གཏིང་ནས་བཞུར་བའི་ཚོར་བ་འདི་ལ་སུས་ཀྱང་ཚད་འཛིན་བྱེད་ཐུབ་དཀའ་ན་ཡང་། ཡི་གེ་གཟུགས་སུ་བྲིས་པ་ཙམ་གྱིས་ཀྱང་མིའི་རིགས་ཀྱི་ཚད་མར་འཛིན་དཀའ་བ་ནི་ཚོར་བའི་འགྲུལ་བཞུད་ཡིན་པར་བཤད་ཆོག གལ་ཏེ། འཛམ་གླིང་འདིར་མིའི་རིགས་ལ་རང་ཉིད་དངོས་ཤིག་གསལ་བྱེད་ངེས་ཀྱང་། དེ་ལྟར་དཀའ་བའི་རྒྱུ་མཚན་གྱིས་མིའི་རིགས་ཀྱི་སེམས་ནང་གི་དོགས་པ་རྣམ་དོག་ལ་མཐའ་མེད་ཅེས་ཚད་མའི་སྐྱེ་བུ་མང་བོ་ཞིག་ནས་ཚིག་ཐག་བཅད་དེ་གསུངས་ཡོད་པ་རེད། དེས་ན་ང་ཚོ་མིའི་རིགས་ཀྱི་ཅི་ཞིག་གསལ་སྤྲོད་བྱེད་འདོད་པ་ཡིན་ནམ་ཞེས་པའི་དྲི་བ་དེ་ཡོང་གི་ཡོད། དྲི་བ་དེའི་ལན་ཏག་ཏག་ཞིག་ཀྱང་སུ་གང་གིས་འདེབས་མི་ཐུབ་པ་ཐག་བཅད་བྱས་ཆོག རྒྱུ་མཚན་ནི། མིའི་རིགས་ཀྱི་འཚོ་བའི་གནས་བབས་དང་། བསམ་བློའི་རིན་ཐང་གཏན་ནས་མི་འདྲ་བྱུང་། འགུལ་བསྐྱོད་ཀྱི་རང་དབང་ལ་ཡང་མི་འདྲ་བའི་ཆ་མང་བོ་ཞིག་བྱུང་གི་ཡོད་པས་རེད།
འདི་ལྟར་མིའི་རིགས་ཀྱི་འཚོ་གནས་ཀྱི་འགྲུལ་བཞུད་ཐོག་མ་སྐྱེ་བ་ནས་འགོ་བཙུགས་དེ་མཐའ་མ་འཆི་བ་ནས་མཇུག་བསྡུ་བཞིན་ཡོད། དེར་བར་གྱི་ང་ཚོ་ནི་མི་ཡུལ་གྱི་མགྲོན་པོ་ཤ་སྟག་རེད། མགྲོན་པོ་ང་ཚོ་མགྲོན་ཡུལ་འདིར་སླེབས་པ་ནས། འགྲུལ་བཞུད་ཀྱི་ལམ་ཁ་མང་དྲག་སྟབས། འ་ཆད་འུ་ཐུག་གི་གནས་སུ་ཡང་བཅར་བཞིན་ཡོད་པའི་རྒྱུ་མཚན་དེ་ཡང་གང་རེད། ཉིན་འདི་དག་གི་རིང་དུ་རྒྱུགས་རྒྱུགས་པའི་གྲུབ་འབྲས་གངས་དཀར་ལྷ་མཚོའི་གྲོགས་མོ་ནས་ཁ་པར་རྒྱུད་དེ། སྐད་ཆ་སྙན་མོ་ཞིག་མོ་རང་གི་རྣ་བར་བླུགས་པ་དེ་ནི། ང་རང་ལ་ཕྱི་བསྐྱོད་ཐོངས་ཆེན་རེག་འདུག་ཟེར་བ་དེ་རེད། སྐད་ཆ་སྙན་མོ་དེ་གོ་རྗེས་སུ་ངེད་གཉིས་ཀྱི་སེམས་པ་བདེ་རུ་སོང་། ༢༡།༨།༠༨
ཁ་སང་ཉིན་བཀང་བོར་ལྡི་ལུ་ནས་ཡར་འགྲོ་མར་འགྲོ་བྱེད་དོན་གཅིག་ནི། ཁོ་མོས་ང་རང་ལ་གྱོན་ཆོས་གསར་བ་མགོ་གཞུག་བར་གསུམ་དུ་ཆ་ཚང་བ་གསུམ་ཉོས་པ་དང་། ངེད་གཉིས་ཆུ་རྐྱལ་ར་བ་ལ་སོང་། ཁོ་མོས་བཤད་ན་གོན་པ་འདི་ནས་གོང་ཁེ་བ་དང་ཡག་པོ་རེག་གི་འདུག ཕར་སླེབས་ན་གོན་པ་འདི་དག་ཚང་མས་རིན་གོང་གི་ཁྱེད་རང་ལ་གོན་པ་ཆ་ཚང་ཞིག་ཕར་ཞོག ལྷན་འགོ་གཅིག་ཡག་པོ་ཞིག་རེག་ཁག་པོ་རེད་ཟེར། ཕྱི་དྲོ་ངེད་གཉིས་ཕྱིར་བོད་ཀྱི་གཞིས་སྒར་མ་ཅང་ཀྲེ་ལར་ངེད་གཉིས་ཀྱི་མགྲོན་ཁང་ནས་ཅ་དངོས་ཁ་ཤས་ཤིག་བཞག་ནས་ཅ་དངོས་ཁ་ཤས་ཤིག་ལག་ཐོག་ལ་འཁོ་བ་ཚོ་འཁྱེར་ནས། ས་རུབ་པ་དང་དུས་མཚུངས་སུ་རྒྱ་གར་གཞུང་གི་རླངས་འཁོར་འབབ་ཚིགས་དུ་སོང་། དགོང་མོ་ཆུ་ཚོད་བཅུ་བའི་རྗེས་ཀྱི་རྡེ་ར་སྒྲོང་དུ་འགྲོ་བའི་རླངས་འཁོར་དུ་བུད།
དེ་རིང་ཞོགས་པ་ཆུ་ཚོད་བདུན་པ་ཡོལ་ནས་རྡེ་ར་སྒྲོང་འབྱོར་ནས་ཀ་ལི་མུན་གྲོང་{དོན་འགྲུབ་གླིང་གཞིས་ཆགས། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ཡོད།}དུ་སླེབས། སྤྱིར་ངེད་གཉིས་ས་ཁུལ་འདིའི་ཕྱོགས་སུ་འཁྱམ་གསེང་དུ་ཡོང་མོད། ང་རང་ལ་དགོན་པ་འདི་ན་གྲོགས་པོ་ཞིག་ཡོད་པ་དེར་ཞོར་དུ་ཐུག་འཕྲད་བྱེད་དུ་སོང་། གྲོགས་པོ་བརྩོན་འགྲུས་ཀྱི་ཤག་ནས་ཞོགས་ཇ་ཞིག་འཐུང་དེ་ཅ་ལག་བཞག་ནས། གྲོགས་པོ་སངས་རྒྱས་ཀྱི་ལམ་ཁྲིད་ཀྱི་འོག་ནས། རྙིང་མ་དང་བཀའ་རྒྱུད། ཆོས་རྒྱུད་དེ་གཉིས་ཀྱི་གསར་བཞེངས་ལེགས་འགྲུབ་བྱུང་བའི་དགོན་པ་དེ་དག་ལ་མཆོད་མཇལ་ལ་སོང་རྗེས། བཀྲིས་འཁྱིལ་མགྲོན་ཁང་ནས་ཁང་བ་ཞིག་བླངས། ངེད་གསུམ་གྱིས་བོད་ཀྱི་ཟ་ཁང་ཞིག་ནས་ལྷན་དུ་ཟ་མ་ཞིག་ཟོས། སངས་རྒྱས་ཀྱིས་དགོང་མོའི་ཁ་ལག་ཤ་མེད་ཇོས་ཚལ་མོག་མོག་བཟོ་རྒྱུ་གཏན་འཁེལ་གནངས་པ་དང་ངེད་གཉིས་མགྲོན་དུ་བོས་པ་ལྟར་དེ་རུ་སོང་།
ངེད་གཉིས་ཀྱིས་གྲོགས་པོ་སངས་རྒྱས་ཀྱི་མགྲོན་དུ་སོང་ནས་ཇོས་ཚལ་མོག་མོག་ཞིམ་པོ་ཞིག་ཟ་རྒྱུ་བྱུང་། གྲོགས་པོ་བརྩོན་འགྲུས་ཀྱང་དེ་རུ་སླེབས། གྲོགས་པོ་བརྩོན་འགྲུས་ཀྱིས་སང་ཞོགས་ཞོགས་ཇ་འཐུང་དུ་ཤོག་གསུངས་བྱུང་། ངེད་གཉིས་ཀྱིས་ལགས་སོ་དང་ཡ་ཡ། ཞོགས་པ་ཆུ་ཚོད་དགུ་བ་ཙམ་ལ་འབྱོར་ཡོང་ཞེས་ལན་སྤྲད་དེ་ངེད་ཚོ་བཀྲིས་འཁྱིལ་དགོན་ནང་ནས་ཁ་གྱེས་དེ་ངེད་གཉིས་བསྡོད་སའི་བཀྲ་ཤིས་འཁྱིལ་མགྲོན་ཁང་ནང་དུ་སླེབས་སོང་།
བཀྲིས་འཁྱིལ་དགོན་ནང་དུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་འདུག དེ་ཡི་མཐོ་ཚད་ཐོག་ཚད་དྲུག་དུ་གླེང་གི་འདུག བཀའ་རྒྱུད་དགོན་ནང་དུ་རྒྱའི་གཞུང་ལུགས་ཀྱི་སྟོན་པའི་སྐུ་བརྙན་ཞིག་བཞེངས་འདུག ཕལ་བལྟས་ཚོད་ཀྱི་མཐོ་ཚད་ཐོག་ཚད་བརྒྱད་ནས་དགུ་ཙམ་ལོས་ཡིན་སྙམ་པ་ཞིག་འདུག་ལ་ཁོར་ཡུག་ཧ་ཅང་གཙང་མ་རེད་འདུག་ན་ཡང་། གཙང་གྲྭ་བྱེད་མཁན་རྒྱ་གར་གྱི་བུད་མེད་ཅིག་རེད་འདུག་ལ་མཆོད་རྟེན་ལ་ལྟ་མཁན་ཡང་མི་སྐྱ་རེད་འདུག
རྙིང་མའི་དགོན་ནང་གི་མཆོད་རྟེན་དེ་ནི་ལྷ་བབ་མཆོད་རྟེན་རེད་འདུག དེ་ཡི་མཐོ་ཚད་ཀྱང་ཕལ་ཆེར་སྟོན་པའི་སྐུ་བརྙན་དེ་ལས་མཐོ་དམའ་དང་གཅིག་མཚུངས་ལོས་ཡིན་སྙམ་པའི་སྣང་བ་སྟེར་གྱི་འདུག མཆོད་རྟེན་དེ་ཡི་ཁོར་ཡུག་གྱང་གཙང་མ་རེད་འདུག་ལ། ནང་ལོག་ལ་ཧ་ལས་པའི་སྐུ་ཐང་མང་བོ་ཞིག་བཞེངས་འདུག སྟོན་པའི་སྐུ་བརྙན་སྟོང་། གུ་རུའི་སྐུ་བརྙན་སྟོང་བཅས་ཐོག་བརྩེགས་གཉིས་པའི་སྐེད་རེག་དུ་བཞེངས་འདུག
མཆོད་རྟེན་གྱི་མཐའ་སྐོར་ན་མཆོད་རྟེན་ཆུང་བ་བརྒྱད་འདུག མཆོད་རྟེན་གྱི་གཡོན་ཕྱོགས་སུ་མགྲོན་ཁང་སྤུས་གཙང་དང་ཚོང་ཁང་། ཟ་ཁང་དང་འཚིག་ཇ་འཐུང་ས་བཅས་འདུག ཡིད་སྐྱོ་བ་ཞིག་ལ་མཆོད་རྟེན་དང་སྟོན་པའི་སྐུ་བརྙན་གཉིས་ཀྱི་སྐུ་གཉེར་མི་སྐྱ་རེད་འདུག ང་རང་གི་ལྟ་སྣང་དུ་ཡག་པོ་ཞིག་མཐོང་མ་སོང་། དེ་ནི་དགོན་པ་ཞིག་ཡིན་པའི་སྣང་བ་སྐྱེས་མི་ཐུབ་པར་འགྲེམ་སྟོན་ཁང་ལྟ་བུ་ཞིག་དུ་མཐོང་སོང་། དགོན་པ་དང་མཆོད་རྟེན་ཅི་ཙམ་བརྫིག་གྱང་ནང་དུ་དགེ་འདུན་པའི་དོ་དམ་དང་བདག་གཉེར་གཙང་གྲྭ སློབ་གཉེར་བྱེད་ས་ཞིག་དུ་མ་གྱུར་ན། དེ་ནི་ཕལ་ཆེར་དགེ་འདུན་པའི་སྡེ་ཞིག་ཡིན་ཞེས་འབོད་རྒྱུ་དེ་ཡང་དཀའ་མོ་རེད་འདུག དགེ་འདུན་པའི་སྡེ་དགེ་འདུན་པའི་སྐྱོང་དགོས་པ་ལས་མི་སྐྱའི་སྐྱོང་ན་ག་ལ་འགྲིག་སྙམ་སོང་། ༢༣།༠༨།༠༨
མུ་འགོད།