ཉེ་སྔོན་སྡེ་དགེ་མཐིལ་གྱི་ས་འོག་ཕུག་ལམ་བརྡིབས་པའི་ནང་བྱིས་པ་ཞིག་རྐྱེན་འདས་དང་བུད་མེད་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ས་གནས་མི་མང་གིས་སྲིད་གཞུང་ལ་ཞུ་གཏུག་བྱས་ཡོད་འདུག
འདི་གར་སྡེ་དགེ་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན། དཀར་མཛེས་ཁུལ་སྡེ་དགེ་མཐིལ་གྱི་ས་འོག་ཕུག་ལམ་བརྡིབས་པའི་དོང་ནང་དུ། བྱིས་པ་ལོ་ ༥ ཅན་ཞིག་དང་བུད་མེད་ཅིག་ལྷུང་སྟེ་བྱིས་པ་འདས་གྲོངས་སུ་གྱུར་ཡོད་པ་དང་། བུད་མེད་དེར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཛ་དྲག་གི་སྨན་བཅོས་བྱེད་བཞིན་ཡོད་འདུག
ཤི་རྨས་ཀྱི་དོན་རྐྱེན་བྱུང་རྗེས། སྡེ་དགེ་རྫོང་གི་འབྲེལ་ཡོད་ལས་ཁུངས་ནས་བྱིས་པའི་ཁྱིམ་མིར་གུན་གསབ་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟའི་བར་གུན་གསབ་གང་ཡང་སྤྲད་མེད་པ་དང་། བུད་མེད་དེ་ལའང་སྨན་རིན་སོགས་ཀྱི་ཐད་རོགས་རམ་ཅི་ཡང་བྱས་མེད་སྟབས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ས་གནས་བོད་མི་ཚོ་སྡེ་དགེ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་མདུན་དུ་འཛོམས་ཏེ། ས་འོག་ཕུག་ལམ་གྱིས་མི་མང་གི་འཚོ་བར་གནོད་སྐྱོན་དང་དཀའ་ངལ་མང་པོ་བཟོ་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་སྔོན་མི་ལ་ཤི་རྨས་ཀྱི་དོན་རྐྱེན་བྱུང་བར་གུན་གསབ་སྤྲོད་དགོས་པ་དང་། དེ་བཞིན། ས་འོག་ཕུག་ལམ་གྱི་ལས་གཞི་མགོ་འཛུགས་བྱེད་སྐབས། དུད་ཁྱིམ་མང་པོའི་ཁང་པ་གཏོར་བཤིག་བཏང་བ་དང་། གས་ཆག་ཤོར་བར་གུན་གསབ་སྤྲོད་རྒྱུ་ཁས་ལེན་བྱས་པ་ལྟར་ལག་བསྟར་དགོས་པའི་ཞུ་གཏུག་བྱས་ཡོད་ཀྱང་། ད་ལྟའི་ཆར་སྲིད་གཞུང་གིས་བརྡ་ལན་གང་ཡང་སྤྲད་མེད་སྟབས། མི་མང་གིས་དོན་འབྲས་མི་འབྱུང་བའི་སེམས་འཚབ་དང་བློ་ཕམ་བྱེད་བཞིན་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ས་འོག་ཕུག་ལམ་རྒྱག་སའི་ས་ཆ་དེར་ས་གནས་གཞན་ནས་ཡོང་བའི་ཁྱིམ་ཚང་མང་པོ་གནས་སྡོད་བྱས་ཡོད་པ་དང་། ད་རེས་རྨས་སྐྱོན་ཕོག་པའི་བུད་མེད་དེ་བྱིས་པ་དེའི་ཨ་སྲུ་ཡིན་ལ། བྱིས་པའི་ཨ་མ་གཞན་ལ་མནའ་མར་ཕྱིན་སྟབས། ཨ་སྲུས་བྱིས་པ་དེ་བུ་ཚབ་ཏུ་གཉོར་སྐྱོང་བྱེད་བཞིན་ཡོད་པ་དང་། ཁོ་ཚོ་སྡེ་དགེ་དབོན་པོ་སྟོད་ནས་ཡིན་ཞིང་། དཔོན་མདའ་རུ་གནས་སྤོར་ནས་བསྡད་ཡོད་འདུག
ས་འོག་ཕུག་ལམ་དེ་འདས་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཙམ་ནས་ལས་མགོ་བཙུགས་ཏེ། སྡེ་དགེ་མཐིལ་དཔོན་མདའ་ཤང་ནས་སྐམ་ཐོག་བར་རྒྱག་བཞིན་ཡོད་པ་དང་། ས་གནས་མི་མང་གིས་ཁོ་ཚོའི་འཚོ་བ་ལ་བརྡབ་གསིག་དང་ས་ཡོམ་རི་ཉུལ་གྱི་འབྱུང་བའི་གནོད་འཚེ་ཡོང་ཉེནཡོད་པས། ལས་གཞི་དེ་ཕྱིར་འཐེན་དགོས་པའི་ཞུ་གཏུག་ཐེངས་མང་བྱས་ཡོད་ཀྱང་། སྲིད་གཞུང་གིས་ཉན་འཇོག་མ་བྱས་པར་ལས་མགོ་བརྩམས་ཡོད་པ་མ་ཟད། ས་གནས་ཀྱི་ཁང་པ་མང་པོ་གཏོར་བཤིག་བཏང་ནས་དུད་ཁྱིམ་མང་པོ་བཙན་གྱིས་གནས་སྤོར་དུ་བཅུག་ཡོད་པ་དང་། ས་བརྐོ་རྡོ་སློག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ཉེ་འགྲམ་གྱི་ཁང་པ་མང་པོར་གས་ཆག་དང་རྡིབ་སྐྱོན་འབྱུང་བཞིན་ཡོད་སྟབས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་ས་གནས་བོད་མི་བརྒྱ་ལྷག་ཕུག་ལམ་རྒྱག་སར་འདུ་འཛོམས་ཀྱིས། ལས་གཞི་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་ཡོད་པ་མ་ཟད། རྫོང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ལ་ཞུ་གཏུག་ཐེངས་མང་བྱས་ཡོད་ཀྱང་། ཕན་འབྲས་ཅི་ཡང་མ་ཐོན་པར་མུ་མཐུད་ས་རྐོ་རྡོ་སློག་བྱེད་བཞིན་ཡོད་པས། ས་གནས་དེ་འགག་ཧ་ཅང་དོགས་ཞིང་། བོད་ཀྱི་རིག་མཛོད་ཆེན་མོ་སྡེ་དགེ་དཔར་ཁང་ཡང་གནས་དེར་ཡོད་སྟབས། མི་མང་གིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།