ཉེ་དང་རྒྱང་གི་བྱ་བ་བརྗེད་འགྲོ་ལ།།
སེམས་དང་ཚོར་བའི་སྣང་བརྙན་ཤི་ཐེངས་རེར།།
རིགས་ཀྱི་དུངས་ཞེན་ཟེར་བ་རྫུན་མ་དང་།།
ལྷག་བསམ་ལ་རྒྱ་ཞེས་ཀྱང་ལབ་ཙམ་རེད།།
བོད་ལ་སྐྱེ་བའི་བོད་དོན་མ་བྱས་པར།།
བོད་ས་སྐྱུར་ནས་གཞན་ལ་བྲོས་པ་ཡི།།
ང་དང་ང་འདྲའི་སྡར་མ་སྐྱག་གཟན་རིགས།།
ནང་ལ་སྐོར་ན་ཁ་སྤོབས་དགོང་ལས་མཐོ།།
རང་དང་བོད་གཉིས་ཁྲོད་ཀྱི་རང་གདམ་ནས།།
སྐྱབས་བཅོལ་ཡུལ་ནས་ཕྱི་རོལ་ཁམས་ལ་འཁྱམ།།
ཕྱི་རོལ་གྲོང་ནས་ཆང་དང་དུ་བའི་སྨྱོས།།
སྒོར་ལྡོག་ཆ་རེ་གྲོགས་དང་ཉེ་དུ་སྐུར།།
ཉིན་མཚན་དབྱེར་མེད་གཞན་གྱི་ངོ་གསོ་སྲུང་།།
རིགས་རུས་བསྲེས་པའི་བྱིས་པ་དར་སྤེལ་བྱས།།
རང་སྐད་བརྗེད་པའི་བུ་ཕྲུག་མཐའ་སྐོར་དུས།།
སེམས་ཀྱི་འགྱོད་པ་སུ་ལ་བྱེད་ཐབས་བྲལ།།
ཐག་རིང་ཡུལ་ན་ཡོད་པའི་སྤུན་ཉེ་དང་།།
རྒྱང་རིང་ཞིག་ན་འཚོ་བའི་སྤུན་ཟླ་ཚོ།།
ཁྲེལ་དང་ངོ་ཚ་མ་སྲུང་རང་གཅིག་བུར།།
བསམ་པའི་ཉེས་པ་དེ་ལ་འབྲུས་པའི་སྨིན།།
ཕ་ཡུལ་གངས་ལྗོངས་ཟེར་ནས་ལོག་ས་མེད།།
སྙིང་གི་ཚེ་གྲོགས་ཟེར་ནས་འབོད་ས་མེད།།
གཅེས་པའི་བུ་ཕྲུག་ཟེར་ནས་བཅོལ་ས་མེད།།
འདི་འདྲའི་མི་ཚེ་ཁྲོད་ནས་གཟད་འདི་སྐྱོ།།
སྐར་ཁྲི་བཙན་ལགས།
འགྱུར་དུ་མེད་པའི་རང་གཤིས་གསེར་གྱི་ཏོག།
ལྷམ་ལྷམ་འོད་དུ་འཚེར་བའི་ཚེམས་ཕྲེང་འདི།།
མཐོང་བ་ཙམ་གྱི་སེམས་པ་དྲོད་སྟེར་བའི།།
སྙིང་གི་གྲོགས་ཁྱེད་ཕེབས་པ་སྤྲོ་ནས་ཡོད།།
འཇམ་མགོན་ལགས།
རིགས་ཀྱི་དུངས་པ་སྙིང་ན་ལྕི་བ་དང་།།
སེམས་ཀྱི་ངལ་བ་བོད་ལ་འཁོར་བ་ཡི།།
མི་འགྱུར་ཚོར་བས་དྲངས་པའི་སྙན་ཚིག་ཞིག།
འདི་ནས་ཤར་མར་བྲིས་པ་སྙིང་ནས་དགའ།།
ཁྱོད་ཀྱི་གྲོགས་ནི་ང་ཡི་དགྲ་ཡིན་རུང་།།
ང་ཡི་དགྲ་ནི་ཁྱོད་ཀྱི་གྲོགས་ཀྱང་ཆོག།
ཁྱོད་དང་ང་ནི་ལུས་ཀྱི་གྲོགས་པོ་ཡིས།།
དམ་ཚིག་རི་བོ་ལས་ཀྱང་བརྟན་གྱུར་ཅིག།
སེམས་པ་བོད་ལ་དགའ་ན་ཁྲེལ་ཡོད་ཉིད།།
སེམས་གཏམ་ནང་ལ་བཤད་ན་ཕོ་རབ་ལགས།།
སེམས་ཁམས་མི་བདེ་རང་གི་དོན་ཡིན་པ།།
སེམས་ཅན་ཡོད་དོ་ཅོག་གི་ཆོས་ཉིད་ལགས།།
ལས་ཀྱིས་བསྡུས་པའི་ལུས་འདི་རང་ལ་མི་དབང་དུས།།
ཚོར་བ་རྣོ་པོ་ཤ་རུས་གསེང་ལ་བར་མེད་ཁྱབ།།
ཕྱིར་བཟློག་མེད་པའི་དན་རྟགས་རི་མོ་ཡིད་ལ་སྒོམ།།
འཇིག་རྟེན་མགོ་མཇུག་ལྡོག་འདྲའི་སྲུབས་ལ་ཤིན་ཏུ་གཟོབས།།