མི་ལོ་ནས་མི་ལོ་མཐུད་དེ། བཙན་བྱོལ་ནས་སུམ་དུས་སྲུང་བརྩི་བྱས་པ་རེད། སྲུང་བརྩི་དེ་ལ་འགྱུར་བ་ཆེས་མང་བོ་མང་བོ་ཞིག་བྱིན་པ་ནི། བཙན་བྱོལ་བའི་ཁོག་ན་གསལ་དཀྱིལ་ལེ་གནས་ཀྱི་ཡོད་པ་ཡིན། འོན་ཀྱང་། གཞོན་ཐོག་དང་རྒན་རབས་པའི་སྲུང་བརྩི་བྱེད་ལུགས་ཀྱང་མི་འདྲ་བའི་བར་ཐག་ཞིག་ཆགས་ཡོད་ལ། ཆགས་སྟངས་དེ་ལ་ཡང་དཀའ་ཚེགས་རིམ་རྒྱུད་ཀྱི་རྒན་རིམ་པ་རྣམས་པའི་གནས་ལུགས་ཀྱི་མྱོང་བ་དང་གཞོན་རབས་པ་དག་གི་ངར་ཤུགས་ཀྱི་བར་ཐག་ཡིན།
མི་ལོ་ལྔ་གཅིག་གི་ཡར་སྔོན་དུ། བཙན་བྱོལ་གྱི་མི་ཐོག་དང་བོ་བྱུང་བ་ནས། བཙན་བྱོལ་བའི་མི་ཐོག་གཉིས་པ་དང་གསུམ་པའི་ཁ་མཚམས་འདིར། ད་ནི་ང་ཚོས་གཞན་ལ་ལག་པ་བརྐྱངས་པའི་ལས་ཀ་དེ་ལ་ད་དུང་ཡང་འགྱུར་བ་མ་སོང་བར། རང་མི་མི་རབས་ནས་མི་རབས་ཚ་རྒྱུད་ཀྱི་བར་དུ་གཞན་ལ་ལག་པ་སྐྱོང་ལུགས་ཀྱི་འུ་ཐུག་པའི་ལམ་ཕྲན་ཁོ་ན་ཞིག་སྟོན་བཞིན་ཡོད་པ་ལས། འུ་ཐུག་པའི་བྱེད་སྟངས་དེ་ལ་རེ་བ་མེད་པ་ནས། ནམ་ཞིག་འཆི་ལམ་ཉེག་གཅིག་དུ་གྲུབ་ཡོད་པ་གཏན་ནས་ཁ་ཁོག་མ་གསང་བར་བཤད་གླེང་དང་། མཆོང་བསྐྱོད་བྱེད་འཕོད་མཁན་གྱི་རྒན་རབས་པ་རེ་ཟུང་ཞིག་བྱུང་བ་ནས་དེ་དག་བཞུད་རྗེས་སུ། བཙན་བྱོལ་བ་གཉིད་ལ་ཤོར་བ་རེད།
གཉིད་སྨན་དེ་ཡི་ཤུགས་ཧ་ཅང་ཆེ་དྲགས་སྟབས། མི་རབས་གཉིས་པ་ནས་གསུམ་པ་བསྐྱེད་སྲུང་བྱེད་པའི་དེ་རིང་གི་རྒྱུད་རིམ་འདིའི་བར་དུ། མི་ལོ་ནས་མི་ལོ་བརྩིས་དེ་སུམ་དུས་ཟེར་བའི་ཉིན་མོ་འདི་སྲུང་བརྩི་བྱས་ཡོད་ལ། བོད་ནང་གི་རྒྱལ་གཅེས་པ་ཁྲི་འབུམ་མང་བོ་ཞིག་གི་གཅེས་པའི་སྲོག་ཡང་ཤོར་ཟིན་ན་ཡང་། བཙན་བྱོལ་བའི་དུས་དྲན་འདི་ནི་རྒྱུན་ལྡན་གྱི་ལས་གཞི་ལྟ་བུ་ཞིག་དུ་རྩིས་དེ། མགོ་བཀའ་བློན་ནས་སྤྱི་འཐུས་དག་གིས་ཚོགས་ཐོག་ནས་གཏམ་བཤད་བརྫིགས་པོ་རེ་གནང་དེ། ཡིན་འདོག་འདོག་གིས་རང་ཁྱིམ་དུ་ལོག་འགྲོ་བའི་ཤུལ་དུ། སེམས་ཤུགས་ཨག་གསར་ཅན་དང་། སེམས་ཤུགས་འབར་མའི་རིགས་རེ་ཟུང་། ཚེ་བཀང་བོར་སུམ་དུས་ལ་ཆད་མ་མྱོང་བའི་རྒན་ཁོག་ཁ་ཤས་ཤིག་རྐང་ལམ་ལྟ་བུའི་རྒྱ་གར་བའི་གཞུང་ལམ་དེད་ནས། མི་ཐོག་དང་བོའི་སྐད་འབོད་ནི། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཐར་བསྒྲོད་གཏོང་། བོད་ཀྱི་བདག་པོ་བོད་མི་ཡིན། བོད་སྐྱོབས་ཤིག
གཞུང་ལམ་དེ་ནས་མི་ལོ་ལྔ་བཅུ་ཏག་ཏག་བསྐྱལ་ནས། དེ་རིང་མི་ལོ་ལྔ་གཅིག་གི་རྗེས་ནས་བཟུང་ཡོད་ལ། མི་ལོ་ལྔ་གཉིས་ཀྱི་འགོ་ནས་བཟུང་ཡོད། མི་ལོ་སུམ་བཅུའི་རྗེས་སུ་སྐད་འབོད་ལ་འགྱུར་བ་བྱིན། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། ཆོས་ལུགས་དད་མོས་རང་དབང་དགོས། རང་དབང་གི་སྐོར་ལ་སྐད་འབོད་ཤུགས་ཆེན་བསྒྲགས། འགྲོ་བ་མིའི་ཐོབ་སྟབས་བརྩད། རྒྱ་གཞུང་གི་དཔོན་ངན་དག་གི་སེམས་པ་རྔམ་སྐྲག་ཆེ་ས་ནས་ཕྱི་ནུར་གོམ་བཀང་བརྒྱབས། བཙན་བྱོལ་བའི་སྐད་འབོད་དེ་ནི་འཛམ་གླིང་སྤྱི་དང་མཐུན་རབས་དང་། གནས་ལུགས་མང་བོ་ལྡན་རབས། རྒྱུ་མཚན་ཡོད་པ། བོད་ཡུལ་དུ་ལོག་པའི་གོ་སྐབས་ཆེས་མགྱོགས་པ་བཅས་ལ་ཡིད་ཆེས་བྱས་པ་རེད། མི་ཐོག་གཉིས་པ་དེ་དག་གིས་ཀྱང་རང་གི་ཕ་མ་དག་ལ་ཡིད་ཆེས་བཅོལ་ནས། གོམ་པ་རེ་རེ་དེ་དག་གི་རྗེས་སུ་སོང་ནས་མི་ལོ་རེ་གཅིག་བྱིན་ཡོད།
ལོ་རྒན་ཧྲིལ་བོ་བཞི་བཅུ་ལྷག་བསྐྱལ་རྗེས་སུ། བཙན་བྱོལ་བས་གཉིས་ཕན་ཁོ་ནའི་ལམ་ཁ་ཞིག་ཡོད་རབས་ཀྱིས། འཛམ་གླིང་མི་མང་གིས་ཀྱང་དེ་ལ་རོགས་སྐུལ་དང་རྒྱབ་སྐྱོར་ཐོབ་པར་ཡིད་ཆེས་བཅོལ་བ་དང་། བཙན་བྱོལ་བས་ཀྱང་དེ་ལ་འགྲེལ་བ་མི་ཉུང་བ་ཞིག་རྒྱ་གཞུང་གི་དཔོན་ངན་དག་གི་སྒོ་ཁར་བརྒྱུད་དེ་ཡིག་ཆ་མི་ཉུང་བ་ཞིག་འཁུར་ནས་ཡང་དང་བསྐྱར་དུ་བྱིན་དུས། རྒྱ་རྒན་དེ་དག་གིས་ཀྱང་བཙན་བྱོལ་བར་བྱེད་མི་ཆོག་པའི་བརྡ་ཁྱབ་མི་ཉུང་བ་རེ་སྐུར། བཙན་བྱོལ་བས་ལོ་ལྟར་དེ་དག་རེ་རེ་བཞིན་ལག་བསྟར་བྱེད་སྟངས་རེར། རྒྱ་རྒན་དེ་དག་གིས་འདོད་ཐོག་ལ་རྟ་རྒྱུགས་པ་དང་བསམ་ཐོག་ལ་ཆར་འབབ་ནས་ལྷོད་འཇག་གེར་འཇིག་སྐུལ་གྱིས་སྐད་གསེང་མཐོ་ནས་མཐོ་རུ་སོང་ནས། ཉེས་མེད་ཀྱི་བོད་མི་དག་གི་འཚོ་འདུག་འགྲོ་གསུམ་གྱི་མར་རྩ་ཆུང་ནས་ཆུང་དུ་སོང་བ་དང་། རང་ས་ནས་རང་སྐད་བཤད་པ་དང་རང་ཡིག་སྤྱོད་པ་ལ་ཡང་། ཉེས་པར་ལྟ་བའི་དུས་སུ་བསྐྱལ་བ་རེད།
འདི་ནི་སུམ་དུས་ལྔ་གཅིག་གི་ཉིན་མོ་དང་ལྔ་གཉིས་ཀྱི་འགོ་བཟུང་ཉིན་ཡིན་དུས། ང་ཚོས་མི་མཐུད་དུ་མི་རབས་ནས་མི་རབས་བར་གཉིད་དགོས་པའི་བཀོད་ཁྱབ་གཏོང་བ་ལས། གཉིད་སྟུག་པོའི་ཁྲོད་ནས་སད་དགོས་པའི་བརྡ་ཁྱབ་གཏོང་བ་དང་ལག་ལེན་གྱི་མཆོང་བསྐྱོད་ཀྱིས། རྒྱ་རྒན་ཚང་གི་དཔོན་ངན་དེ་དག་གིས་བཙན་པོའི་མི་རབས་སླར་ཡང་འཛམ་གླིང་ན་གསོན་པོར་ཡོད་པ་ཤེས་སུ་འཇུག་རན་རེད་མོད། བཙན་བྱོལ་བས། དུས་དེ་རིང་གི་ཉིན་མོ་བྱང་ཆུབ་སེམས་མཆོག་སྐྱོར་ནས་བསྡད་ཡོད་ལ། བོད་ནང་གི་བོད་མི་དག་གིས་འཇིག་རྟེན་རང་ཡུལ་ན། གཞན་མིས་གཉའ་གནོན་ཁྲོད་དུ། དམྱལ་བ་མྱོང་ནས་བསྡད་ཡོད་པ་རེད།
སྤུན་ཟླ་ཁྱེད་ཅག་ཕེབས་པ་དགའ་ནས་ཡོད། བསམ་ཚུལ་གསུངས་པ་དེར་བཀའ་དྲིན་ཆེ། རྗེས་སུ་ཕེབས་རྐྱང་བྱོས།
སུམ་ཅུའི་དུས་དྲན་ཉིན་ང་ཉལ་ནས་བསྡད་པ་ཡིན། དེའི་རྒྱུ་མཚན་ཁྲོམ་དུ་སོང་ན། ཁྲོང་ཁྲོ་དང་སྐྱོ་སྣང་གཉིས་ཀ་རིས་མོས་ཀྱིས་སྐྱེ་ཡོང་བས་ཡིན། དེ་ལས་རང་ཁྱིམ་དུ་བྱུང་ན་མ་ཎི་རེ་བགྲང་། དེ་ལྟར་མ་བྱུང་ཡང་རྩོམ་ཐུང་རེ་བྲིས་ན་བཟང་སྙམ་པ་ནི་ངའི་འདོད་ཕྱོགས་ཡིན། དྲ་གྲོགས་ལགས། དུས་ཚོད་འདྲ་བྱུང་ན་རྩོམ་ཡིག་རྣམས་ལ་བསམ་ཚུལ་རེ་འདོན་རོགས།
ཡ་ད་་་ཁྱེད་གཉིས་ཀྱིས་ཀི་རིང་བཏབ་དབུགས་རིང་འཐེན་ཚར་ཐ། ཡིན་ཡང་ངས་དེའི་ཕྱོགས་ལ་བསམ་བློ་གཏོང་པ་ཙམ་ལས་ད་དུང་ཡང་ཀི་འདེབས་རྒྱུ་དང་དབུགས་འཐེན་ཁོམ་གང་ཡང་མ་བྱུང་། ཡིན་ནའང་སེམས་པའི་ངར་ཤུགས་དེ་མ་ཤི་ན་གོ་སྐབས་ལ་ད་དུང་ངང་གིས་འཁྱུད་ཐུབ།
ཟིན་བྲིས་བཀླགས་ཟིན། གསུམ་བཅུའི་དུས་དྲན་ལ་ཚང་མས་ཀུ་རིང་རེ་བཏབས་རྗེས་གར་སོང་ཆ་མེད་ཡིན་ནི་རེད། གཞུང་གི་ལང་ཕྱོགས་ལྟར་བྱས་ན་ཀུའང་འདེབས་ཉན་མིན་མི་ཤེས་བས་ད་ལོ་ཉལ་ནས་མ་ནི་རེ་བཏོན་ཏེ་འདུག་རྩིས་ཡིན། དེའི་དོན་དག་མ་བཤད།
ལྔ་གཅིག་དང་ལྔ་གཉིས་ཞེས་བ་དེ་ང་གཅིག་དང་ང་གཉིས་ཞེས་འབྲི་རོགས། ད་དུང་ཡིག་ནོར་འགའ་རེ་ཡོད་ནའང་དེ་དག་གནད་འགག་ཆེན་པོར་མཐོང་མ་སོང་།