ཁོ་ནར་སྦྱངས་ཤིང་། མི་ཚེ་ཧྲིལ་བོར་བོད་སྐད་ཡིག་གི་ཚེ་སྲོག་རྒྱུན་མཐུད་ཀྱི་ཆེད་དུ་ཕྱག་ལས་གནང་མྱོང་མཁན་མང་བོ་ཞིག་ད་དུང་དྲ་ཐོག་ཏུ་གླེལ་མོལ་བྱེད་པར་ཕེབས་ཐུབ་ཀྱི་མེད་ཅིང་། ཁོང་ཚོས་དྲ་ཐོག་ན་ཐད་ཀར་དུ་རྩོམ་ཡིག་སྤེལ་ས་དང་མཆན་མཁན་གྱིས་དེ་ལ་ཐད་ཀར་མཆན་འབྲི་སའི་ཁོད་ཡངས་ཤིང་། རང་དབང་ཆེས་ཆེར་ལྡན་པའི་གླེང་མོལ་གྱི་དོ་ར་ཞིག་ཡོད་པར་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། གླེང་མོལ་གྱིས་དེ་ལྟ་བུའི་བོད་སྐད་ཡིག་ལ་དུང་ཞེན་ཟབ་པའི་རྩོམ་མཁན་དང་ཀློག་མཁན་གཅིག་གཉིས་ཤིག་ཡིན་རུང་ང་ཚོའི་གླེང་མོལ་གྱི་གར་སྟེགས་ཏེ། དྲ་རྒྱ་ཁག་ཏུ་ཕེབས་ཏེ་ང་ཚོ་དང་ལྷན་དུ་གླེང་མོལ་བྱེད་པར་རེ་འདུན་འཆང་ཡོད། ཅེས་གསལ་ཡོད།
དེབ་ཆུང་འདི་གཉིས་ནི་རྩོམ་ལམ་དུ་ཞུགས་ནས་ཡུན་རིང་སོང་མེད་ཅིང་རྩོམ་རིག་གི་ཁོ་ལག་རྒྱས་མེད་པའི་གསར་སྐྱེས་རྩོམ་པ་བོ་གཉིས་ཀྱི་ལྟ་སྤྱོད་ཙམ་ལས་སྟོན་མི་སྲིད་ཀྱང་། ཕྲན་རང་གཉིས་ཀྱིས་ངོ་ནས་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་གནས་བབ། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཐད་ཀྱི་འཆར་སྣང་། ཉིན་རེ་བཞིན་བྱུང་དང་འབྱུང་བཞིན་པའི་སྤྱི་ཚོགས་འཚོ་བའི་དཀའ་ཉོག་གི་འདི་འཛུ་བཅས་མང་བོ་ཞིག་གླེང་ཁུལ་བྱས་ཡོད་མོད། གང་གླེང་འདོད་པ་རྣམས་དེབ་ཏུ་གླེང་ཟིན་པས་འདིར་རྒྱས་འབྲེལ་མང་བོ་ཞིག་བྱེད་པའི་དགོས་གལ་མ་མཐོང་བས་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན་ལ། སླར་ཡང་བོད་ཀྱི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་ལ་ཉེ་བས་མི་ཚད། ཉིན་རེ་བཞིན་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་སྙིང་ནས་དགའ་གུས་དང་མུ་མཐུད་ཤུགས་སྣོན་ཡོང་བའི་རེ་སྐུལ་བཅས་རེ་ཞིག་མཇུག་བསྡུ་བ་ལགས།
ཕྲན་ཟུང་གིས།
ཕྲན་གཉིས་ཀྱི་དེབ་ཏུ་མཆན་འདེབས་མཁན་ནི་གཤམ་གསལ་ལྟར་ཡིན།
ཀླུ་སྨྱོན་དང་ཀླུ་མཁར་བྱམས། སྐྱ་ཀ་ཁ། ཁ་བ་དཀར་བོ། འཁྱམས་པོ། ཁ་འབབ་བཞི། མགོན་པོ་ཕྱག་གཉིས་པ། གངས་རྡེའུ། གངས་རིའི་གླིང་བུ། གླེན་པ་ལུག ལྕགས་རྒྱ་འགྲམ་ནག འཇིགས་བྲལ་བསྟན་འཛིན། སྟག་སྨྱོན། མདུང་རྩེ། ནོར་འཛིན་དོན་འགྲུབ། སྤོབས་པ་མཐའ་ཡས། བོད། ཤ་ཁྲག་རུས་གསུམ། བོན་རྒྱ་བསྟན་འཛིན་རབ་རྒྱས། འབྲོག་རུ་ཆོས་གྲགས། འབྲོང་ར་བཟི། བོད་ཀྱི་བུ། འབིག མི་ནག་ཚང་ལུང་རིག་རྒྱལ། མྱི་སྨྱོན། མེ། བཙན་པོ། ཚེ་རིང་སྐྱིད། ཚེ་རིང་། ཚེ་རིང་བཀྲ་ཤིས། ཚེ་རིང་བུ། ཟླ་བ་ཚེ་རིང་། འོད་དཀར། ཡོན་བྷེ། ཡེ་ཤེས་རིན་ཆེན། ཤར་སྐྱེས་གངས་བུ་ཁྱུང་རྒོད། བསོད་དེ། སེར་ལྷོ་བློ་བཟང་རྒྱ་མཚོ། ལྷ་ཆབ་སྦྱིན་པ། ཨ་རིག་དགེ་མཐོང་། ཨ་བྱམས་རྒྱལ། ཨ་རིག་རྒད་པོ། ཨརྱ། བཅས་སོ། །
མིང་རྣམས་ཀ་ཕྲེང་ལྟར་བསྒྲིགས་པ་ལགས་སོ། །
འབྲེལ་གཏུགས་བྱེད་ཡུལ།
རྭ་རྒྱ་བློ་དབང་། གློག་འཕྲིན་ཨང་། ragya_lowang@yahoo.co.in ཁ་པར་ཨང་། 09945335774
ཨ་རིག་འགྱུར་མེད། གློག་འཕྲིན་ཨང་། aric_gyurmey@yahoo.co.in ཁ་པར་ཨང་། 09741887395
ཐུགས་རྗེ་ཆེ། ཡོན་བྷེས་ཤེས་ཡོད།
དྲ་གྲོགས་ཡོན་བྷེ་ལགས། འདི་ནས་བརྩིས་པའི་ཉིན་བཞིའི་ནང་ཚུན་དུ་ངེད་ཟུང་གི་དེབ་ངྷ་ས་དབུས་ལས་ཁུངས་སུ་འབྱོར་གྱིན་ཡོད། སྐབས་དེར་ངེད་ཅག་ལས་ཁུངས་ཀྱི་གསར་འགོད་པ་དོན་གོར་འབྲེལ་བ་བྱོས་དང་དེ་ནས་རག་གི་རེད།
དེ་མིན། ངས་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་ངེད་ཟུང་གི་དེབ་ཀྱི་དགེ་སྐྱོན་གླེང་རྒྱུར་ནན་གྱིས་བསྐུལ་བ་ཡིན། དེ་ཡང་འུར་བསྟོད་དང་དགེ་མཚན་ཙམ་མི་གླེང་བར་གཙོ་བོ་ཞན་ཆ་རྗེན་སྟོན་གྱིས་གླེང་བར་བསྐུལ་བ་ཡིན། འདི་ནི་ངེད་གཉིས་ཀྱིས་བསྒྲིགས་པའི་དེབ་དང་བོ་གཉིས་རེད་ལ། ནོར་བ་མང་དག་ཅིག་ཡོད་པ་དངོས་འབྲེལ་ཡིན་ངེས། མ་ཟད་ངེད་གཉིས་ཀྱིས་ཀྱང་རྗེས་ཕྱོགས་ཀྱང་མུ་མཐུད་དེབ་རེ་འདོན་པའམ་ལས་དོན་གཞན་རེ་བསྒྲུབ་པར་འབད་རྩིས་ཡོད་སྟབས། གཙོ་བོ་ཞན་ཆའི་ཕྱོགས་གླེང་མཁན་ཞིག་ཡིན་ན་ནོར་བ་བསྐྱར་དུ་མི་འབྱུང་བར་ཕན་ཐོགས་ཆེ་བས་དགོངས་འཇགས་ཞུ།
གྲོགས་པོ་ལགས། ཡིན་དང་ཡིན། དྲང་མོ་བཤད་དགོས། ངས་ཀྱང་དེབ་ལག་སོན་བྱུང་མ་ཐག་བལྟ་ཀློག་བརྒྱུད་ཚུགས་ཀ་མེད་རུང་བཟོ་བལྟ་ཞིག་བཏོད་ཁུལ་བྱེད་ལོས་དགོས། དེའི་ཐད་ཁྱེད་ཀྱི་རེ་བསྐུལ་བཞིན་དང་ལེན་བྱེད་དགོས། འོན་ཀྱང་བསམ་འཆར་ནི་བསམ་འཆར་རང་ལས་གཞན་གྱི་ངོ་བོར་འགྱུར་གྱི་མ་རེད་དཱ།
དྲ་གྲོགས་ཡོན་བྷེ་ལགས་ཀྱི་བཅོས་མིན་སེམས་ཀྱི་ངེད་གཉིས་ལ་རྟེན་འབྲེལ་དང་བསྔགས་བརྗོད་གནང་བར་དགའ་གུས་སྤྲོ་བའི་ངང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། སྦྲགས་གུས་པ་གཉིས་ཀྱི་དཔེ་དེབ་ལ་གཟིགས་རྗེས་བསམ་འཆར་གནང་བར་རེ་སྐུལ་ཞུ་བ་ལགས།
དྲྭ་གྲོགས་ཟུང་གིས་ལས་ཞོར་དང་སློབ་ཞོར་ལ། འདི་ལྟར་བོད་ཀྱི་སྐད་དང་ཡི་གེ། སྤྱི་ཚོགས་ཀྱི་གནས་སྟངས་དང་གནད་དོན་བཅས་ཁྱོན་ཡོངས་ལ་འགན་ཁུར་དང་དུང་ཞེན་གྱིས་རིག་གནས་གཞན་ཞིག་གི་དགེ་མཚན་དང་གུ་ཡངས་ཀྱི་འཁོར་ཡུག་དེ། དེའི་དགེ་མཚན་དང་དགོས་པ་མཐོང་མེད་པའི་མི་བུ་ཚོར་མཐོང་རྒྱ་བསྐྱེད་ཕྱིར་ལས་དཀའ་འདི་འདྲ་ཞིག་བརྩམས་པ་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད།
ཕྲན་གྱིས་རྒྱ་གར་རྡ་རམ་ས་ནས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་རྟེན་འབྲེལ་ཞུ་ཡི་ཡོད་པ་ལས། དོན་དངོས་དཔེ་དེབ་དེ་ད་དུང་ལག་སོན་བྱུང་མ་སོང། ཁྱེད་གཉིས་ལྷོ་ཕྱོགས་སུ་བཞུགས་ཡོད་སྟབས་འགྲེམས་སྤེལ་ཡང་ལྷོ་ཕྱོགས་ནས་བྱས་ཡོད་ངེས། དེའི་ཕྱིར་འདི་ནས་རེག་པ་ལ་ཅུང་འགོར་གྱི་རེད་པཱ། དེ་འདྲ་མ་རེད་པཱེ། དེབ་ལག་སོན་བྱུང་སོང་ན་གཞི་ནས་བསམ་ཚུལ་འདོན་ཆོག ཐུགས་རྗེ་ཆེ། རྡ་སའི་ནགས་ཁྲོད་ནས།
དྲ་གྲོགས་གངས་རིའི་གངས་བུ་ལགས།
སྐུ་ཉིད་ཀྱིས་རྭ་རྒྱ་བློ་དབང་དང་ཕྲན་ཟུང་ལ་ཡང་དང་རིམ་པས་ཐུགས་ཁུར་དང་རྒྱབ་སྐོར་གནང་བ་མ་ཟད། འདིར་སླེབས་ནས་དེབ་སྐོར་ལས་འཕྲོས་པའི་བསམ་ཚུལ་བརྗོད་པ་བཅས་ལ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ།
དྲ་གྲོགས་བསྟན་འཛིན་ཚེ་དཔག་ལགས། ངས་ཁྱེད་ཀྱི་མིག་མདུན་དུ་ཚགས་ཤོག་ཡིག་ནོར་ཅན་མང་བོ་ཞིག་སྤུངས་ཟིན་པས་མི་ཚད། ད་ཡང་དེབ་ཅིག་དྲུད་ནས་ཡོང་དུས་ཁྱེད་རང་རྦད་དེ་ཉོབ་འགྲོ་བར་ཧ་ཅང་སྐྲག དེ་ནི་དེབ་བསྒྲིགས་སྐབས་ཁ་བར་ལག་བར་ནས་ཤོར་བའི་ཡིག་ནོར་མང་དག་ཅིག་ཁ་སང་དེབ་དཔར་ཚར་དུས་གཞི་ནས་རེ་རེ་བཞིན་མཐོང་ཡོང་གི་འདུག་པས་ཡིན། ཡིན་ནའང་། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། དེབ་ཇི་ལྟར་རག་མིན་སྐོར་ཞིག་དྲིས་པ་ཙམ་གྱིས་བདག་ཉིད་དགའ་སྤྲོས་མྱོས་ཡོད། ཐུགས་རྗེ་ཆེ་ཞུ་བ་ཡིན།
གལ་སྲིད་སྐུ་ཉིད་ལ་སེ་ར་དགོན་ན་ངོ་ཤེས་འདྲ་ཡོད་ཚེ་སེ་ར་དགོན་ནས་རག་གི་ཡོད། དེབ་གླ་ཧིན་སྒོར་ ༥༠ རེ་ཡིན་པས་འཁོས་ཀ་ཞན་ཡང་ཉོ་ཐུབ་ལ། དེ་ཡང་སྦྱིན་ཐུབ་ཀྱི་མེད་ཚེ་འབུལ་ཆོག
དྲ་གྲོགས་གཉིས་ལ་རྟེན་འབྲེལ་ཞུ།།
བླུ་ཡོན་ཐད་ནས་ལན་ཞིག་གནོངས།།
སེ་ར་དགོན་ནས་ཨེ་རག་གམ།།
དེ་ནས་རག་ན་འབྱོར་བ་སླ།།
འོན་ཏེ་ང་ནི་འཁོས་ཀ་ཞན།།
བླུ་ཡོན་མཐོ་ལ་སྙོབས་པ་དཀའ།།
རིན་མེད་གནང་རྒྱུ་ཡོད་ན་ནི།།
དེ་ཡི་བཀའ་དྲིན་སེམས་ནས་འཇལ།།
དྲ་གྲོགས་ཚོ། ངས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁྱེད་ཅག་གི་ལྷག་བསམ་རྣམ་པར་དག་པའི་གསུང་མོལ་དག་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན། ཁ་སང་ཉིན་དེབ་བཀྲམས་པ་རེད། ངས་བསམ་ན་དྲ་གྲོགས་ཚོས་འདིའི་དགེ་སྐྱོན་གཉིས་ཐད་ནས་མང་དག་ཅིག་མཐོང་ཡོད་རྒྱུ་རེད་ལ། གླེང་འདོད་པ་མང་དག་ཅིག་ཀྱང་སེམས་ངོགས་སུ་འཚང་ཁ་རྒྱག་བཞིན་ཡོད་ངེས་པས་ངེས་པར་དུ་གསུངས་རོགས་མཛོད།
དེ་མིན་དྲ་གྲོགས་ལྕགས་རྒྱ་འགྲམ་ནག་ལགས། གོང་གི་མཆན་མཁན་དག་གིས་ཁྱོད་ལ་བསྐུལ་བ་ལྟར་དེ་རིང་ནས་ཉིད་ཀྱིས་ཀྱང་ཟིན་བྲིས་རེ་སྤེལ་ན་བཟང་གི་སྙམ། ང་ཚོས་ཁྱོད་ཀྱིས་བཤད་པའི་གསུང་མོལ་ཐུང་ངུ་ཞིག་ཡིན་ནའང་རིན་ཐང་ཆེན་པོ་ཞིག་ཏུ་ཚོར་གྱི་ཡོད་ལ། དངོས་གནས་དེ་ལྟ་བུའི་རིན་ཐང་ཡང་ལྡན་ནས་འདུག
དྲ་གྲོགས་ཡོངས་ལ་སྙིང་ནས་བསྟོད། ཁྱེད་རྣམ་ཞལ་བྲོ།
གུས་པ་ཡང་གོང་གི་དྲ་གྲོགས་ཚོ་དང་གཅིག་མཚུངས་ཀྱིས་་་་་་་་་་་་་་་་་་་་་
ཐབས་གྲོགས་ལགས་།ཡང་བསྐྱུར་ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང།་་་་་་གང་ཞེ་ན་་་ཁ་སང་ཁྱེད་ཀྱི་དཔེ་དེབ་རེ་རེ་བླུས་ནས་ལྟ་དུས་དཔེ་ཆའི་ནང་དོན་ཆ་ནས་བྱེད་མ་དགོས་པ་རེད་དབྱིབས་གཟུགས་ཀྱང་སེམས་ཁམས་དང་མཐུན་པའི་སྙིང་རྗེ་བོ་འདུག་་་དེར་མ་ཟད་རིན་གོང་ཡང་ཚུལ་དང་མཐུན་པ་ཞིག་རེད།་་་་བསམ་བློ་ཞིག་བཏང་ནས་ལྟ་དུས་ཁྱེད་གཉིས་ཀྱིས་རང་གི་རིགས་གཞུང་ལ་ཤ་ཚ་དང་དེ་མི་ཉམས་རྒྱུད་འཛིན་ཉམས་པ་སླར་གསོའི་དམིགས་ཡུལ་ཞིག་གིས་བཅིངས་ནས་ཕུད་འདུག་བསམ་སྟེ་བློ་སྟོབས་དང་དགའ་སྤྲོ་ཞིག་ངང་གིས་བྱུང་།
གྲོགས་མཆོག་ཨ་རིག་དགེ་མཐོང་ལགས་ཀྱིས་ལྷག་བསམ་གཙང་མས་རྒྱབ་སྐྱོར་དང་སྙིང་གཏམ་གླེང་བར་ཐུགས་རྗེ་ཆེ། ཁྱོད་རང་ངེད་གཉིས་ཡིད་ཆེས་ཡོད་ངེས་ཀྱང་སུམ་རྟགས་དག་གསུམ་གྱིས་ངེད་གཉིས་ལ་ཡིད་ཆེས་གནང་མ་སོང་།
་་་་བླ་མ་མཁྱེན།
དེ་རིང་གྲོགས་པོ་བློ་དབང་དང་འགྱུར་མེད་གཉིས་ཀྱིས་དེབ་བཏོན་པ་ལ་རྗེས་སུ་ཡི་རང་ཞུ། ད་དུང་ཁྱོད་གཉིས་ཀྱིས་དེབ་ཀྱི་རྒྱབ་ཤ་དང་ཚོན་མདངས་ཀུན་གྱིས་ཡག་རབས་དང་རྒྱན་རབས་ཟེར་གྱིན་འདུག ཚིག་སྦྱོར་དང་དག་ཆ་ཐད་ནས་གཞན་གྱིས་ཡིད་སྨོན་མ་ཤོར་ན་དམའ་འབབ་མི་བྱེད་པ་ཕྲན་ལ་གདེང་འཇོག་དང་ཡིད་ཆེས་ཡོད། འདི་ལྟ་བུའི་དེབ་སྤུས་གཙང་ཞིག་རིག་དུས། སེམས་དང་བསམ་པའི་ངོས་ནས་དགའ་རྒྱུ་ཞིག་ཡོང་གིན་འདུག དེ་ནི་ཕལ་ཆེར་ང་ཚོ་རིང་ནས་འགྲོགས་འདྲིས་ཟབ་པ་དང་ཕན་ཚུན་ལ་ལྷད་མེད་པའི་བརྩེ་དུང་ཞིག་ཡོད་པའི་ཡིན་རྒྱུ་རེད། མཐར་ཁྱེད་གཉིས་ཀྱི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ། ཁ་བྲོ་བཀྲ་ཤིས།
དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་དང་། ཁ་བ་དཀར་པོ། ལྷ་ཆབ་སྦྱིན་པ། བོན་རྒྱ་བསྟན་འཛིན་རབ་རྒྱས། མེ། གངས་རིའི་གླིང་བུ་བཅས་ཀྱིས་རྒྱབ་སྐྱོར་དང་སེམས་ཤུགས་ཀྱི་སྐུལ་བརྡ་བཏང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངེད་གཉིས་ཀྱི་དཔེ་དེབ་ནི་ཤེད་མ་རྒྱས་པའི་རྟེའུ་སྤང་དུ་ལྷུང་བ་དང་འདྲ་བར་སྤྱི་ཚོགས་ཀྱི་གཡོ་སྐྱོམས་དྲག་པོ་ཁྲོད་སྒྱིད་པ་འདར་བའི་ངང་ཚུལ་ཕྱིར་བསྟན་པ་ཙམ་ལས་མ་འདས་མོད། བོད་ཡིག་གི་འཁོར་བསྐྱོད་རྒྱ་ཆེར་འགྲོ་བཞིན་པ་འདིར་སྙིང་དགའ་བའི་རང་བཞིན་རྨ་མེད་པ་ཞིག་ཁུར་ཡོད་པས། ཕྱིས་འབྱུང་གི་ཁྲོད་ནས་གུས་པ་གཉིས་ལ་དྲ་གྲོགས་ཚོའི་ལམ་སྟོན་དང་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་ཞུ། དེ་མིན་གུས་པ་གཉིས་ཀྱི་དེབ་དེ་བཀླགས་ཟིན་པའི་དྲ་གྲོགས་ཚོས་དགེ་སྐྱོན་ཐད་ཀར་གསུང་བའི་རེ་འབོད་ཡང་ཡང་ཞུ་བ་ལགས།
་ཐབས་གྲོགས་བློ་དབང་དངཨ་རིག་འགྱུར་མེད་གཉིས་ལ་སྙིང་ཐག་པ་ནས་རྗེས་སུ་རངས་དང་བཀྲ་ཤིས་བའི་བསྟོད་བསྔགས་ཀྱི་མེ་ཏོག་ཞེ་ནས་གཏོར།ཁྱེད་གཉིས་ཀྱི་དཀའ་ངལ་ལ་མ་འཛེམ་པར་རང་ཉིད་ཀྱི་མཁྱེན་དཔྱོད་ཀྱི་རྩལ་ལས་ཐོན་བའི་རིན་ཐང་ཅན་གྱི་ཟིན་ཐོ་ེད་དག་ང་ཚོའི་མིག་ལམ་དུ་འབུལ་བས་ང་ཚོ་སེམས་གཏིང་ནས་མྱོས་ནས་ཡོད།་་་་་་ཐབས་གྲོགས་ཁྱེད་ལ་ངས་སྔོན་མ་ནས་རེ་བ་བཅིངས་བ་བཞིན་ཁྱེད་ཀྱིས་་ནུས་བ་འདོན་གྱི་འདུག་ངོ་མ་ཡག་གི་འདི་འདྲའི་རླབས་ཆེན་གྱི་བྱ་བཞག་སྒྲུབ་ན་གྲྭ་ས་ནས་བསྡད་མ་ཐུབ་ཀྱང་སྐྱོན་ཁྱོན་ནས་མི་འདུག་བསམ་གི་ཡོད་ངོ་མ་ཡིན།
ངོ་མ་ཐུགས་རྗེ་ཆེ། དེ་ལྟར་རང་ཉིད་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་གི་དགེ་སྐྱོན་ལེགས་ཉེས་རེ་ཟིན་ཐོར་འདེབས་པའམ། དེར་དཔྱད་བསྡུར་བགྲོ་གླེང་བྱེད་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་ཏུ་འདོད། ཁྱོད་ཀྱི་དེབ་དེའི་ཁ་བྱང་མཐོང་བ་དང་ཀློག་འདོད་ཀྱི་དང་བ་ཆེས་ཆེར་འཕེལ་སོང་།
ཁྱོད་ཀྱིས་ཡང་ཡང་བཤད་མྱོང་བ་སྟེ་གྲྭ་བ་ཞིག་གི་འགན་ཁུར་འོག་ནས་གྲྭ་སའི་ཟིན་ཐོ་བྲིས་པ་རང་འགན་ཕྲག་པར་བླངས་པ་ཞིག་རེད། སྙིང་ནས་བསྟོད།
དྲ་གྲོགས་རྭ་རྒྱ་བློ་དབང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་དེབ་འདི་གཉིས་དངོས་གནས་ཡག་པོ་འདུག འདི་ནི་རྒྱབ་སྐྱོར་ཞུ་དགོས་ས་དང་ཡི་རངས་ཞུ་དགོས་ས་ཞིག་རེད། ད་དུང་འདི་ནི་ལྷག་བསམ་རྣམ་པར་དག་པའི་རྩོལ་བ་ཞིག་ཀྱང་རེད། རྒྱང་རིང་བྱང་མཐའ་ནས་ལྷོ་མཐའི་གྲོགས་པོ་གཉིས་ལ་བཀྲ་ཤེས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་ཁྱེད་གཉིས་ཁ་བྲོ། བྱ་གཞག་ལམ་ལྷོང་བྱུང་བར་རྟེན་འབྲེལ་ཞུ་ཞེས་ལྷ་ཆབ་པས་སོ།།
རྩོམ་ཡིག་ལ་བོད་དྲི་བྲོ་ཞིང་རྔུལ་ཆུ་ལ་རིན་ཐང་ལྡན་པར་འདོད།
ཁྱེད་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ། དེབ་དེ་མཐོང་མེད་ན་ཡང་དྲ་རྒྱའི་ནང་གི་ཟིན་བྲིས་དག་དཔར་བསྐྲུན་བྱས་པ་ཡིན་དུས། ཀློག་མཁན་དང་བོ་ཞིག་གིས་གྲངས་ཆགས་ཡོད་པ་རེད། དངོས་ནས་དགའ་བོ་བྱུང་། འདི་ལྟར་ཁ་ཡོད་ལག་ཡོད་ཀྱིས་ལམ་དུ་ཞུགས་དེ་བོད་པ་ཚང་གི་བོད་ཡིག་གི་སྤྱོད་སྒོ་རྒྱ་ཆེ་རུ་གཏོང་ཐབས་སུ་ཚང་མས་ཧུར་ཐག་བྱེད་ལོས་དགོས།