སེམས་ལུས་ལྗོན་ཤིང་ཁ་བའི་ལྗོངས་སུ་སྐྱེས།།
རིགས་ཀྱི་ལྷན་སྐྱེས་མདོ་སྨད་ལྗོངས་ནས་རྙེད།།
རིགས་ཀྱི་རུས་ཚུགས་སྲ་མོའི་རྒྱུད་རིམ་ཉིད།།
ལོ་ཟླའི་རླུང་འཚབ་དྲག་པོས་གང་སར་དེད།།
བྱོལ་བའི་འཚོ་བ་མི་ལོ་མང་བོར་བསྐྱལ།།
རི་ལུང་ས་མཐའ་འགྲིམ་པའི་ཉམས་མྱོང་གིས།།
རིགས་ཀྱི་དེད་དཔོན་དྲུང་ནས་གདམ་པ་རྙེད།།
གུས་བའི་བསླངས་པའི་རིགས་ཀྱི་བདེན་དོན་དང་།།
རྒྱབ་དུ་སྐྱུར་བའི་ཕ་མ་བུ་ཕྲུག་སོགས།།
ཉེ་དང་རྒྱང་དུ་སྡུག་གི་མཚོ་མོ་རུ།།
དྲངས་པའི་ངེས་པ་ཟབ་མོ་སེམས་ནས་རྙེད།།
དལ་རྟེན་སྙིང་བོ་དམ་པའི་ཆོས་ལས་གསུང།།
མི་བུའི་རང་ཚུགས་མི་ཆོས་རྩ་བར་བཙུགས།།
བདེན་པའི་བརྡ་རྟགས་འཁྲུལ་མེད་དཔག་བསམ་ཤིང་།།
འཛུགས་པའི་སྙིང་སྟོབས་འདིའོ་ཀུན་ལས་རྙེད།།
ཞི་བའི་མེ་ལ་འཐིམ་པའི་རང་རིགས་སྤུན།།
ན་ཟུག་སྟོང་གི་མནར་བ་གཞིས་ལུས་མི།།
གཞན་ཡུལ་གནས་ཚང་བྱེད་པ་བཙན་བྱོལ་བཅས།།
མི་རིང་ལྷན་འཛོམས་ཡོང་བའི་མདུན་པ་རྙེད།།
༧ཁོག་གི་སྙིང་དང་དཔྲལ་བའི་མིག་འདྲ་བའི།།
འཛམ་གླིང་༧སྤྱི་ནོར་༧གོང་ས་མི་ཡི་གཟུགས།།
ཐུགས་རྗེ་ཉེ་རིང་བྲལ་བ་སྙིང་རྗེའི་ལྷ།།
གང་མྱུར་ཁ་བའི་ལྗོངས་སུ་ཕེབས་པར་སྨོན།།
༣།༣།༡༣བོད་ཀྱི་ཐབ་ཚང་དུ།