རྒྱ་གར་གྱི་ཐེབས་རྩ་ཁང་ཞིག་གིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་འདི་ལོའི་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས་ཞེས་པ་ཕུལ་ཡོད་འདུག
ཟླ་འདིའི་ཚེས་ ༢༣ ཉིན་རྒྱ་གར་གྱི་ཨན་ངྷ་ར་པར་ངྷེ་ཤི་མངའ་སྡེའི་རྒྱལ་ས་ཧེ་ངྷར་སྦ་ཏིའི་ (Park Hyatt Hotel) ནང་། རྒྱ་གར་གྱི་བྷེ་ཨེ་ཊི་ཨ་ཡེ་ (BETI) ཞེས་པའི་ཐེབས་རྩ་ཁང་གིས་ཐེངས་ ༡༣ པའི་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་བསྡུས་ཏེ། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཅུན་པདྨ་མཆོག་གི་གཙོས་རྒྱ་གར་ནང་གི་བུད་མེད་བྱས་རྗེས་ཅན་ ༡༡ ལ་འདི་ལོའི་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས་ (GR8! WOMEN AWARDS 2014) ཞེས་པ་ཕུལ་ཡོད་འདུག
རྒྱ་གར་གྱི་ཐེབས་རྩ་ཁང་འདིས་འདས་པའི་ལོ་ ༡༢ རིང་རྒྱ་གར་ནང་གི་སྤྱི་ཚོགས་ཞབས་ཞུ་བ་དང་སྒྱུ་རྩལ་བ། གློག་བརྙན། ཚན་རིག ཤེས་ཡོན་བཅས་ཀྱི་ལས་དོན་ཁྲོད་གཟེངས་སུ་ཐོན་པའི་མི་སྣ་དང་། རླབས་ཆེན་གྱི་ཕྱག་ལས་གནང་བཞིན་པའི་བུད་མེད་དག་ལ་གཟེངས་རྟགས་འདི་ཕུལ་ཡོད་འདུག་ལ། ཐེངས་འདིར་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ད་ལྟའི་བར་བོད་ཕྲུག་གི་ཤེས་ཡོན་དང་། སྤྱི་ཚོགས་བདེ་དོན་ཆེད་རླབས་ཆེན་གྱི་ཕྱག་ལས་གནང་བར་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་འདུག
གཟའ་ཉིན་མའི་ཉིན་གྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཐོག་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ (GR8! Golden Scroll of Honour) ཞེས་པའི་གཟེངས་རྟགས་དེ་བོད་དོན་འཐབ་རྩོད་གནང་མཁན་ཡོངས་ཀྱི་ཚབ་བྱས་ཏེ་བཞེས་ཀྱི་ཡོད་སྐོར་གསུངས་འདུག
བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཕྱི་ལོ་ ༢༠༠༦ ལོར་ཨི་ཊ་ལིར་ (World Children Honourary Award) ཞེས་པའི་རྒྱལ་སྤྱིའི་ཆེ་བསྟོད་ཀྱི་གཟེངས་རྟགས་དང་། ༢༠༠༨ ལོར་རྒྱ་གར་གྱི་ (Bharat Jyoti Award) ཞེས་པའི་གཟེངས་རྟགས་ཁག་འབུལ་བཞེས་གནང་ཡོད་འདུག
གསར་འགོད་པ། དོན་གོ
ཨ་མ་ལགས་ལ་དགའ་སྤྲོའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།