རྒྱ་གཞུང་གིས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཁྲོམ་ཐར་འབར་ཆུང་སྡེ་བའི་བོད་མི་བཞི་འཛིན་བཟུང་བྱས་ཡོད་འདུག
སིད་སུར་གནས་སྡོད་འཆི་མེད་སངས་རྒྱས་ལཊ་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་རྒྱ་གཞུང་ཉེན་རྟོག་པས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཁྲོམ་ཐར་འབར་ཆུང་སྡེ་བའི་ཐུབ་དགའ་དང་ག་དེ། སྐྱ་མོ། འཇམ་དབྱངས་བཅས་མི་ ༤ བཞི་གློ་བུར་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་བོད་མི་ཁོང་བཞི་འཛིན་བཟུང་བྱེད་དོན། ལོ་མང་སྔོན་ནས་རྒྱ་རིགས་གཏེར་ཁ་སྔོག་འདོན་པ་ཚོས་ས་གནས་ཀྱི་ཤྭ་བ་ཐང་ཞེས་པའི་ས་ཆ་བཙོང་རོགས་ཞེས་བཤད་ཡོད་པ་དང་འདི་ལོ་ནན་གྱིས་སྐུལ་ཡང་མི་མང་གིས་དང་ལེན་མ་བྱས་པར་མ་ཟད། གཏེར་ཁ་སྔོག་མཁན་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སྟབས། དཔལ་ཡུལ་རྫོང་ཉེན་རྟོག་པས་མི་མང་ལ་འཇིགས་སྐུལ་བྱས་ཏེ། བོད་མི་དེ་དག་རི་མགོར་བྲོས་བྱོལ་བྱས་ཏེ་ཟླ་གཅིག་ལྷག་རིང་བསྡད་ཡོད་འདུག ཉེ་ལམ་ཅུང་ཞི་འཇམ་ཕྱིན་ཡོད་ཀྱང་། ཟླ་འདིའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་རྒྱ་གཞུང་གིས་བོད་མི་ཐུབ་དགའ་དང་སྐྱ་མོ་གཉིས་རྡོ་ཁོ་ཞེས་པའི་ས་གནས་ས་གློ་བུར་འཇུ་བཟུང་དང་། ག་དེ་ཞུ་བ་རང་ཁྱིམ་དུ་འཇུ་བཟུང་། འཇམ་དབྱངས་མགར་ཚང་གཏེར་ཁ་སྔོག་སའི་ཤྭ་བ་ཐང་ས་གནས་སུ་འགྲོ་སྐབས་གློ་བུར་འཛིན་བཟུང་བྱས་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་ཀྱི་དགོང་མོར་ཉེན་རྟོག་པ་ཡོང་སྟེ་དགོང་ལོ་ཞུ་བའི་བུད་མེད་ཅིག་ལ་ཉེས་རྡུང་བཏང་ཡོད་པ་མ་ཟད། ས་གནས་མི་མང་གི་འཕྲུལ་རྟ་གསུམ་བཙན་འཕྲོག་ཡོད་འདུག་ལ། ཉེ་བའི་ཆར་ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་གིས་མི་མང་གི་འགྲོ་འོང་སོགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་སྟབས། མི་སྐྱ་མང་པོ་ཞིག་རི་མགོ་བྲོས་བྱོལ་དུ་སོང་ཡོད་འདུག
གསར་འགོད་པ། དོན་གོ