འདི་གར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཆོས་རིག་ལས་ཁུངས་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་མཉམ་འབྲེལ་ཐོག བཙན་བྱོལ་བོད་མིའི་མཐོ་རིམ་སློབ་ཐོན་པ་སྐོར་ཞིག་ལ་ཟླ་ངོ་ ༦ རིང་བོད་པའི་ཆོས་དང་རིག་གཞུང་གི་ཟབ་ཁྲིད་ཅིག་དེ་རིང་ནས་དབུ་འཛུགས་གནང་ཡོད་འདུག
སྐུ་མགྲོན་དུ་རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས། ཆོས་རིག་གི་སྐུ་ཚབ། ས་གནས་གཞིས་མགོ་སོགས་ཕེབས་ཏེ་བོད་ཀྱི་རིག་གནས་གོང་འཕེལ་གཏོང་ཕྱོགས་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་བཅས་ཕེབས་ཡོད་འདུག
ཟབ་ཁྲིད་དེའི་སློབ་ཚན་ཁག་ནི། བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་རྩོམ་ཡིག་སོགས་དང་། ཆོས་འབྱུང་དང་གྲུབ་མཐའ། ཚད་མ་རིག་པ། ཕར་ཕྱིན། དབུ་མ། མཛོད་དང་སྔགས་ཀྱི་ངོ་སྤྲོད་སོགས་ཡིན་པ་དང་། གཞུང་ཆེན་དེ་དག་གི་སྙིང་བཅུད་ཕྱོགས་བསྡུས་ཀྱིས་སློབ་ཚན་གཏན་འབེབས་གནང་བའི་སློབ་དེབ་གཉིས་དཔར་སྐྲུན་གནང་ཡོད་པ་མཛད་སྒོའི་ཐོག་མཁན་རིན་པོ་ཆེས་དབུ་འབྱེད་གནང་འདུག
ཟབ་ཁྲིད་དེར་མཉམ་ཞུགས་གནང་མཁན་སློབ་ཕྲུག་བུ་ ༡༡ དང་བུ་མོ་ ༦ བཅས་ཁྱོན་སློབ་མ་ ༡༧ ཙམ་ཡོད་འདུག ཟླ་དྲུག་གི་ཟབ་ཁྲིད་མཇུག་སྒྲིལ་བ་དང་མཉམ་དུ་ཡིག་རྒྱུགས་བཏང་སྟེ་ཕྱག་ཁྱེར་ཡང་གནང་རྒྱུ་ཡིན་འདུག