མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ལ་གོ་ནོར་ཐེབས་མཁན་ཚོར་འགྲེལ་བཤད་བརྒྱབ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

དྷ་སྟེང་བོད་ཁྱིམ་དུ་༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་སྐབས་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་དང་འབྲེལ་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་འཁྱོག་བཤད་འོག་དབུ་མའི་ལམ་ལ་གོ་ནོར་ཐེབས་ཉེན་ཡོད་ཐེངས་འདིར་ཡིག་ཆ་ཁག་ཕྱོགས་སྒྲིག་གིས་བདེན་པ་ར་སྤྲོད་བྱས་ཡོད་གསུངས་སོང་།

དྷ་སྟེང་བོད་ཁྱིམ་སློབ་གྲྭར་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་ཉིན་གཉིས་པ་སྟེ་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་སོགས་སྔ་དྲོའི་ལས་རིམ་གྲུབ་རྗེས། ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་ཕྲུག་ཚོར་དབུ་མའི་ལམ་གྱི་སྐོར་དང་། ཤེས་ཡོན་སློབ་སྦྱོང་སྐོར། དོལ་རྒྱལ་སྐོར་བཅས་ཀྱི་ཐོག་གཏམ་བཤད་གནང་བ་འོག་ཏུ་བསྡུ་སྒྲིག་གིས་འཁོད་ཡོད།

གཏམ་བཤད་ཀྱི་ཐོག་མར་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཡོད་མེད་མང་པོ་ཞིག་གིས་དོལ་རྒྱལ་གནད་དོན་འདི་༧རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་བ་ཙམ་ལས། དོན་དངོས་ཐོག་ནས་ཆབ་སྲིད་ཀྱི་དཀའ་ངལ་ག་ཚོད་ཅིག་ཆགས་ཀྱི་ཡོད་མེད་ཞེ་དྲག་གནད་འགག་ཏུ་རྩི་ཡི་མེད་པ་དང་། ཁག་ཅིག་གིས་དོལ་རྒྱལ་གྱི་གནད་དོན་འདི་ཆོས་ཀྱི་གནད་དོན་རེད་བསམ་ནས་དོ་སྣང་མི་བྱེད་པ་སོགས་ཡོང་གི་འདུག འདི་མ་འོངས་པར་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པ་མིན་སྟབས་དེ་རིང་ཆེད་དུ་གོ་སྒྲིག་བྱས་པ་ཡིན་ཞེས་སོགས་བརྗོད་སོང་།

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུངས་དོན། གཞི་རྩའི་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་དོན་ཚན་འགའ་ཤས་ཞུས་ན་བསམ་སོང་། དེ་རིང་ཞོགས་པར་༧གོང་ས་མཆོག་གིས་བཀའ་གནང་བ་ནང་བཞིན་རེད། ད་རེབ་ང་ཚོས་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་བ་རེད། དེ་གང་ཡིན་ཟེར་ན། ང་རྒྱལ་ཁབ་མང་པོ་ཞིག་ལ་སྐོར་བ་བརྒྱབ་པ་ཡིན་ན་རེད། དེ་བཞིན་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ་གང་དུ་ཕེབས་པ་ཡིན་ན་རེད། ད་ལྟའི་ཆར་དབུ་མའི་ལམ་གྱི་སྐོར་མཁྱེན་མཁན་མང་པོ་ཡོད་པ་གང་ཞིག་ལ། དབུ་མའི་ལམ་མ་མཁྱེན་མཁན་ཚོར་ཉེན་ཁ་ཟེར་ན་འདྲ། སེམས་འཚབ་བྱེད་དགོས་པ་དེ་དབུ་མའི་ལམ་ལ་གོ་ནོར་ཐེབས་པ་མང་པོ་ཞེ་དྲག་ཡོད་པ་རེད། དེར་བརྟེན། ད་ལམ་ང་ཚོས་དབུ་མའི་ལམ་གྱི་ཡིག་ཆ་ག་རེ་ཡོད་པ་བརྙན་འཕྲིན་ཕྱོགས་སྒྲིག་བྱས་ཏེ་དྲ་རྒྱ་གཅིག་ནང་སྐད་ཡིག་བདུན་ནང་བསྒྱུར་ཡོད་སྟབས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་གོ་རྟོགས་སྤེལ་བར་ཕན་གྱི་རེད་བསམ་ནས་ལས་འགུལ་སྤེལ་བ་རེད། དེ་བཞིན། རྒྱ་ནག་གཞུང་དང་གཞུང་ཚབ་ཚོ་གང་དུ་ཕྱིན་ཡང་དབུ་མའི་ལམ་ལ་འགྲེལ་བཤད་ལོག་པ་བརྒྱབ་ནས་མི་མང་དང་རྒྱལ་སྤྱིའི་སྡིངས་ཆར་གོ་ནོར་ཐེབས་པ་ཡོང་གི་འདུག འདི་དག་ལ་གདོང་ལེན་བྱེད་ཆེད་ང་ཚོས་ལས་འགུལ་འདི་སྤེལ་བ་ཡིན། ད་ནིང་ཞོགས་པ་ནས་བཟུང་རྒྱལ་སྤྱིའི་ནང་གྲགས་ཅན་གསར་ཁང་ནེའུ་ཡོག་དུས་བབ་དང་གྷར་ཌིན་ (The Guardian)། དངུལ་རྩིས་དུས་བབ་( Financial Times)། རོའུ་ཊར་(Reuters)བཅས་ཀྱི་གསར་འགོད་པ་མང་པོ་ཕེབས་ཏེ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཁྱེད་ཚོའི་དབུ་མའི་ལམ་ཞེས་བའི་དབུ་དེ་དཀྱིལ་ཟེར་གྱི་ཡོད་ན། དཀྱིལ་མ་དེ་གང་ཞིག་རེད་ཟེར་ན། རྒྱ་ནག་གིས་ད་ལྟ་བོད་ནང་དྲག་གནོན་སྲིད་བྱུས་དང་རྒྱ་ནག་ནས་ཁ་བྲལ་རྒྱུ་གཉིས་ཀྱི་དབར་ལ་དབུ་ཟེར་གྱི་ཡོད། དྲག་གནོན་སྲིད་བྱུས་ག་རེ་ཡོད་པ་རེད་ཟེར་ན། ཆབ་སྲིད་དམ་དྲག་དང་སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་སོགས་བྱེད་ཀྱི་ཡོད། དེ་བཞིན་ཉེ་བའི་ཆར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༣༠ བྱུང་བ་དང་། རྒྱ་ནག་གི་བཙོན་ཁང་ནས་བོད་མི་མང་པོ་ཞིག་ལ་ཉེས་རྡུང་བཏང་ནས་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་སྟབས། དཀའ་ངལ་དེ་དག་མཚམས་འཇོག་དང་། བོད་མི་ཚོར་གཞི་རྩའི་རང་དབང་སྒྲུབ་ཐུབ་པར་བྱེད་རྒྱུ་ང་ཚོར་འགན་ཡོད། དེར་བརྟེན། དབུ་མའི་ལམ་གྱི་ཐོག་ནས་སྲིད་བྱུས་ལག་ལེན་བསྟར་པ་ཡིན་ན། ཁ་ཡོད་ལག་ཡོད་ཐོག་ནས་རེ་བ་ཆེན་པོ་ཡོད་པ་འདི་གཙོ་བོ་རེད། དབུ་མའི་ལམ་ཟེར་ནས་སྲིད་བྱུས་དེ་བདུན་ཅུ་དོན་གྲངས་ནས་༧གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་བཀའ་བསྡུར་གནང་བ་དེར་བོད་ནང་གི་བོད་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པ་གསལ་བོ་ཞེ་དྲག་བྱུང་པ་རེད། དེ་བཞིན། ཉེ་ཆར་རྒྱ་རིགས་རྩོམ་པ་པོ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལེའུ་ཞོ་པོ་གཙོས་ཤེས་ཡོན་ཅན་མང་པོ་ཞིག་གིས་ཀྱང་རྒྱབ་སྐྱོར་ཡོད་ཅེས་ཤོད་ཀྱི་ཡོད་པ་རེད། ཉེ་ཆར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་སྟེ། ཨོ་བྷ་མ་རང་གིས་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་འཁོད་པ་རེད། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་ཡང་དབུ་མའི་ལམ་དང་འབྲེལ་མོལ་ཐོག་ནས་བོད་དོན་སེལ་བར་རྒྱབ་སྐྱོར་ཡོད་ཅེས་ཡུ་རོབ་རྒྱལ་ཁབ་ཁག་མང་པོས་གསལ་བོ་ཞེ་དྲག་བཟོས་ཡོད་རེད། རྒྱལ་སྤྱིའི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་གསལ་བོ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་དང་རང་བཙན་གཉིས་གཤིབ་བསྡུར་གྱི་ཚུལ་དུ་གསུངས་དོན། རང་བཙན་རྩོད་ཀྱི་ཡིན་ལབ་པ་ཡིན་ན་གང་ལ་གང་འཚམ་བསྒུག་དགོས་རེད། ཨ་རིས་ང་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར་གྱི་འདུག་གམ། དེར་བརྟེན། རང་བཙན་རྩོད་ཆོག་གི་མེད་ཅེས་སུ་གང་གིས་ཀྱང་གསུང་གི་ཡོད་པ་མ་རེད་ལ། ལོ་རྒྱུས་ཐོག་ནས་བོད་ལུང་པ་རང་བཙན་ཡིན་པ་གསལ་བོ་ཞེ་དྲག་རེད། རང་བཙན་རྩོད་པའི་ཐོབ་ཐང་ཡོད་པ་༧གོང་ས་མཆོག་གིས་དུས་རྟག་ཏུ་གསུང་གི་ཡོད་པ་རེད། ད་ལྟའི་ཆར་དབུ་མའི་ལམ་ཟེར་བ་དེ་རྒྱལ་སྤྱི་དང་རྒྱ་ནག བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་པ་དེ་༧གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་གཅིག་པུའི་ཐོག་ནས་མ་རེད། དེའི་ནང་དོན་ཧ་གོ་བའི་ཐོག་ནས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་མགྱོགས་མྱུར་ངང་སེལ་བའི་ཐབས་ལམ་ཡག་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་རེད། དཔེར་ན། ༡༩༥༤ ལོར་རྒྱ་གར་དང་རྒྱ་ནག་གཉིས་བར་ཞི་བའི་གྲོས་ཆོད་དོན་ཚན་ལྔ་ (Panchsheel Agreement)བཞག་པ་རེད། དེའི་ནང་རྒྱ་གར་དང་རྒྱ་ནག་ཕན་ཚུན་གྱི་བདག་དབང་ལ་གནོད་སྐྱོན་བྱེད་ཀྱི་མེད་ཅེས་འཁོད་པ་རེད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དོན་ཚན་གཉིས་པའི་ནང་གསེས་བཞི་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་གང་ཡིན་གྱི་བདག་དབང་ལ་གནོད་སྐྱོན་བྱེད་མེད་ཅེས་འཁོད་ཡོད་པ་རེད། དེར་བརྟེན། རྒྱལ་ཁབ་གཅིག་གི་བདག་དབང་ལ་གནོད་སྐྱོན་བྱེད་མེད་ཟེར་དུས་ང་ཚོས་རང་བཙན་རྩོད་རྒྱུ་ཡིན་ལབ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཡིག་ཡོངས་རྫོགས་དང་རྒྱ་གར་ལྟ་བུ་ཡིན་ནའང་ང་ཚོར་རྒྱབ་སྐྱོར་བྱ་རྒྱུ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་ཆེད་དམིགས་ཀྱིས་གསུངས་དོན། ད་ལོ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་གཅིག་ནས་ཡག་པོ་བྱུང་འདུག ད་ལོར་བརྒྱ་ཆ་ ༩༠ ཡན་ལེན་མཁན་སློབ་ཕྲུག་བཅུ་ཡོད། ན་ནིང་བཅུ་གཅིག་ཡོད་པ་ལས་གཅིག་ཉུང་དུ་ཕྱིན་འདུག ཡིན་ནའང་ཡག་པོ་ག་རེ་འདུག་ཟེར་ན། ན་ནིང་བརྒྱ་ཆ་ ༩༠ ལེན་མཁན་སློབ་ཕྲུག་མང་ཆེ་བ་ཚན་རིག་སྡེ་ཚན་རེད། ད་ལོ་ཚན་རིག་དང་སྒྱུ་རྩལ། ཚོང་རིག་སྡེ་ཚན་བཅས་རེ་རེའི་ནང་བརྒྱ་ཆ་ ༩༠ ལེན་མཁན་སློབ་མ་གསུམ་གསུམ་བྱུང་སྟེ། དགའ་ལྡན་ཕོ་བྲང་གི་བྱ་དགའ་རག་མཁན་སློབ་མ་དགུ་བྱུང་ཡོད། ཡིན་ནའང་། བརྒྱ་ཆ་ ༩༥ ལོན་མཁན་གཅིག་ཀྱང་མེད་མ་ཟད་ཁ་སང་གསར་འགོད་གསལ་བསྒྲགས་ནང་ཡོད་པའི་སློབ་ཕྲུག་ཅིག་ལ་བརྒྱ་ཆ་ ༩༤.༦ ལོན་འདུག ཁོ་མོན་གྷོ་གཏན་སློབ་ནས་ཡིན་པའི་བལ་ཡུལ་སློབ་མ་ཅད་ཏི་རེ་རེད། རྗེས་མ་ལོར་ཁྱེད་རང་ཚོ་འཛིན་རིམ་བཅུ་གཉིས་ཡིན་མཁན་ཚོས་ཡིག་རྒྱུགས་ཡག་པོ་གཏོང་མ་གཏོགས་ཅད་ཏི་རེ་དང་ཤཱར་མ་(Sharma)། ཀའུ་མཱར་ (Kumar)བཅས་ཀྱིས་བརྒྱ་ཆ་ ༩༥ ལོན་ཡོང་། ད་ལོ་བརྒྱ་ཆ་ ༩༥ ལོན་མཁན་བྱུང་བ་སུ་རེད་ཟེར་ན། ཀའུ་མཱར་རེད། ཤཱར་མ་རེད། རྟ་མང་རེད་ལབ་དུས་བསྟན་འཛིན་དང་ལྷ་མོ། སྒྲོལ་མ་མེད་ན་ངོ་ཚ་བོ་རེད། དེ་འདྲ་ཡིན་དུས་རྗེས་མ་ལོར་ཚང་མས་ཤུགས་རྒྱག་རོགས། གཞན། ༢༠༡༠ ལོར་བརྒྱ་ཆ་ ༧༥ ལེན་མཁན་སློབ་ཕྲུག་ ༡༢༧ བྱུང་འདུག ད་ལོར་བརྒྱ་ཆ་ ༧༥ ལེན་མཁན་སློབ་ཕྲུག་ ༣༢༡ བྱུང་ཡོད། སྦྱི་ཡོངས་ནས་ལོ་རེར་བརྒྱ་ཆ་ ༧༥ ལེན་མཁན་སློབ་ཕྲུག་མང་དུ་འགྲོ་བཞིན་ཡོད་སྟབས། སློབ་ཕྲུག་ཚོས་སློབ་སྦྱོང་ལ་དོ་སྣང་དང་དཀའ་ལས་རྒྱག་གི་ཡོད་པ་གསལ་བོ་ཞེ་དྲག་རེད་ལ། སློབ་གྲྭའི་འགན་འཁུར་མཁན་དང་དགེ་རྒན། ཁྱིམ་ཚང་མ་མ་སྤྱི་ཡོངས་ནས་དཀའ་ངལ་བརྒྱབ་ནས་གྲུབ་འབྲས་སྨིན་གྱི་ཡོད་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་སྐོར་ལ་གསུངས་དོན། ཉེ་བའི་ཆར་དོལ་རྒྱལ་རྗེས་འབྲང་པ་ཚོས་༧གོང་ས་མཆོག་ཆིབས་བསྒྱུར་གང་དུ་གནང་བར་ངོ་རྒོལ་གྱི་རྣམ་པའི་སྐད་འབོད་བྱས་ཡོད་སྟབས། ཁ་སྔོན་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་གསལ་བཤད་བྱས་པ་ཡིན། ཉེ་ཆར་ནོར་ཝེའི་ནང་༧གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས་ཐབས་སྐྱོ་བའི་གནས་ཚུལ་ག་རེ་བྱུང་བ་རེད་ཟེར་ན། ནོར་ཝེའི་མི་མང་གིས་དགའ་བོས་ངང་ཕེབས་བསུ་ཞུས་པ་ རེད། གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་བསྔགས་བརྗོད་བྱས་པ་མ་ཟད་ནོར་ཝེའི་གཞུང་གི་མགོ་ཁྲིད་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་དགོས་ཞེས་ཤུགས་ཆེན་པོ་ཐོན་པ་རེད། འོན་ཀྱང་། དོལ་རྒྱལ་པ་ཚོས་གསར་འགོད་པར་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇའ་འཕྲད་གནང་གི་མེད་ཟེར་བར་རྒྱབ་སྐྱོར་ཡོད་ཅེས་བཤད་པ་རེད། དེས་ག་རེ་སྟོན་གྱི་ཡོད་པ་ཟེར་ན། དོལ་རྒྱལ་རྗེས་འབྲང་ཚོས་ཁ་ནས་ཆོས་དད་རང་དབང་མི་འདུག་ཅེས་བཤད་ཀྱི་ཡོད་ཀྱང་དོན་དངོས་ཐོག་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བེད་སྤྱོད་འོག་ཚུད་དེ། ཆབ་སྲིད་རང་གི་ལས་འགུལ་སྤེལ་གྱི་ཡོད། དོལ་རྒྱལ་ཆོས་ཀྱི་འབྲེལ་བ་གཅིག་པོ་མིན་པར་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད། དེ་ནི་བློ་ཕམ་པའི་གནས་ཚུལ་ཞིག་རེད། འདི་ཆོས་དང་འབྲེལ་བ་མེད་པར་ཆབ་སྲིད་རང་རེད། དེ་འདྲ་སོང་ཙང་། གཞོན་སྐྱེས་དང་མི་མང་གིས་མཁྱེན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། དོལ་རྒྱལ་སྟེན་མཁན་ཚོས་ག་རེ་བཤད་ཀྱི་ཡོད་ཟེར་ན། ཁོ་ཚོར་ཆོས་དད་རང་དབང་མི་འདུག ཆོས་བྱེད་ཆོག་གི་མེད་པ་དང། གཞིས་ཆགས་ལ་སྡོད་ཆོག་གི་མེད། སློབ་གྲྭའི་ནང་འགྲོ་ཆོག་མེད་པར་སློབ་གྲྭ་ནས་འཕུད་ཀྱི་ཡོད་པ་རེད་བཅས་ཁུངས་མེད་ཀྱི་སྐྱོན་འཛུགས་བྱེད་བསྡད་ཡོད། ཁོ་ཚོར་ཆོས་དད་རང་དབང་ཡོད་མ་རེད་ཅེས་བཤད་ཀྱི་ཡོད་པར་ཁ་སྔོན་བཀའ་ཤག་གི་གསལ་བཤད་ནང་ལ་གསལ་བོ་ཞེ་དྲག་ཞུས་ཡིན། བོད་མི་སུ་ཞིག་ཡིན་རུང་གཞིས་ཆགས་གནས་དགོས་པ་དང་སློབ་གྲྭར་འགྲོ་དགོས་ཀྱི་ཡོད་ན་དཔྱ་ཁྲལ་ལག་དེབ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་དེ་གཞི་རྩའི་ས་གནས་ཀྱི་ས་གནས་མགོ་འཛིན་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ལ་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད་པ་རེད། དཔྱ་ཁྲལ་ལག་དེབ་གནང་སྐབས་དོལ་རྒྱལ་སྟེན་མཁན་ཡིན་མིན་གྱི་ཐོག་ནས་དཔལ་འབྱོར་ ལས་ཁུངས་ཀྱིས་དབྱེ་བ་བྱེད་ཀྱི་ཡོད་པ་མ་རེད། དེ་བཞིན་བོད་མིར་རྒྱ་གར་ལུང་པར་སྡོད་པར་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། སྐྱབས་བཅོལ་ལག་ཁྱེར་དེ་རྒྱ་གར་གཞུང་གིས་གནང་གི་ཡོད་ཀྱང་རྒྱབ་གཉེར་ས་གནས་མགོ་འཛིན་དང་བདེ་སྲུང་ལས་ཁུངས་ནས་གནང་གི་ཡོད་སྟབས། དོལ་རྒྱལ་སྟེན་མཁན་ཡིན་མིན་གྱི་ཐོག་ནས་དབྱེ་བ་བྱེད་ཀྱི་ཡོད་མ་རེད། དེ་བཞིན་ཕྱི་རྒྱལ་དུ་འགྲོ་བར་དེབ་སེར་བོ་(I.C)དགོས་ཀྱི་ཡོད། དེབ་སེར་པོ་ཞུ་བར་ལྡི་ལི་དོན་གཅོད་ཁང་གིས་རྒྱབ་གཉེར་འོག་རྒྱ་གར་གཞུང་གིས་གནང་གི་ཡོད་པ་རེད། དེ་ལའང་དབྱེ་བ་བྱེད་ཀྱི་མེད། ང་ཚོས་དངོས་གནས་དམ་དྲག་བྱས་ནས་འགོག་དགོས་ཀྱི་ཡོད་ན་བཀག་ཆོག་གི་རེད་དེ། འོན་ཀྱང་ང་ཚོས་དུས་ནམ་ཡང་བཀག་འགོག་དབྱེ་འབྱེད་བྱས་མྱོང་ཡོད་པ་མ་རེད། ཁ་ཡོད་ལག་ཡོད་གནད་འགག་ཆེ་བའི་ཡིག་ཆ་དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ། དེབ་སེར་པོ་སོགས་ཁོ་ཚོས་འཁྱེར་ནས་འགྲོ་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

དེ་རྗེས་སློབ་ཕྲུག་ཚོས་བརྗོད་གཞི་འདྲ་མིན་གྱི་ཐོག་ནས་སྲིད་སྐྱོང་མཆོག་ལ་དྲི་བ་དྲི་ལན་གནང་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

མཆན། 4

  1. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  2. ཡར་ཀླུང་པ། says:
    ལོ་ 12 སྔོན།

    བཀའ་སློབ་ཡག་པོ་གནང་འདུག ཉི་མ་དེར་ང་རང་ཡང་བཀའ་སློབ་གནང་སར་ཡོད་ཀྱང་དེ་ཙམ་སེམས་ལ་འབབ་པ་ཞིག་བྱུང་མ་སོང་ཡང་། དེ་རིང་འདི་ནས་བསྐྱར་དུ་བལྟ་ཡོང་སྐབས་གོ་བ་ཇེ་གསལ་དང་ཡག་པོ་ཧ་གོ་སོང་། ཐུགས་རྗེ་ཆེ།

    Reply
  3. རྒྱལ་མཚན། says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་ཡར་རྒྱས་འགྲོ་འདུག གཏམ་བཤད་གནང་སྟངས་དང་འགན་འཁུར་སྟངས་དངོས་གནས་ཡར་རྒྱས་ཆེན་པོ་འགྲོ་འདུག བོད་པ་དཀའ་ངལ་གྱི་དུས་ཚོད་དང་ལྷག་པར་དུ་མིའི་ལུང་པར་སྐྱབས་བཅོལ་དུ་བསྡད་ཡོད་པའི་སྐབས་ཀྱི་སྲིད་སྐྱོང་མཆོག་ལ་རེ་བ་ཆེན་པོ་མཐོང་སོང་། ཡིན་ནའང་བོད་རང་བཙན་ལ་རེ་བ་རྒྱག་རྒྱུ་མེད་སྐོར་གསུངས་པ་དེ་འགྲིག་གི་ཡོད་པ་མ་རེད་བསམ་གྱི་འདུག སྔོན་མ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་ལ་གྲོས་ཆོད་བཞག་པ་དང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་ཤུགས་ཆེན་པོ་བྱུང་བ། དེ་བཞིན་རྒྱལ་ཁབ་ཁག་མང་པོ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་དེ་བོད་རང་བཙན་གྱི་ལངས་ཕྱོགས་བཟུང་ཡོད་པའི་སྐབས་ལ་བྱུང་བ་རེད། འདི་མཁྱེན་དགོས་རེད།

    Reply
  4. ཨེ says:
    ལོ་ 12 སྔོན།

    དོལ་རྒྱལ་དང་དབུ་མའི་ལམ་གྱི་སྐོར་འབྲེལ་བཤད་ཡག་པོ་གནང་འདུག་པ་ཐུགས་རྗེ་ཆེ།ཡིན་ན་ཡང་ཆབ་སྲིད་བཙོན་པ་རྫུན་མ་ལ་ཡང་ན་མི་ཆེན་རྒྱབ་སྐྱོར་ཡོད་པའི་རིགས་གཅིག་ལ་ཕྱི་རྒྱལ་ལ་བསྐྱོད་རྒྱུ་གོ་སྐབས་ཡོད་བཞིན་པ་རེད།གོ་ཐོས་ལ་ཨ་རིའི་ལ་བོད་མི༥༠༠༠ཐམ་པ་བཏང་ཆར་ཡོད་པ་དེ་བོད་མི་ཚང་མ་ལ་ཐབ་ཐང་སྤྲད་རོགས་ཟེར་ཞུ་ཡ་ཡིན།དེ་འདྲ་གནང་བོད་མི་ཉམས་ཆུང་ཚོས་ཡང་གོ་སྐབས་ཐོབ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese