ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་མ་འོངས་པར་དགེ་རྒན་ལ་གསོལ་ཕོགས་དང་སྨན་ཁང་བསྟེན་གཏུག་སོགས་ཀྱི་མཐུན་རྐྱེན་དང་ཆེ་མཐོང་དང་བརྩི་འཇོག་ཡོང་ཐབས་བྱ་རྒྱུ་ཡིན་པ་མ་ཟད། མཐའ་མཚམས་སོཊ་སུ་ཡོད་པའི་དགེ་རྒན་ལ་དམིགས་བསལ་མཐུན་རྐྱེན་དང་གླ་ཕོགས་སྤྲོད་རྒྱུ་ཡིན་པའི་གྲོས་ཆོད་བཞག་འདུག
ཟླ་སྔོན་མའི་ཚེས་ ༧ ནས་ ༩ བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་ཕེབས་པའི་དགེ་ལས་ ༢༡༥ ཙམ་ལ། རྡ་ཤོད་སློབ་གྲྭའི་ཚོགས་ཁང་དུ། ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་ཚོགས་ཏེ་གྲོས་གཞི་གཙོ་བོ་ ༣ གྱི་ཐོག་གྲོས་བསྡུར་དང་གྲོས་ཆོད་བཞག་ཡོད། གྲོས་གཞི་དང་པོ་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཐད། ཤེས་རིག་ལས་ཁུངས་ཀྱི་འཆར་འགོད་དང་མི་སྣ་ཆེད་ཕེབས་ཀྱིས་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་དང་། དགེ་རྒན་ཕན་ཚུན་གྱི་ལས་དོན་དང་འབྲེལ་བའི་བསམ་ཚུལ་བརྗེ་ལེན་གྱི་དྲ་རྒྱའི་བརྒྱུད་ལམ་ཞིག་འཛུགས་རྒྱུ། དགེ་རྒན་གྱི་འབྲི་རྩོམ་དང་དཔྱད་རྩོམ།
ཁྱད་ལས་པའི་རྣམ་དཔྱོད་དང་ཉམས་མྱོང་སྤེལ་སའི་དུས་དེབ་ཅིག་འདོན་རྒྱུ། དགེ་རྒན་རྣམས་ལ་ཡིག་འབྲེལ་བརྒྱུད་ཤེས་ཡོན་གོང་མཐོར་གཏོང་བའི་གོ་སྐབས་དང་། སློབ་ཡོན་དམིགས་བསལ་གནང་རྒྱུ། ཤེས་ཡོན་སྲིད་བྱུས་ནང་འཁོད་ལྟར་དགེ་རྒན་གྱི་སྤུས་ཚད་སྟངས་འཛིན་ཚད་ལྡན་ཡོང་སླད། ཤེས་ཡོན་ལྷན་ཚོགས་ཀྱིས་ལོ་ ༥ རེའི་དུས་ཡུན་ཅན་གྱི་དགེ་རྒན་ལས་སྒོར་ཞུགས་པའི་ལག་འཁྱེར་ཞུ་དགོས་པ་བཟོ་རྒྱུ་དང་། ལག་འཁྱེར་བསྐྱར་ལེན་བྱེད་པར་དུས་ཡུན་དེའི་རིང་རང་གི་ཁྱད་ལས་གོང་འཕེལ་གཏོང་བའི་ཟབ་སྦྱོང་གསར་པ་གྲངས་ངེས་ཅན་རེ་འགྲིམ་དགོས་པའི་ཆ་རྐྱེན་འདོན་རྒྱུ། དགེ་རྒན་གྱི་སྡོད་གནས་སུ་གློག་ཀླད་དང་དྲ་རྒྱ།
དཔེ་མཛོད་ཁང་དུ་དཔེ་དེབ་སྣ་འཛོམས། སློབ་ཚན་སློབ་ཐབས་ཀྱི་འཕྲུལ་འཁོར་ (LCD Projector) བཅས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་དང་། དགེ་རྒན་གྱི་གསོལ་ཕོགས་སྤར་ཆ་དང་། སྨན་ཁང་བསྟེན་གཏུག་དང་མཛད་སྒོ་སོགས་ཀྱི་སྐབས་མི་མང་དཀྱུས་མ་བཞིན་མིན་པར་ཆེ་མཐོང་དང་། བརྩི་འཇོག་ཡོང་ཐབས་བྱ་རྒྱུ། མཐའ་མཚམས་སོགས་ས་ཆ་ཁུག་ཀྱོག་ཏུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་མཐུན་རྐྱེན་དང་གླ་ཕོགས་སོགས་དམིགས་བསལ་གནང་རྒྱུ་བཅས་གཏན་འབེབས་གནང་འདུག