བོད་ཕྲུག་ཁྱིམ་སྡེའི་དབྱིན་དགེ་བསྟན་འཛིན་དཔལ་མོ་ལགས་ཀྱིས་སློབ་ཕྲུག་ཚོའི་དབྱིན་སྐད་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་སློབ་འཁྲིད་ཐབས་ལམ་ཞིག་གསར་གཏོད་གནང་སྟེ་བོད་ཁྱིམ་འོག་གི་སློབ་གྲྭ་ཁག་ནང་ལག་བསྟར་བྱས་པར་གྲུབ་འབྲས་ཡག་པོ་ཐོན་ཡོད་འདུག
དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་དམའ་རིམ་འཛིན་གྲྭའི་དབྱིན་ཇིའི་སྐད་ཡིག་གི་སློབ་སྟོན་པ་རྒན་བསྟན་འཛིན་དཔལ་མོ་ལགས་ཀྱིས། སྔར་ལོའི་ལོ་མགོ་ནས་བཟུང་སྦེལ་ཀོལ་བོད་ཁྱིམ་དང་སྦིར་ཅོང་ཏ་ར། མེག་གྷན་ཉིན་སློབ། དྷ་ཤོད་བོད་ཁྱིམ་བཅས་སུ་ (Earth Child’s Book Fair) ཞེས་པའི་དབྱིན་སྐད་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་གསར་པ་ཞིག་ལག་བསྟར་གནང་ཡོད་ཅིང་། དེ་ནི་བོད་པའི་སློབ་མ་མང་པོ་ཞིག་དབྱིན་ཡིག་འབྲི་ཀློག་ཡག་པོ་ཡོད་ཀྱང་བཤད་ཡག་པོ་མེད་སྟབས། ཐེངས་འདིའི་འཁྲིད་ཐབས་དེ་སློབ་མའི་བཤད་རྩལ་ཡར་རྒྱས་གཏོང་ཐབས་ཤིག་ཡིན་འདུག ཐབས་ལམ་འདི་ཕྱི་ཟླ་ལྔ་བའི་ནང་དྷ་སྟེང་བོད་ཁྱིམ་དང་སུ་ཇཱ། གྷོ་པ་པུར་བཅས་སུ་མགོ་འཛུགས་བྱ་འཆར་ཡོད་འདུག
དགེ་རྒན་བསྟན་འཛིན་དཔལ་མོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། འཁྲིད་ཐབས་དེ་ལག་ལེན་བསྟར་བར་བདུན་ཕྲག་གཅིག་ལས་དགོས་ཀྱི་མེད་པ་དང་། ཐོག་མར་དགེ་རྒན་གྱིས་སློབ་ཕྲུག་ཚོ་དཔེ་མཛོད་དུ་འཁྲིད་ནས་ཁོང་ཚོ་རང་གི་འདོད་མོས་ལྟར་དཔེ་ཆ་བདམས་བཅུག་པ་དང་། དེའི་རྗེས་རེའུ་མིག་ཅིག་སྤྲད་དེ་དེབ་ཀྱི་མིང་དང་རྩོམ་པ་པོ་སུ་ཡིན། རི་མོ་འབྲི་མཁན་སུ་ཡིན། དེབ་དེ་གང་ནས་དཔར་བསྐྲུན་བྱས་པ། དེབ་ཀྱི་ནང་དོན་གང་ཡིན། ཅིའི་ཕྱིར་དེབ་དེ་བདམས་པ་སོགས་ཀྱི་དྲི་བ་དང་ཁ་སྐོང་མང་པོ་ཡོད་པའི་འགེང་ཤོག་ཅིག་སྐོང་དུ་འཇུག་རྒྱུ། ཉིན་ལྔ་བ་དང་དྲུག་པར་རྩེད་ཐང་སོགས་སུ་ཕན་ཚུན་བར་དབྱིན་ཡིག་གི་ལམ་ནས་དེབ་ངོ་སྤྲོད་ཀྱི་སྦྱོང་བརྡར་སྤྲོད་རྒྱུ། ཉིན་མཐའ་མར་རང་ངོས་ནས་དེབ་ཀྱི་ནང་དོན་སྙིང་བསྡུས་ཤིག་ཤོག་བུའི་སྟེང་བྲིས་ཏེ་རང་གི་རྐུབ་སྟེགས་སྟེང་བཀལ་ཏེ། ལག་ཏུ་སྒྲུང་དེབ་བཟུང་སྟེ་ཚོགས་ཁང་ནང་མི་སུ་ཡོང་ལ་དབྱིན་སྐད་ཐོག་ནས་སྒྲུང་གི་ནང་དོན་བཤད་པ་དང་། གཞན་གྱི་དྲི་བར་ལན་འདེབས་གནང་རྒྱུ་སོགས་ཡིན་འདུག
ཁོང་མོས་བརྗོད་དོན། ང་རང་དབྱིན་དགེ་བྱས་ཏེ་ལོ་ ༢༤ འགྲོ་བཞིན་ཡོད། ད་ཆར་བོད་ཕྲུག་ཁྱིམ་སྡེའི་དམའ་རིམ་འཛིན་གྲྭ་ཁག་གི་དབྱིན་ཇིའི་སློབ་སྟོན་པའི་འགན་འཁུར་གྱི་ཡོད་སྟབས། སྔར་ལོ་ནས་བསམ་བློ་བཏང་སྟེ་སློབ་མའི་བཤད་རྩལ་ཡར་རྒྱས་གཏོང་ཐབས་དེ་ལག་ལེན་བསྟར་བ་ཡིན། ད་ལྟའི་བར་ང་ཚོས་འབྲི་དང་ཀློག་ལ་འབད་བརྩོན་བྱས་པ་ལས་བཤད་རྒྱུར་དོ་སྣང་དེ་ཙམ་མི་བྱེད་པ་དང་། སློབ་གྲྭའི་ནང་ཉི་མ་གཅིག་ལ་དབྱིན་ཡིག་ཚོཊ་ཐུན་གཅིག་གཉིས་ལས་མེད་པ་དང་། ཁོར་ཡུག་བོད་པའི་སྤྱི་ཚོགས་ཡིན་པ་བཅས་ལ་བརྟེན་ཏེ་དབྱིན་སྐད་བཤད་རྒྱུའི་དུས་ཚོད་རག་གི་ཡོད་པ་མ་རེད། དེར་བརྟེན་ཐབས་ལམ་འདི་འདྲ་ཞིག་འཐེན་པ་ཡིན།”ཞེས་བརྗོད་བྱུང་།
མ་འོངས་ལག་བསྟར་གནང་ཕྱོཊ་ཐད་ཁོ་མོས། ཉེ་ལམ་དགེ་རྒན་ཚོ་དང་མཉམ་དུ་ཁ་བརྡ་བྱེད་སྐབས། སློབ་མའི་ཀློག་དང་འབྲི། བཤད་རྩལ་བཅས་ཀྱི་ཐོག་འགྱུར་བ་ཆེན་པོ་ཕྱིན་འདུག་ཟེར། བྱེད་ཐབས་འདི་ལག་བསྟར་བྱས་རྗེས་སྔོན་མ་དབྱིན་སྐད་ཚིག་གཅིག་མི་བཤད་མཁན་དག་གིས་ཀྱང་ད་ལྟ་དབྱིན་སྐད་གང་འཚམ་ཤོད་ཐུབ་པ་ཆགས་འདུག ད་ལྟའི་ཆར་ང་རང་སྐོར་སྐྱོད་བྱས་ཏེ་འཁྲིད་ཐབས་འདི་ལག་བསྟར་བྱེད་ཀྱི་ཡོད། རྗེས་ཕྱོཊ་སློབ་གྲྭ་ཁག་གི་དགེ་རྒན་ཚོས་འགན་འཁུར་དགོས་ཀྱི་འདུག དམིཊ་བསལ་སློབ་གྲྭའི་མགོ་ཁྲིད་དང་དགེ་ཆེ། དབྱིན་ཇིའི་དགེ་རྒན་ཚོར་རག་ལུས་ཡོད་པ་རེད། ང་ཚོས་རྒྱུན་བསྲིང་ཐུབ་པ་ཡིན་ན་དམའ་རིམ་སྐབས་དཀའ་ངལ་མེད་པ་ཆགས་ཏེ། འཛིན་གྲྭ་མཐོན་པོར་བསླེབ་སྐབས་གདེང་ཚོད་ཅིག་དང་། ཕན་ཐོཊ་ཆེན་པོ་ཡོང་ས་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
བསྟན་འཛིན་དཔལ་མོ་ལགས་སུ་བཙན་བྱོལ་ནང་གི་བོད་པའི་ཕྲུ་གུ་མང་ཆེ་བས་བོད་ཡིག་ལས་དབྱིན་ཡིག་ལ་དོ་སྣང་ཆེ་བ་བྱེད་དོན་གང་ཡིན་སྐོར་དྲིས་པར་ཁོང་མོས། ང་རང་གི་བསམ་པར་ཕྲུ་གུ་མང་ཆེ་བས་བོད་ཡིག་ལས་དབྱིན་ཡིག་ལ་དོ་སྣང་ཆེ་བ་བྱེད་དོན་དབྱིན་ཡིག་ནང་ཕྲུ་གུ་ལ་འཚམ་པའི་སྒྲུང་མང་པོ་ཀློག་རྒྱུ་ཡོད་སྟབས། ཁོ་ཚོའི་ཡིད་འཕྲོག་སྟེ་བོད་ཡིག་ལས་དབྱིན་ཡིག་ལ་དབྱིངས་འཕར་གྱི་ཡོད་པ་རེད། ང་ཚོས་ཕྲུ་གུ་ཚོ་བོད་ཡིག་ལ་དོ་སྣང་འགུག་ཐབས་བྱེད་དགོས་ན། བོད་ཡིག་ནང་བྱིས་པ་ཚོར་ཀློག་དེབ་འདྲ་མིན་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོར་རྩོམ་པ་པོ་དང་རྩོམ་ཡིག་སྒྱུར་མཁན་མང་པོ་འདུག སྐད་ཡིག་གཞན་ནང་གི་སྒྲུང་ཐུང་རིཊ་བོད་ཡིག་ནང་བསྒྱུར་རྒྱུ་དང་། བོད་རང་སྐད་ཐོག་བྱིས་པའི་བློ་དང་འཚམ་པའི་སྒྲུང་འདྲ་མིན་འབྲི་རྒྱུ་གལ་ཆེན་རེད།”ཅེས་བརྗོད་བྱུང་།
ཟླ་འདིའི་ཚེས་ ༡༥ ཉིན་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་འཛིན་རིམ་ལྔ་བ་དྲུག་པའི་སློབ་ཕྲུག་ཚོར་བདུན་ཕྲག་གཅིག་རིང་སྦྱོང་བརྡར་གནང་ཡོད་པ་དང་། དེ་ནས་དཔེ་སྟོན་སློབ་གྲྭ་དང་རྡ་སྟེང་སློབ་གྲྭ་བཅས་ཀྱི་སློབ་སྦྱི་དང་དགེ་ཆེ། སློབ་གྲྭའི་འཛིན་རིམ་དྲུག་པ་བདུན་པའི་སློབ་མར་སྦྱོང་བརྡར་སྤྲད་སོང། སྐབས་དེར་གསར་འགོད་པས་སློབ་མ་ཁག་ཅིག་ལ་བཅར་འདྲི་བྱས་པར་བུ་མོ་བསྟན་འཛིན་ལྷག་ཆོས་ལཊ་ཀྱིས། ཐེངས་འདིར་ངས་རྒྱ་གར་གྱི་སྲིད་འཛིན་དམ་པ་ནེ་རུའི་བུ་མོའི་སྐོར་གྱི་དེབ་བཀླགས་པ་ཡིན། དེབ་དེའི་ནང་མོ་རང་འཛིན་རིམ་ ༡༢ ནས་ཆབ་སྲིད་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན་པ་སོཊ་མོའི་མི་ཚེའི་ལོ་རྒྱུས་སྐོར་བྲིས་འདུག ངས་སྔོན་མ་སྒྲུང་དེ་ཀློག་མ་མྱོང་བའི་དབང་གིས་ད་རེབ་བདམས་པ་ཡིན། ད་རེབ་ངས་མི་ ༢༨ ལ་ངའི་སྒྲུང་བཤད་པ་ཡིན་ལ། ང་རང་གི་ཨ་མར་ཡང་བཤད་པ་ཡིན། རྗེས་མར་ངས་རྒྱ་གར་གྱི་རྩོམ་པ་པོ་ཐེ་ཀོར་གྱི་སྒྲུང་ཀློག་དགོས་བསམ་ཡོད། ངས་འཛིན་རིམ་དྲུག་པའི་བར་དབྱིན་ཇིའི་སྒྲུང་བརྒྱ་མ་ཟིན་ཙམ་བཀླཊ་མྱོང་ཡོད་ཅེས་བརྗོད་བྱུང་།
བསྟན་འཛིན་འཕྲིན་ལས་ལཊ་ཀྱིས། ངའི་སྒྲུང་གི་མིང་ལ་ (Famous Five) ཟེར་གྱི་འདུག སྒྲུང་གི་ནང་དོན་གཙོ་བོ་གྲོགས་པོ་གསུམ་གླིང་ཕྲན་ཞིག་གི་སྟེང་དུ་ཕྱིན་ཏེ་ཧ་ཅང་ལྐོག་གྱུར་གྱི་གནས་ཚུལ་མང་པོ་ཞིག་མཐོང་བའི་སྐོར་རེད། སྒྲུང་འདི་ལས་ང་རང་ཉིད་ཀྱིས་སོ་སོའི་ངོས་ནས་བསམ་བློ་ཡག་པོ་གཏོང་རྒྱུ་གལ་ཆེན་ཡིན་པ་ཤེས་སོང་། ངས་འཛིན་རིམ་དང་པོ་ནས་དྲུག་པའི་བར་བོད་ཀྱི་དཔེ་མཛོད་ཁང་དང་སློབ་གྲྭའི་དཔེ་མཛོད། བོད་ཡིག་དྲ་རྒྱ་སོགས་ལས་སྒྲུང་ལྔ་བརྒྱ་ལྷག་བཀླཊ་ཡིན། ཞོར་དུ་ང་རང་གི་ཟིན་བྲིས་ནང་སྒྲུང་ཐུང་རེ་གཉིས་བྲིས་ཡོད། དབྱིན་ཡིག་གི་སྒྲུང་བརྒྱ་ཡས་མས་ཤིག་བཀླགས་ཡོད་རྒྱུ་རེད། རྗེས་མར་ང་རང་གིས་བོད་ཡིག་གི་སྒྲུང་ཀློག་འཆར་ཡོད་ཅེས་བརྗོད་བྱུང་།
གསར་འགོད་པས་ངྷ་ཤོད་སློབ་གྲྭའི་དགེ་ཆེ་པ་སངས་ཚེ་རིང་ལགས་སུ། འཁྲིད་ཐབས་འདིའི་སྐོར་དྲིས་པར། ང་ཚོས་ཐེངས་འདིར་དམའ་རིམ་འཛིན་གྲྭ་བཞིའི་སློབ་མ་ཚོར་བདུན་ཕྲག་གཅིག་གི་གོང་ནས་ལག་བསྟར་བྱས་ཤིང་། སློབ་གྲྭ་གཞན་ཁག་ཅིག་གི་སློབ་སྤྱི་དང་དགེ་ཆེ། འཛིན་རིམ་བདུན་པ་བརྒྱད་པའི་སློབ་མ་བཅས་ལའང་ཚོད་ལྟ་བྱས་པ་ཡིན། སྐད་ཡིག་སློབ་སྦྱོང་ཁྲོད་ཀྱི་འབྲི་ཀློག་ཉན་གསུམ་དང་། བཤད་རྩལ་ཐོག་ཏན་ཏན་ཕན་ཐོགས་ཡོང་གི་འདུག མ་འོངས་པར་ང་ཚོས་སོ་སོའི་འཛིན་གྲྭའི་ནང་ལས་འགུལ་འདི་སྤེལ་རྒྱུ་དང་། སྒྲུང་དེབ་ཀྱི་ནང་དོན་ལྟར་གཏམ་བརྗོད་འཁྲབ་སྟེ་སློབ་མ་ཚོའི་བློ་ངོར་འབབ་བདེ་བོ་བཟོ་དགོས་བསམ་ཡོད། ཉེ་ལམ་བོད་དགེ་ཚོ་དང་བགྲོ་གླེང་བྱས་སྐབས་བོད་ཡིག་གི་ཀློག་དེབ་མང་དུ་གཏོང་དགོས་པའི་བསམ་ཚུལ་ཡང་བྱུང་ཞེས་སོགས་བརྗོད་སོང་།
དབྱིན་ཡིག་དགེ་རྒན་ཕུན་ཚོཊ་སྒྲོལ་དཀར་ལགས་སུ་བཅར་འདིར་ཞུས་པར། བྱེད་ཐབས་འདི་ཐོག་མར་ལག་བསྟར་བྱེད་སྐབས་སློབ་མ་མང་ཆེ་བར་གདེང་ཚོད་དེ་ཙམ་མི་འདུག རྗེས་སུ་རིམ་པས་ཁོང་ཚོར་གདེང་ཚོད་དང་སྤོབས་པ་སྐྱེ་ཡོང་གི་འདུག ཕྱོགས་གཅིག་ནས་བྱེད་ཐབས་འདིས་སློབ་མར་གདེང་སྤོབས་སྐྱེད་སྲིང་བྱེད་ཀྱི་འདུག་ལ། ཕྱོགས་གཞན་ཞིག་ནས་སོ་སོ་རང་ཉིད་ཀྱིས་དཔེ་དེབ་བདམས་པ་དང་ཀློག་པ། ནང་དོན་འགྲེལ་བཤད་རྒྱག་པ་སོགས་སློབ་མ་རང་ངོས་ནས་ཤུགས་རྒྱག་དགོས་དུས། རང་བཞིན་གྱིས་ཁོ་རང་ཚོའི་ནུས་པ་མང་པོ་ཞིག་ཡར་རྒྱས་འགྲོ་བཞིན་འདུག མ་འོངས་པར་བོད་དགེ་ཚོས་ཀྱང་འཁྲིད་ཐབས་འདི་ལག་བསྟར་བྱས་ན་ཡག་པོ་ཡོང་ས་རེད་བསམ་གྱི་འདུག”ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
འདི་ནི་སློབ་ཕྲུག་ཚོར་ཁ་ཚ་དགོས་གཏུགས་ཀྱི་བྱ་གཞག་ཞིགཏུ་མཐོང་ལ་སྤྱི་ཚོགས་ཀྱི་སྟོང་ཆ་ཐུགས་བསམ་བཞེས་ཐུབ་པའི་མི་འདི་ལྟ་བུ་ནི་ང་ཚོ་ལ་མཚོན་ན་ཐན་གཞུང་གི་སྦྲང་ཆར་བསིལ་མ་ཞིག་དང་ཀུན་ནས་མཚུངས། ཡང་གཅིག་བཤད་ན་སློབ་ཕྲུག་ཚོས་དབྱིན་སྐད་ཡར་རྒྱས་གཏོང་བ་དང་དུས་མཚུངས་སུ་བོད་གཙང་མ་བཤད་པའི་ཕྱོགས་འདི་ལ་ཡང་སྟོང་ཆ་སྐོང་མཁན་ཞིག་གཏན་ནས་མེད་སོང་བ་ཡིན་ནམ། ངས་དྲི་བ་འདི་བཙན་བྱོལ་ཚང་སྤྱི་ལ་དྲིས་བ་ཡིན།