གཟའ་པ་སངས་ཀྱི་ཞོགས་པ་སྔ་བོ་ནས་མཛའ་མོ་དང་མཉམ་དུ་གྲོགས་པོ་གཉིས་ཀྱི་སྐྱེ་སྐར་ལ་ལག་རྟགས་ཤིག་ཉོ་རུ། བུ་མོ་ཐར་མ་མཚོ་དང་ངེད་གསུམ་ཁྲོམ་རྭ་ཆེན་མོའི་ཕྱོགས་སུ་བྱིན། ང་རང་རླངས་འཁོར་ནང་གི་རྒྱབ་ཀྱི་རྐུབ་སྟེགས་སྟེང་དཀྱིལ་ཀྲུང་ཞིག་བྱས་ནས་ལྷོད་ལྷོད་བསྡད་ཞོར་དུ། བུ་མོ་དང་མཉམ་དུ་མཚམས་རེར་རྩེད་རོགས་འདྲ་བྱས་ན་ཡང་། སེམས་ནང་དུ་འདི་འདྲ་ཞིག་དྲན་ནས་འོང་། རྒྱང་རིང་གི་ཕ་མ་གཉིས་ནི་ང་རང་དང་ནུ་བོ་དང་ནུ་མོ། ཕུ་བོ་དང་ཚ་བོ་ཚ་མོ་དག་གི་ཆེད་དུ་སེམས་ཁྲལ་རེ་བྱེད་ཀྱིན། རྒྱ་གར་ན་གླས་ཁང་ཞིག་དུ་བསྡད་ཡོད་པ་རེད་ལ། ཉིན་རེ་ཡི་འཚོ་བ་ཡང་ངན་ངོན་ཙམ་ཞིག་བསྐྱལ་ནས་བསྡད་ཡོད་པ་རེད། བུ་སྡུག་ང་འདི་ན་རླངས་འཁོར་བརྫིག་པོ་ཞིག་གི་ནང་དུ་ཉམས་བྱས་ནས་འགྲོ་བཞིན་ཡོད་ཀྱང་། རང་གི་ཕ་མ་གཉིས་ལ་འཚོ་བའི་ཁ་ནོན་རེ་ཡང་སྐུར་ཐུབ་ཀྱི་མེད་པ་དེར་བསམ་བཞིན་སེམས་པ་སྐྱོ་སོང་།
ཁྲོམ་རྭ་ཆེན་མོའི་ནང་དུ་སྣ་འདུས་རང་བཞིན་གྱི་ཅ་དངོས་ཡོད་དུས། ནང་གི་ཅ་ལག ཁ་ལ་ཟ་རྒྱུ། རྒྱབ་ལ་གོན་རྒྱུ། ལག་ལ་འཛིན་རྒྱུ། མེད་ནི་ཞིག་མེད་པ་ཡིན་དུས། ང་རང་གི་ལག་ཁྱེར་ཁ་པར་ཡང་རྙིང་ནས་བསྡད་ཡོད་དུས། མཛའ་མོས་ཉེ་དུས་ནས་བཟུང་གསར་བ་ཞིག་ཉོས་ན་ཞེས་ཡང་ཡང་བཤད་པར་བསྟེན། དེ་རིང་ཞོར་དུ་ལག་ཁྱེར་ཁ་པར་གསར་བ་ཞིག་ཀྱང་ཉོས་པ་ཡིན། གོང་ཆེན་པོ་དང་ནང་དུ་ལས་ཀ་འདྲ་མིན་བྱེད་ཆོག་པའི་ལག་ཁྱེར་ཁ་པར་ཞིག་ཡོད་ན་བཟང་བ་ངས་ཤེས་ཀྱི་ཡོད་མོད། ང་རང་ཐབ་ཚང་ནང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་དུས། ལག་པ་ཆུ་དང་སྣུམ། ཁྲག ཤ་འདྲ་མིན་ལ་ཐུག་གི་ཡོད་པའི་བར་དུ་ཁ་པར་སླེབས་ན། ངས་དེ་འཕྲོ་བརླག་དུ་འགྲོ་བར་ལས་སླ་བ་ཡིན་དུས། གོང་སྟབས་བདེ་ཞིག་ཉོས་པ་ཡིན། ཟླ་རེ་ལ་ཨ་སྒོར་ཉེར་ལྔ་རེ་སྤྲོད་དགོས་ཀྱི་ཡོད། ཟླ་གཅིག་གི་རིང་དུ་སྐར་མ་བརྒྱའི་རིང་དུ་ཁ་བརྡ་བྱེད་ཆོག་གི་ཡོད། འཕྲིན་ཐུང་དྲུག་བཅུ་གཏོང་ཆོག དེ་ལས་བརྒལ་ན་སྒོར་མོ་ཁ་ནོན་རྒྱགས་དགོས་ཀྱི་ཡོད།
བུ་མོ་དང་མཛའ་མོ་གཉིས་ཀྱིས་དེ་ནས་ཞོགས་ཟས་ཤིག་ཟས། ང་ལ་ཁྱེད་རང་གི་མི་ཟ་ནས་ཟེར་བས། ངས་མི་ཟ་ང་རང་སོང་ནས་ཐ་མག་ཞིག་འཐེན་ནས་འོང་ཞེས་ཕྱི་ལ་སོང་ནས་ཐ་མག་ཞིག་འཐེན་ནས་ཕྱིར་ཁྲོམ་རྭ་ཆེན་མོའི་ནང་དུ་ཁོ་གཉིས་ཀྱི་སར་སླེབས་དུས། མཛའ་མོས་ཁྱེད་རང་གི་སྒོར་མོ་གསོག་འཇོག་བྱེད་ཀྱི་ཡོད་དམ་ཟེར། ངས་ཡིན་ཞེས་བཤད་དུས། མོ་རང་གིས་དེ་ལས་ཁྱེད་རང་གིས་ཐ་མག་མ་འཐེན་པར་ཟ་མ་ཞིག་ཟོས་ན་ཡག་གི་རེད་ཟེར་བའི་སྐད་ཆ་དེ་ནི་བདེན་ན་ཡང་། དེ་ནས་ཟས་པ་དེ་ཡི་གྲོད་ཁོག་མི་རྒྱགས་པའི་སྒང་ལ་གོང་ཡང་ཆེན་པོ་ཡིན། དེ་ལས་རང་གི་ནང་དུ་སླེབས་ནས་ཟོས་ན་ཞིམ་པོ་ཡོད་པ་དང་གྲོད་ཁོག་གྲངས་པ། འགྲོ་སོང་ཆུང་བ་བཅས་རེད་ལ། ཚང་མ་ཡང་ཡིན་ངེས་ཡིན། དེ་མིན་རང་ཉིད་ནི་ཤ་མི་ཟ་བའི་མི་ཞིག་ཡིན་དུས། ཐབ་ཚང་གང་རུང་ཤ་ཡོད་ས་ཞིག་ནས་བཟོས་པའི་ཟ་མ་ལ་ང་རང་གི་ཤ་དང་ཁུ་སོགས་མ་འདྲིས་པར་གཙང་མ་ཡིན་པར་ཡིད་ཆེས་བྱེད་དཀའ་བས་ཀྱང་ཡིན།
ཁྲོམ་རྭ་ཆེན་པོ་དེ་ནས་ཆུ་ཚོད་ལྔའི་རིང་དུ་ཡར་ཉུལ་མར་ཉུལ་བྱས་པ་དང་། ནང་དུ་དགོས་ངེས་ཀྱི་ཅ་དངོས་ཕྲན་པུ་ཞིག་ཞོར་དུ་ཉོས། བྱིས་པ་འགོག་པའི་ཤིང་སྒོ་གཉིས་ཉོས། དངོས་ནས་གོང་ཆེན་པོ་རེད། ཨ་སྒོར་བརྒྱ་དང་གྱ་བཅུ་ཙམ་གནས་སོང་། ཡིན་ཡང་། ངས་མོ་རང་ལ་དེ་ཡི་སྐོར་ནས་གང་ཡང་བཤད་མེད། བུ་མོ་དང་སྐྱེ་ལ་རན་པའི་བུ་ཆུང་གི་བདེ་འཇག་ལ་གལ་ཆེན་ཡིན་དུས། སྒོར་མོ་དེ་ཙམ་ལ་འཕངས་དོན་མི་འདུག ཕྱོགས་ངོས་ཁ་ཤས་ནས་མི་རིགས་གཉིས་དང་གོམ་གཤིས་གཉིས། བསམ་བློ་གཏོང་སྟངས་མ་འདྲ་བ་གཉིས་ཡིན་དུས། བསམ་ཤེས་རེ་བྱས་ནས་འགྲོ་ཐུབ་བྱེད་པ་དང་བཟོད་བསྲན་བྱེད་རྒྱུ་དེ་ལས་རང་གིས་ཁ་མ་ཁོམ་པར་བཤད་པ་དེར་གྲུབ་འབྲས་ཀྱང་མེད་པ་ངས་སྔ་ནས་ཤེས་ཀྱི་ཡོད། ཁ་ཤས་ཀྱི་ཐད་ནས་དངོས་ནས་མོ་རང་གི་བསམ་ཤེས་དང་ཀུ་ཡངས་མང་བོ་ཞིག་བྱེད་ཀྱི་ཡོད་པ་རེད།
ངེད་གཉིས་ཀྱི་བུ་མོ་ཐར་མ་མཚོར་རྩེད་ཆས་ཀྱི་རིགས་སྣ་ཚོགས་ཁང་བ་ཞིག་བཀང་ནས་ཡོད། མང་ཤོས་ཤིག་མོ་རང་གི་གྲོགས་མོ་དང་ཨ་ཅེ་སོགས་ནས་སྤྲད་པ་ཡིན་ལ། མི་ཉུང་བ་ཞིག་སྐྱེ་སྐར་གྱི་ལག་རྟགས་ནས་རེག་པ་ཡང་ཡོད། དེ་མིན་པའི་སྐོར་མོ་རང་གིས་ཉོས་ནས་ཡོང་གི་ཡོད་པ་ཡིན། ངས་ཐེངས་ཁ་ཤས་ཤིག་ལ་མོ་རང་ལ་དོན་མེད་དུ་འཕྲོ་བརླག་དུ་མ་བཏང་ན་ཞེས་བཤད་ཀྱང་། མོ་རང་གིས་འདི་ནི་སྒོར་མོ་བཅུ་གྲངས་ཤིག་རེད། སྒོར་མོ་བཅུ་གྲངས་ཤིག་གི་གང་ཡང་རེག་གི་མ་རེད་ཅེས་ལན་ཏག་ཏག་ཞིག་ཡོད། དེ་ནས་བཟུང་། ངས་ཀྱང་རང་གི་བཤད་པ་དེར་གྲུབ་འབྲས་ཐོན་གྱི་མེད་པའི་བརྡ་གསལ་བོ་རེག་པ་ནས། ང་རང་ཁ་བཙུམ་གང་ཐུབ་བྱེད་ཀྱི་ཡོད།
གྲོགས་པོ་བུ་ཆུང་དང་བློ་བཀྲ་གཉིས་ལ་གྲོགས་པོ་རྡོར་རྒྱལ་ངེད་གཉིས་ཀྱི་མཉམ་འབྲེལ་ཐོག་ལག་རྟགས་ཤིག་ཉོ་རྒྱུ་བྱོས་ཡོད་པ་ལྟར། ངས་ཁྲོམ་ནས་དཀར་ཡོལ་ཆ་ཁ་ཤས་ཤིག་དང་། ཤེལ་ཕོར་ཆ་ཁ་ཤས་ཤིག་ཉོས། ཕྱིར་མོ་རང་གི་ཨ་མའི་ནང་དུ་སླེབས་མ་ཐག ངས་ཤིང་གི་སྒོ་ཆུང་དེ་གཉིས་འཇོག་་འགོ་བརྩམས། མོ་རང་གི་ཨ་མ་ཡིས་གཟའ་པ་སངས་རྒྱུན་དུ་རྒྱལ་ཁབ་འདིའི་བག་ལེབ་སྐད་གྲགས་ཅན་ཞིག་ཡོད་པ་དེ་ཉོ་ཡི་ཡོད། མོ་རང་གིས་དེ་དང་མཉམ་སྒོ་ང་ཞིག་བརྔོས། གྲང་ཚལ་ཞིག་བཟོས་སོང་། ང་རང་གི་ལས་ཀ་ཚར་བ་དང་ཟ་མ་རྒྱགས་ཚད་ཅིག་ཟོས་ནས། བུ་མོ་ཐར་མ་མཚོའི་འགྲམ་པའི་ངོས་སུ་ཁ་ཞིག་བསྐྱེལ་ཞོར་དུ། པ་ཁོ། བདེ་མོ་བྱོས། ཨ་ཕ་ང་གྲོགས་པོ་གཉིས་ཀྱི་སྐྱེ་སྐར་ལ་འགྲོ་བཞིན་ཡོད། སང་ཉིན་ཕྱི་དྲོ་བར་དུ་ཐུག་གི་མ་རེད། ཕྱི་དྲོ་ཨ་མ་ཁྱེད་གཉིས་སྐུའི་འཁྲུངས་སྐར་ལ་ཡོང་དུས། ང་ཚོ་ཐུག་ཡོང་ཞེས་བཤད་རྗེས། མཛའ་མོ་དང་མོ་རང་གི་མ་རྒན་གཉིས་ལ་བདེ་མོ་བཞག་ནས་རླངས་འཁོར་འབབ་ཚིགས་དུ་སོང་།
རྒྱལ་ཁབ་འདིའི་རྒྱལ་ས། རྗོ་སུ་ལམ་རླངས་འཁོར་འབབ་ཚིགས་སུ་འབྱོར་ནས། ང་རང་གིས་རང་ཉིད་འགྲོ་སའི་གྲོགས་པོ་བུ་ཆུང་བསྡོད་སའི་གྲོང་གསེབ་དེར་འགྲོ་བའི་རླངས་འཁོར་དུས་ཚོད་ག་དུས་ཡོད་མེད་རེའུ་མིག་ནང་དུ་བལྟས་དུས། དུས་ཚོད་གསུམ་དང་སྐར་མ་སུམ་བཅུའི་སྟེང་དུ་འདུག སྐར་མ་ཁ་ཤས་ཤིག་ལ་སྒུག་དགོས་ཀྱི་ཡོད་དུས། ང་རང་ཐ་མག་འཐེན་སའི་ཁོར་ཡུག་དེར་སོང་ནས། ཐ་མག་ཞིག་མེ་ལ་སྒྲོན་ནས་ཕར་བལྟས་པའི་སྐབས་ཏག་ཏག་དེར། མདུན་གྱི་བུད་མེད་མཛེས་མ་དེ་ཡིས་ང་རང་ལ་བརྡ་ཞིག་སྟོན་གྱི་འདུག
ང་རང་གིས་ཁ་ཕྱིར་འཁོར་ནས་བལྟས་པ་ན། ཚེ་རིང་དབྱངས་སྐྱིད་ང་རང་གི་འགྲམ་དུ་སླེབས་གྲབས་འདུག ཚེ་རིང་དབྱངས་སྐྱིད་ནི་རྒྱ་གར་ནས་འདིར་ལས་ཀ་བྱེད་དུ་ཡོང་བའི་བོད་ཀྱི་བུད་མེད་ཅིག་ཡིན། མོ་རང་འདིར་སླེབས་ནས་ལོ་གཅིག་དང་ལྷག་ཡིན། ངེད་གཉིས་ད་རེབས་ཐེངས་གསུམ་ཙམ་ཐུག མོ་རང་ཡང་བུ་ཆུང་གི་སྐྱེ་སྐར་དུ་འགྲོ་བཞིན་ཡོད་པ་དེ་རིང་མ་གཏོགས་ངས་ཤེས་ཀྱི་མེད་ལ། མོས་ཀྱང་ང་རང་འགྲོ་ཡི་ཡོད་པ་ད་ལྟ་མ་གཏོགས་ཤེས་ཀྱི་མེད། སྤྱིར་ན་ངས་གྲོགས་པོ་ཚོར་ཁ་པར་ནང་ནས་བདུན་ཕྲག་རེ་ལ་ཐེངས་རེ་ཟུང་ཁ་བརྡ་བྱེད་ཀྱི་ཡོད་ཀྱང་། བུད་མེད་གྲོགས་མོ་ཚོ་ལ་ཁ་བརྡ་བྱེད་ཀྱི་མེད། རྒྱུ་མཚན་ནི་རང་གི་མཛའ་མོ་ལ་བསམ་བློ་བཏང་ནས་ཁ་བརྡ་མ་བྱས་པ་ཡིན། མོ་རང་གི་སེམས་ནང་དུ་དོགས་པ་འདྲ་མིན་ཤར་དུ་བཅུགས་ནས་གང་བྱེད་སྙམ་པ་དེ་ཡིན། དེ་ཡི་སྟབས་ཀྱི་ངེད་གཉིས་ལ་ཁ་པར་གྱི་ལམ་ནས་འགྲེལ་བ་མེད་སྟབས། ཕན་ཚུན་དེར་འགྲོ་ཡི་ཡོད་པ་གྲོང་ཁྱེར་གཅིག་དུ་ཡོད་ཀྱང་མ་ཤེས་པ་རེད།
རླངས་འཁོར་འབབ་ཚིགས་ནས་གྲོགས་པོ་བུ་ཆུང་གི་ནང་བར་དུ་སྐར་མ་ཉི་ཤུ་ནས་སུམ་བཅུའི་བར་དུ་ཡིན། ངེད་གཉིས་དེར་སླེབས་དུས། བུ་ཆུང་ནང་དུ་མེད་ན་ཡང་། ཁོ་རང་གིས་ཁ་པར་སླེབས་ནས་ང་རང་ལ་ལྡེའུ་མིག་གང་དུ་ཡོད་མེད་དེ་ང་རང་ཁྲོམ་རྭ་ཆེན་མོར་ཡོད་སྐབས་སུ་བཤད་ཡོད་སྟབས། ངས་སྒོ་ཕྱེ་ནས་ཚེ་རིང་དབྱངས་་སྐྱིད་ལ་ཐབ་ཚང་བསྟན་ནས། ངེད་གཉིས་ལ་འཚིག་ཇ་ཞིག་བཟོ་བར་སྐུལ་བ་ཡིན། མོས་འཚིག་ཇ་སྐོལ་འོང་ནས་ངེད་གཉིས་ཀྱིས་འཚིག་ཇ་འཐུང་བའི་འགོ་བཙུགས་དེ་སྐར་མ་ལྔ་དྲུག་ཞིག་སོང་བའི་སྐབས་དེར། བུ་ཆུང་གིས་རང་གི་དགའ་རོགས་བྱང་ཆུབ་དང་ལྷག་པ་གཉིས་བླངས་ནས་སླེབས་སོང་།
གྲོགས་པོ་བུ་ཆུང་ལ་རླངས་འཁོར་རྙིང་བ་ཞིག་ཡོད་པ་དེ་ནི་དངོས་ནས་ལས་ཀ་འགྲོ་བ་དང་། མཚམས་རེར་རང་གི་དགའ་རོགས་མ་ལེན་དུ་འགྲོ་བ་བཅས་ལ་ཕན་ཐོག་གི་ཡོད་པ་རེད། བྱང་ཆུབ་དང་ལྷག་པ་གཉིས་ཀྱིས་དབྱངས་སྐྱིད་སླེབས་ཐུབ་མ་སོང་། མོ་རང་གི་སྤྱིན་བདག་གིས་དགོངས་པ་སྤྲད་མི་འདུག་ཟེར། དེ་དུས་ངས་གྲོགས་པོ་བློ་བཀྲ་སླེབས་ན་སེམས་ཕམ་ངེས་ཡིན་རབས་བཤད་དུས། ཁོ་མོ་གཉིས་ཀྱིས་ཀྱང་དེ་རེད་ཟེར། དངོས་ནས་བཤད་ན། ང་རང་ཡང་སེམས་ཅུང་ཕམ་སོང་། མོ་རང་མི་རིང་བར་རྒྱ་གར་དུ་གུང་གསེང་དུ་འགྲོ་བཞིན་ཡོད། ད་ང་ཚོ་དུས་ཚོད་རིང་བོ་ཞིག་ལ་ཐུག་ས་མ་རེད་སྙམ་སོང་། དབྱངས་སྐྱིད་ནི་བུད་མེད་སྐྱེ་གཟུགས་མཛེས་ཤིང་། ཁ་ཁོག་དྲང་བའི་བུད་མེད་ཀྱི་གྲངས་དུ་གཏོགས་པར་བཤད་ཆོག་པ་ཡིན། མོ་རང་ནི་བོད་པ་ཡིན་ཡང་བོད་སྐད་ཡག་པོ་ཞིག་བཤད་ཐུབ་ཀྱི་མེད། ང་ཡི་རྒྱ་གར་སྐད་ཤེས་ཀྱི་ཡོད་པ་དེ་ཡི་དྲིན་ལ་བསྟེན་ནས་གྲོགས་པོ་བློ་བཀྲ་ལས་ང་ལ་ཁ་བརྡ་མང་བ་ཡོང་གི་ཡོད། མཚམས་རེར་གྲོགས་པོ་བློ་བཀྲ་ཡིས་ཀུ་རེ་ཡི་ཚུལ་དུ། དམྱལ་བ་བོ། ཅི་ཞིག་བཤད་ཀྱི་ཡོད། གང་ཞིག་ལ་ཁྲིད་ནས་བུད་འགྲོ་བཞིན་འདུག་ཟེར་ནས་ཀུ་རེ་ཡང་ཡང་རྩེད་མྱོང་ཡོད། གང་ལྟར། དེ་རིང་གྲོགས་པོ་བློ་བཀྲ་སླེབས་དུས་སེམས་ཏན་ཏན་ཕམ་ངེས་ཡིན།
གྲོགས་པོ་བློ་བཀྲ་དང་ཚེ་རིང་། ཚེ་རིང་ནི་གྲོང་ཁྱེར་ཀྲེ་ལེ་བེས་ན་ལས་ཀ་བྱེད་བཞིན་བསྡད་ཡོད། མོ་རང་འདིར་སླེབས་ནས་ལོ་ལྔ་ལྷག་སོང་ཚར་བ་རེད། མོ་རང་ནི་བལ་ཡུལ་ནས་འདིར་ལས་ཀ་བྱེད་དུ་ཡོང་མཁན་གྱི་བོད་ཀྱི་བུད་མེད་ཅིག་ཡིན། ང་ཚོ་ངོ་ཤེས་ནས་ཡུན་རིང་ཞིག་སོང་ཡོད་ཀྱང་། ངེད་གཉིས་ཀྱི་བར་དུ་དམིགས་བསལ་གྱི་ཁ་བརྡ་གང་ཡང་མེད། ངས་མོ་རང་གི་ཐོངས་ཆེན་གྱི་གྲུབ་འབྲས་དང་། ལས་ཀ་ཡོད་མེད་སྐོར་འདྲི་བ་ལས་གཞན་སྐད་ཆ་མང་བོ་བཤད་མྱོང་མེད། མོ་རང་ནི་དུས་རྒྱུན་དུ་ཐ་མག་མང་བོ་འཐེན་ནས་ཁ་རོག་གེར་བསྡོད་མཁན་གྱི་བུད་མེད་ཅིག་ཡིན། གྲོགས་པོ་བུ་ཆུང་དང་ཚེ་རིང་དབྱངས་སྐྱིད་གཉིས་ཀྱིས་བཙོག་བཤད་བྱེད་པའི་འགོ་བརྩམས་པ་བསྟུན། ངས་ཀྱང་བཙོག་བཤད་ཁོ་གཉིས་དང་འདྲ་མཉམ་གྱིས་བཤད་དུས། བྱང་ཆུབ་དང་ལྷག་པ་གཉིས་ནི་ཧ་ལས་ཀྱི་འདུག དངོས་ནས་བཤད་ན། ངས་བོད་པའི་བུ་མོ་ཁོང་ཚོ་ནི་དངོས་ནས་གྲོགས་ཡག་ཤོས་ཀྱི་འདང་བརྩེ་ཡི་བཅིངས་ནས། ཁ་བཙོག་བཤད་མྱོང་ཞིག་མེད་ཟེར་ན་ཆོག དེ་ཡིན་དུས། ཁོ་མོ་གཉིས་ཧང་སངས་པ་རེད།
ཚེ་རིང་དབྱངས་སྐྱིད་ནི་དངོས་ནས་ཁ་བཙོག་བཤད་ན་ཧ་ལས་པའི་ཁ་བདེ་བོ་ཞིག་འདུག དངོས་ནས་ཁ་རོག་གེར་བསྡོད་ཐུབ་མེད་པ་ཞིག་རེད། ངེད་གཉིས་ཀྱི་ཁ་བཙོག་རུ་བཙོག་ཚད། ཁ་ནང་གང་ཡོང་བ་དག་བཤད་པ་ཡིན། དེ་ཡི་བར་དུ་བུ་ཆུང་ནམ་རྒྱུན་དུ་ཁ་བཙོག་བཤད་ནས་ལག་མི་འཁེལ་བ་ཞིག་ཡིན་མོད། དེ་རིང་ནི་ཁོ་ཁ་མང་བོ་ཞིག་གྲགས་རྒྱུ་མེད་པར་བསྡད་སོང་། སྐད་ཆ་ནི་དངོས་ནས་བསྒྲགས་སྐད་ཡིན། སྐབས་རེར་ང་དངོས་ནས་སེམས་པ་སྐྱོ་ཡི་འདུག རེད་དེ། ཁོང་ཚོ་འཚར་ལོངས་བྱུང་ཡུལ་རྒྱ་གར་ཡིན་དུས། རྒྱ་གར་གྱི་ཐ་སྙད་ཆེས་མི་ཉུང་བ་ཞིག་གོམ་པ་དང་གཤིས་སུ་འཇག་ནས་ཡོད་པ་ཡིན། དེ་དུས་ཁོང་ཚོའི་རང་རང་གི་བཤད་བཞིན་པའི་སྐད་ཆ་དེ་དག་ནི། བོད་སྐད་ཡིན་བཞག་གིས་བཤད་ཀྱི་ཡོད་དུས་ཀྱང་ཡོད་པ་རེད།
གྲོགས་པོ་བློ་བཀྲ་དང་ཚེ་རིང་ཀྱི་ག་ལ་ཚད། དེ་རིང་ནི་མགྲོན་པོ་གཞན་གཉིས་ཀྱང་འདུག གཅིག་ནི་རྒྱ་གར་ནས་འདིར་ཆེད་ལས་སློབ་སྤྱོང་བྱེད་དུ་ཡོང་བའི་བོད་པའི་སློབ་མ་བློ་དོན་ཡིན་ལ། གཞན་དེ་ནི་རྒྱ་གར་གཞིས་ནས་འདི་ལ་ལས་ཀ་བྱེད་དུ་འོང་བའི་ཨ་ཅེ་སྒྲོལ་དཀར་ལ་རེད། ཁོ་གཉིས་སུ་ཡིན་ཡང་ང་རང་ཐེངས་གཉིས་གསུམ་ལ་ཐུག་མྱོང་ཡོད། ཁོང་ཚོ་བཞི་སླེབས་ནས་ཡུན་རིང་མ་སོང་བའི་སྐབས་ལ། བྱང་ཆུབ་ཀྱིས་རང་གི་དགའ་རོགས་བུ་ཆུང་གི་སྐྱེ་སྐར་ལ། ནང་གི་ཨ་མ་ཞིག་གི་ཚབ་ལྟ་བུ་བྱས་སོང་། མོ་རང་གིས་ཁ་ལག་མང་བོ་ཞིག་གྲྭ་སྒྲིག་བྱས་པ་དང་། ཕག་ཤ་ཞིག་དམིགས་བསལ་གྱིས་བཙོས་ནས་གཏུབ་ནས་འཁུར་ཡོང་དེ་དགོང་ཟས་ཀྱི་སྔོན་དུ་ཟས།
ང་ཚོའི་ཞ་དང་ཞོར་ལ། ང་ཚོ་བོད་མི་དག་གིས་རང་རང་ནང་བ་ཡིན་ཟེར་ནས་སྐད་ཤུགས་ཆེན་པོའི་སྒོ་ནས་ལན་འདེབས་བྱེད་ཀྱི་ཡོད་པ་དེར་བསམ་བློ་གཏོང་དགོས་པའི་སྐོར་ནས་བཟུང་། སྐད་ཆ་མི་བཤད་ཐབས་མེད་ཆགས་སོང་། གང་ཡིན་ཟེར་ན། ཁོང་ཚོ་ཚང་མས་ཕག་ཤ་ཟོས། སྤི་རག་འཐུང་ནས་བསྡད་དུས། ངས་འགྲམ་དེར་ཁོང་ཚོར་བལྟས་ནས་བསྡད། ང་རང་གི་ཤ་མི་ཟ་བའི་སྐོར་ནས་ང་རང་ལ་དྲི་བ་དྲིས་པ་ལྟར། ངས་་རང་གི་གང་ཤེས་པ་འགོ་བཙུགས། དེ་ནས་རང་གི་གང་བླ་མའི་གསུངས་པ་ད་ལྟའང་སྙིང་དུ་ཉལ་ནས་ཡོད་པ་དག་ཁོང་ཚོར་བཤད། ཁ་ཤས་ཀྱིས་ང་ལ་ཀུ་རེ་བྱེད་ཞོར་དུ། ང་རང་ནང་བ་ཡིན་ཟེར་ཞོར་དུ། ཁ་ནང་དུ་ཕག་ཤ་བརྫངས། ཞོར་དུ་སྤི་རག་འཐུང་ནས་ང་ལ་བལྟས་དེ་དགད།
དངོས་ནས་དུས་རབས་ཀྱི་མི། རང་རང་གི་གང་བྱེད་མིན་རང་རང་གི་འདོད་པ་ཡིན་མོད། རང་རང་གི་གང་ཡང་མ་བྱས་པར། ང་རང་ནི་དེ་ཉིད་བྱེད་མཁན་ཡིན་ཟེར་བ་དེ་ནི་དངོས་ནས་མི་འོས་པ་ཞིག་རེད་སྙམ་ཞོར་དུ། ངས་ཟུར་ནས་གྲོགས་པོ་གྲོགས་མོ་དག་གི་གདོང་ལ་བལྟ་ཞོར་དུ། མངར་ཁུ་ནག་པོ་ཞིག་འཐུང་ནས་བསྡད་ཡོད་པའི་སྐབས། ཐབ་ཚང་ནས་ང་ལ་སྐད་བཏང་། ཐབ་ཚང་དུ་བུད་མེད་གསུམ་གྱི་ལས་ཀ་བྱེད་ཀྱི་ཡོད། གཅིག་ནི་བྱང་ཆུབ། ལྷག་པ། ཚེ་རིང་དབྱངས་སྐྱིད་བཅས་གསུམ་ཡིན། ཁོང་ཚོས་ང་ལ་ཁྱེད་རང་གི་ཤ་མེད་ཇོས་ཚལ་མོག་མོག་ཁྱེད་རང་ལ་ག་ཚོད་དགོས་པ་ཞིག་འདི་ནས་ལེན་རོགས་ཟེར། ངས་ཕྱེད་ཀྱི་བཟོས་ན་འགྲིག་གི་རེད། བཟོས་ཚར་ན་ཟ་མཁན་ང་རང་གཅིག་གི་ཡིན་མི་སྲིད། ཟ་མཁན་མང་ངེས་ཡིན་ཞེས་བཤད་ནས་ང་ཚོ་ལྔའི་ཐབ་ཚང་དུ་དགོང་ཟས་བཟོ་བའི་ལས་སུ་ཞུགས།
དངོས་ནས་ང་ཚོས་ལས་ཀ་བྱེད་ཞོར་དུ། ཁོ་མོ་གསུམ་གྱིས་ང་རང་ལ་ཁ་བཙོག་འདྲ་མིན་བཅོ་བརྒྱད་ཅིག་བཤད། ངས་ཀྱང་རང་གིས་གང་ཐུབ་ཐུབ་ཞིག་ཕར་ལན་རེ་བསློག ཡིན་ཡང་། ཚེ་རིང་དབྱངས་སྐྱིད་ལ་དངོས་ནས་ལག་འཁེལ་བ་ཞིག་མི་འདུག མོ་རང་གིས་ང་ལ་ཁྱེད་རང་ང་ཡི་སྙིང་གི་ཚིལ་ལུ། ཁྱེད་རང
ཁྱེད་རང་ང་ཡི་རྐུབ་ནང་གི་རུས་ཏོག སྒོ་ངའི་ནང་དུ་གསེར་རུལ་ཡིན། དངོས་ནས་བཤད་ཀྱིན་བཤད་ཀྱིན། མོ་རང་གིས་ངས་ཁོ་མོ་སྣང་བ་འགྲོ་མིན་སོགས་ཀུ་རེ་དང་འདྲེས་ནས་འདྲ་མིན་སྣ་ཚོགས་ཤིག་བཤད། དངོས་ནས་བཤད་ན། ཁོང་ཚོ་ནི་དངོས་ནས་དུས་ཚོད་འདི་འདྲའི་སྐྱིད་པོ། ཁ་བཙོག་གང་བཤད་འདོད་པ་དག་བཤད་ས་ཡོད་པ། བཤད་ཐུབ་ས། འདི་འདྲའི་བྱུང་བ་དངོས་ནས་དགའ་ཡོད་ངེས་ཡིན་ལ། ང་རང་ཡང་སྐྱིད་པོ་བྱུང་། ཁོང་ཚོས་ང་ལ་སེམས་དང་བསམ་པ་བསྲེས་ནས་ཁོག་ལ་གང་དྲན་པ་ཁ་ནས་བཏོན་པ་དེ་ཡིས་བུ་དང་བུ་མོའི་སེམས་ཀྱི་འདོད་པ་ནི་གཅིག་ཡིན་པ་ར་སྤྲོད་གསལ་བོ་བྱས་སོང་།
གྲོགས་པོ་རྡོར་རྒྱལ་ཡང་སླེབས་སོང་ལ། ང་ཚོས་དགོང་ཟས་ཤ་བག་ལེབ། ཇོས་ཚལ་མོག་མོག གྲང་ཚལ་སོགས་དགོང་ཟས་བཟོས་ཚར་བ་དང་། ཚང་མ་ཧ་ཧ་ཧོ་ཧོ་བྱས་ནས་སྐད་རྒྱགས་བཞིན། བུ་མོ་ལྔ་དང་བུ་ལྔ་ཡི་བུ་ཆུང་གི་སྐྱེ་སྐར་ལ་འཛོམས། དངོས་ནས་ང་ཚོའི་བཤད་བཞིན་པའི་སྐད་ཆ་དང་གླེང་བཞིན་པའི་སྐད་ཆ་མང་ཤོས་ཤིག་ནི། འཁྲིག་སྲེད་ཀྱི་སྐོར་དང་། རིགས་རུས་ཀྱི་གནད་དོག་སོགས་ཡིན་ན་ཡང་། བསྒྲགས་སྐད་ཀྱི་ཁྲོད་ན་ང་ཚོ་ལྷན་འདུས་སྐྱིད་པོ་ཞིག་བྱུང་བ་འདི་འདྲ་དུས་རྒྱུན་དུ་ཡོང་གི་མེད། རེད་དེ། ང་ཚོའི་ནང་དུ་ཕོ་མོའི་འབྲེལ་བ་ཡོད་པ་ནི། བུ་ཆུང་དང་བུ་ཆུང་གི་དགའ་རོགས་མ་གཏོགས་སུ་ཡང་མེད། ཕྱི་ནས་མི་གང་ཡང་མི་ཤེས་པ་ཞིག་གི་བལྟས་པ་ཡིན་ན། ང་ཚོ་བུ་ལྔ་དང་བུ་མོ་ལྔ། དགའ་རོགས་ལྷན་འཛོམས་ཤིག་འདུག་ཟེར་ནས་བཤད་ན་མ་ཆོག་པ་མེད།
ང་ཚོས་བུ་ཆུང་གླས་ཁང་ཆུང་བ་དེ་ནས་ཉལ་ས་གྲྭ་སྒྲིག་བཟོས། བུ་གཉིས་རེ་བུ་མོ་གསུམ། བུ་མོ་གཅིག་ཉལ་ས་བཟོས། ཚེ་རིང་དབྱངས་སྐྱིད། ཨ་ཅེ་སྒྲོལ་དཀར། ལྷག་པ་གསུམ་ལྷན་དུ་ཉལ། བུ་ཆུང་དང་བྱང་ཆུབ་གཉིས་ལྷན་དུ་ཉལ། ཚེ་རིང་གཅིག་བུ་ཉལ། གྲོགས་པོ་རྡོར་རྒྱལ་དང་ངེད་གཉིས་ལྷན་དུ་ཡིན་ཡང་། ཁོ་རང་གི་དབུགས་གདན་ཞིག་རླངས་འཁོར་ནང་དུ་འཁུར་ཡོད་དུས། ཁོ་རང་དབུགས་གདན་དེ་ཡི་སྟེང་ནས་ཉལ་རྒྱུ་བྱས། བློ་དོན་དང་བློ་བཀྲ་གཉིས་ལྷན་དུ་ཡིན་མོད། བློ་དོན་གཅིག་བུ་ཉལ་ཁྲིའི་སྒང་ནས་ལྷོད་ལྷོད་ཉལ་སྟབས། ངས་བློ་བཀྲ་ང་རང་གི་མཉམ་དུ་ཉལ་ན་འགྲིག་གི་རེད་ཅེས་བཤད་པ་ལྟར། ཁོ་རང་ང་རང་གི་གདན་སྟེང་དུ་ཉལ། ངས་གྲོགས་པོ་རྡོར་རྒྱལ་གྱི་ལག་ཁྱེར་གློག་ཀླད་ཆུང་ཆུང་དེ་ནས་བརྙན་འཕྲིན་ཞིག་ལ་བལྟ་འགོ་བཙུགས།
ག་ལེར་ག་ལེར། མི་རེ་རེ་བཞིན། ངུར་བ་འཐེན་པ་དང་སྟུག་དྲི་གཏོང་བ་སོགས་བྱེད་ཞོར་དུ་གཉིད་སོང་། གཅིག་ནས་མ་གཏོགས་ཁོང་ཚོ་ཚང་མས་སྤི་རག་འཐུང་ཡོད་སྟབས། གཉིད་ཁུགས་པར་དངོས་ནས་ལས་སླ་བོ་བྱུང་མོད། བློ་དོན་གཅིག་བུ་གཉིད་མ་ཁུགས་པར་ཅུང་ལུས་སོང་། བར་སྐབས་ཤིག་ལ་ཁོ་རང་ཡང་གཉིད་སོང་། དེ་དུས་ང་རང་གཉིད་འདོད་ཀྱང་། གདན་ཆུང་བ་དང་ང་རང་ལ་ཟུར་ཞིག་མ་གཏོགས་མེད་པ། དེ་ནས་གྲོགས་པོ་དག་གི་ངུར་བ་ཤུགས་ཆེན་པོ་འཐེན་པ་བཅས་ལ་བསྟེན་གཉིད་ཁུགས་པར་དཀའ་ངལ་འཕྲད། གང་ལྟར། ཆུ་ཚོད་གསུམ་པ་ཡོལ་ནས་གཉིད་ཁུགས་པར་བརྩམས།
གཞན་ཡུལ་ན་ལས་ཀ་དུས་ཚོད་ཀྱི་སྟབས་བདེ་མིན་སོགས་ཀྱི་སྐུའི་འཁྲུངས་སྐར་དུས་ལྟར། དུས་ཚོད་ཏག་ཏག སྤྱི་ཟླ་བདུན་པའི་ཚེས་དྲུག་ལ། གཏོང་ཐུབ་ཀྱི་མེད། དེ་ཡིན་དུས་ལོ་ལྟར། འདི་ན་སོ་ནམ་སློབ་སྤྱོང་དུ་ཡོང་མཁན་གྱི་བོད་ཀྱི་སློབ་མ་ལྔ་བཅུ་གདན་འདྲེན་ཞུ་མཁན་གྱི་ཚོགས་པ་ཞིག་ཡོད་པ་དེ་ཡི་གོ་སྒྲིག་བྱེད་ཀྱི་ཡོད་པ་ཡིན། ད་ལོ་ནི་སྤྱི་ཟླ་བདུན་པའི་ཚེས་གཉིས། གཟའ་སྤེན་པ་ལ་འཁེལ་ཡོད། དེ་ཡིན་དུས། ང་ཚོ་ཚང་མ་སང་ཉིན་སྐུའི་འཁྲུངས་སྐར་རོལ་དུ་འགྲོ་དགོས་ཀྱི་ཡོད། ང་རང་གི་མཛའ་མོ་དང་བུ་མོ་གཉིས་ཀྱང་ཡོང་གི་ཡོད།
མུ་འགོད།
སོ་གསུམ་གྱི་མཇུག་འདི་རེད། ཀློག་་པར་འཚལ།
ཁ་རྩོག་ཅེས་པའི་ཚིག་འདི་མཐོང་ན་ཡང་ང་ནི་ངོ་ཚ་ནས་འབར་མ་ཐལ་ན་ཁྱོའི་མཇེ། ད་འགྲོ་གི་ཡིན།