རྒྱ་རིགས་རོ་སེ་ཀྲང་གིས་བརྩམས། མཚོ་སྒོ་འཇམ་དབྱངས་ཀྱིས་བསྒྱུར།
བརྩེ་བའི་བོད་རིགས་སྤུན་ཟླ་ཡོངས་དང་རྒྱ་རིགས། ཡུ་གུར་མི་རིགས། སོག་རིགས། ནང་པ། ཡེ་ཤུ་བ། ཁ་ཆེ་བ། ཧྥ་ལུན་གྷོང་(Falun Gong)དད་ལྡན་པ། ཆོས་དད་མེད་མཁན་རྣམ་པ། ང་ཚོ་ཚང་མ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དཔོན་ངན་གྱིས་སྟངས་འཛིན་བྱེད་པའི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་གཅིག་པ་རེད། ང་ཚོ་ཚང་མའི་འབད་བརྩོན་གཅིག་ཏུ་བསྒྲིལ་ཏེ་མཉམ་རུབ་ཀྱི་ཕྱག་ལས་གནང་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད། ང་ཚོས་གཅིག་སྒྲིལ་བྱས་ན་རྒྱལ་ཁ་འཐོབ་རྒྱུ་དང་། ཞེན་ཁོག་བྱས་ན་ཕམ་རྒྱུ་རེད།
རང་བཙན་ནམ་ཡང་ན་དབུ་མའི་ལམ་གང་ཡིན་ཡང་མཐར་བོད་རིགས་དང་རྒྱ་རིགས་མི་མང་མཉམ་དུ་ལས་ཀ་བྱེད་དགོས། རྒྱ་རིགས་མང་པོ་ཞིག་གིས་རང་བཙན་དང་དབུ་མའི་ལམ་བར་གྱི་ཁྱད་པར་ཤེས་ཀྱི་མེད་པ་དང་། འགའ་ཞིག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་སྐོར་ཏོག་ཙམ་ཤེས་ཀྱི་ཡོད་ཀྱང་། ཁོང་ཚོའི་མཐོང་སྣང་ལ་རང་བཙན་ནི་རྒྱ་རིགས་ཕྱིར་འཕུད་བྱེད་པ་མ་ཟད། བོད་ནང་དུ་སྡོད་མཁན་གྱི་རྒྱ་རིགས་རྣམས་ལ་ཕོག་ཐུག་བཟོ་རྒྱུ་རེད་སྙམ་གྱི་ཡོད། ཟླ་ཤས་སྔོན་ངས་རང་བཙན་དང་དབུ་མའི་ལམ་བར་གྱི་མི་མཐུན་པའི་སྐོར་ཤེས་སོང་ལ། ངས་ད་དུང་འདིའི་ཕྱོགས་སུ་བསམ་བློ་གཏོང་བའི་ཐབས་ཤེས་བྱེད་ཀྱི་ཡོད། ཆབས་ཅིག་བོད་ཀྱི་རྩ་དོན་ཐོག་ལ་རྒྱ་རིགས་རྒྱབ་སྐྱོར་བ་ཇེ་མང་དུ་འགྲོ་གི་ཡོད་ལ། འགའ་ཞིག་གིས་བོད་མི་རྣམས་སོ་སོའི་ལུང་པ་ཚུར་ལེན་དགོས་པའི་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། ད་ལྟའི་ཆར་དེ་འདྲའི་རྒྱབ་སྐྱོར་ནི་ཉུང་ཉུང་རེད། གང་ཡིན་ཟེར་ན་རྒྱ་རིགས་མང་ཆེ་བས་བོད་ནང་དུ་གནས་ཚུལ་གང་འབྱུང་མིན་ཐད་དེ་ཙམ་ཤེས་ཀྱི་མེད།
ཉིན་ཤས་སྔོན་ངས་རྒྱ་ནག་ཤར་ཕྱོགས་འབྱོར་ལྡན་གྱི་གྲོང་ཁྱེར་སུ་ཀྲུག་(Suzhou)ནང་བོད་མི་སྐྱབས་བཅོལ་བ་དང་མཐོ་རིམ་སློབ་མའི་སྐོར་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན་ལ་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་མི་རྣམས་རང་ཡུལ་དོར་ཏེ་གཞན་ཡུལ་ལ་བྲོས་བྱོལ་དུ་ཕྱིན་པའི་སྐོར་བྲིས་པ་འདི་ཤེས་པ་དང་ཁོ་མོ་ཧོན་འཐོར་སོང་། རང་ཉིད་ཀྱིས་གཙོས་པའི་རྒྱ་རིགས་མང་པོ་ཞིག་གིས་བློ་སྟོབས་ཆེན་པོས་བོད་ཀྱི་གནད་དོན་ཐོག་ལ་སྦ་གསང་མེད་པར་སྐད་ཆ་ཤོད་ཀྱི་ཡོད་ལ། ཉུང་མཐར་ཡང་སྤྱི་ཚོགས་བརྒྱུད་ལམ་སྐད་འཕྲིན།(Wechat)དང་ཝེ་པོ།(Weibo)ངོ་དེབ།(Face book)འཕྲུལ་སྒྲ།(Twitter)བཅས་ཀྱི་སྟེང་དུ་བོད་ཀྱི་གནས་ཚུལ་བརྒྱུད་སྒྲོག་བྱེད་ཀྱི་ཡོད། ངས་རྒྱ་སྐད་ཐོག་ནས་ཉིན་ལྟར་ངོ་དེབ་དང་འཕྲུལ་སྒྲའི་སྟེང་དུ་བོད་ཀྱི་གནད་དོན་སྐོར་དུས་ཐོག་ལ་བརྒྱུད་སྒྲོག་བྱེད་ཀྱི་ཡོད་ལ། ང་རང་བོད་དོན་སྐོར་ལ་ཤེས་འདོད་ཆེན་པོ་ཡོད་པ་ཡང་གསལ་པོ་ཤེས་སོང་།
ཁ་ཉིན་ངས་འཕྲུལ་སྒྲའི་སྟེང་ཕྱི་ལོ་ ༡༩༨༨ དང་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉེས་མེད་བོད་མི་མང་པོར་རྡུང་རྡེག་དང་དམར་གསོད་བཏང་བའི་བརྙན་པར་བརྒྱུད་སྤེལ་བྱས་པ་ཡིན་ལ་༸གོང་ས་ཏཱ་ལའི་བླ་མ་ཁོང་གི་མཛད་རྣམ་དང་དམར་གསོད་སྐོར་ལ་གསལ་བཤད་གནང་བ་དེ་རྒྱ་སྐད་ཐོག་ནས་ལུང་འདྲེན་ཡང་བྱས་པ་ཡིན། ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༣ པའི་ནང་ལྷ་སར་མི་མང་སྡེབ་གསོད་ཀྱི་དོན་རྐྱེན་འདི་པེ་ཅིན་ནང་དྲག་གནོན་མ་བྱས་གོང་གི་ཟླ་ཤས་སྔོན་ནས་བྱུང་བར་ངའི་རྒྱ་རིགས་སྤུན་ཟླ་རྣམས་ལ་དྲན་སྐུལ་བྱེད་འདོད་བྱུང་། ང་རྒྱ་རིགས་གྲོགས་པོ་མང་པོ་དང་ལྷན་དུ་ཐེངས་ཁ་ཤས་སྐད་ཆ་བྱུང་ལ་ཁ་ཤས་རྒྱ་ནག་རང་ནས་རེད། ཐའེ་ཝན་ནང་གནས་ཞུགས་རྒྱ་རིགས་ཟིན་བྲིས་པ་ཀྲའོ་ཧྲའུ་ཀུ་འང།(Zhou Shuguang)རང་ལོ་ ༣༣ ཡིན་པ་ཁོང་གིས་ལོ་སྔོན་མའི་ཟླ་བ་བཞི་པའི་ནང་ཕྲེད་དར་ཞིག་གི་སྟེང་དུ་རང་ཉིད་ཀྱི་པར་དང་བོད་ལ་རང་བཙན་སྤྲོད་དགོས། བོད་རང་དབང་ཞེས་བྲིས་ཏེ་འཕྲུལ་སྒྲའི་སྟེང་དུ་བཞག་སྟེ་རང་ཉིད་ཀྱི་རྗེས་འབྲང་པ་སྟོང་ཕྲག་ལྔ་བཅུ་ང་ལྔ་ཙམ་ལ་བཤམ་སྟོན་བྱས་པ་མ་ཟད་འཕྲེད་དར་གྱི་ཕར་ཕྱོགས་སུ་ཐེ་ཝན་གྱི་རང་བཙན་ནི་བོད་ཀྱི་རང་བཙན་ཡིན། གལ་སྲིད་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་རང་སྐྱོང་གི་ངོ་བོ་དགོས་པའི་དགོས་འདུན་སྟོན་པ་དེར་དོན་འབྲས་མྱུར་དུ་མ་སོན་ན་བོད་རང་བཙན་ལ་འདོད་མོས་མི་བྱེད་མཁན་གྱི་བོད་མི་རྒན་པ་ཉུང་དུ་འགྲོ་རྒྱུ་དང་། རང་བཙན་རྩོད་མཁན་གྱི་བོད་མི་མང་དུ་འགྲོ་རྒྱུ་ཡིན་པ་དེ་༸གོང་ས་མཆོག་གིས་ཀྱང་མཁྱེན་གྱི་ཡོད་ཅེས་བྲིས་འདུག ངས་ཁོང་ལ་པར་འདི་འདྲ་བཤམ་སྟོན་བྱེད་དགོས་པའི་རྒྱུ་མཚན་དྲིས་པས་ཁོང་གིས་རང་ངོས་ནས་བོད་མི་རྣམས་རང་བཙན་རྩོད་མིན་ཐད་ཁྱད་པར་མེད་ཀྱང་བོད་མིའི་ཐོབ་ཐང་གཞིར་བཞག་པའི་ཐོག་ལ་ཚང་མས་འདོད་མོས་བྱེད་ཐུབ་པ་ཞིག་རེད། གལ་སྲིད་བོད་ནང་ཁྲིམས་མེད་ལུགས་མེད་ཀྱིས་མི་གསོད་བྱ་སྤྱོད་དེ་འདྲ་ཡོད་ན་དེར་བརྟན་ལྷིང་གི་ཉིན་མོ་ཞིག་ནམ་ཡང་ཡོང་ཐབས་མེད།
ཀྲའོ་ཧྲའུ་ཀུའང།(Zhou Shuguang)ལགས་ཁོང་ནི་ཚལ་འཚོང་མཁན་དང་དྲ་རྒྱ་ཇུས་འགོད་པ་ཟུར་པ་ཞིག་ཡིན་ལ་རྒྱ་ནག་ནང་ཟིན་བྲིས་པ་དང་མི་རིགས་གསར་འགོད་པ་དང་པོ་དེ་ཡང་ཡིན། ཕྱི་ལོ་ ༢༠༠༡ ལོའི་ནང་ཁོང་གིས་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་མང་ཆེ་བ་ཐེར་འདོན་བྱེད་མྱོང་ཡོད། ཁོང་གི་ཟིན་བྲིས་ཁ་བྱང་། http//blog.zuola.com/ ཏཱ་པི་ taipei ནང་ཟླ་བ་བཞི་པའི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་བོད་དང་རྒྱ་ནག་གི་པེན་མཐུན་ཚོགས་གསར་འཛུགས་བྱས་པར་རྒྱ་ནག་གི་འགྲོ་བ་མིའི་ཁྲིམས་རྩོད་པ་གྲགས་ཅན་པ་ཐན་ལྦའོ།(Ten Biao)ལགས་ཀྱིས་འཚམས་འདྲི་ཞུས་ཡོད་ལ་འཕྲུལ་སྒྲ་བརྒྱུད་ནས་ཁོང་གི་རྗེས་འབྲང་པ་སྟོང་ཕྲག་བདུན་ཅུ་ཙམ་ལ་རང་དབང་དང་རྩོམ་རིག་གི་འབྲེལ་འདྲིས་བྱུང་ཡོད། རྒྱ་བོད་རྩོམ་པ་པོ་རྣམས་ཀྱི་རང་དབང་གི་སེམས་འདུན་གཅིག་མཐུན་བྱུང་བ་མ་ཟད། རྒྱ་བོད་རང་དབང་དོན་གཉེར་བ་རྣམས་ཀྱི་སེམས་འདུན་ཡང་གཅིག་མཐུན་བྱུང་ཡོད། ང་ཚོ་ཚང་མའི་སེམས་འདུན་དང་རྨི་ལམ་གཅིག་པ་རེད།
ངའི་བོད་རིགས་གྲོགས་པོ་རེ་འགས་ང་ཚོ་ཚང་མ་སྡུག་བསྔལ་དང་བཀའ་སྡུག་མྱོང་མཁན་གཅིག་པ་རེད་ཟེར་གྱི་འདུག ངས་ཁྱེད་ཚོའི་དཀའ་སྡུག་ཚོར་གྱིན་འདུག་ལ་ཁྱེད་ཚོའི་དཀའ་སྡུག་དེ་ངའི་དཀའ་སྡུག་ཡིན་པ་ཡང་ངས་ཤེས་ཀྱི་ཡོད། ངའི་བོད་རིགས་སྤུན་ཟླ་རྣམས་ཁྱེད་ཚོ་འཐབ་རྩོད་ལ་སེམས་ཤུགས་ནམ་ཡང་མ་ཆག གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྡེབ་གསོད་ཀྱི་དོན་རྐྱེན་བྱུང་བའི་རྗེས་སུ་ཕལ་ཆེར་ལོ་ཉི་ཤུ་རྩ་ལྔ་ཙམ་གྱི་རིང་ངས་ཐེ་ཚོམ་དང་སེམས་སྡུག་ངང་འཚོ་གནས་བྱས་པ་ཡིན། ངས་བློ་སྟོབས་ཆེན་པོས་ལོ་བཅུ་གཉིས་ཙམ་གསར་འགོད་པའི་ལས་ཀ་བྱས་པ་དང་། ངའི་བསམ་པར་སོ་སོ་རང་ཉིད་ཀྱང་འདི་ལས་སྐྱོབ་ཐབས་མེད་པས་ལོ་ཤས་སྔོན་འཇིགས་སྣང་ནང་མི་ཚེའི་བྱ་གཞག་འདི་ལས་དགོངས་པ་ཞུས་པ་ཡིན། གནོན་ཤུགས་ཀྱི་ན་ཟུག་འདི་ལས་སྡུག་བསྔལ་མང་པོ་མྱངས་མྱོང་ཡོད། ངའི་རེ་བ་བརླགས་སོང་། གང་ཡིན་ཞེ་ན། རྒྱ་མི་མང་ཆེ་བ་དངུལ་བཟོ་རྒྱུར་བྲེལ་བ་ཚ་པོ་ཡོད་པ་མ་ཟད་རྒྱ་ནག་ནང་གནར་གཅོད་དང་། མི་སྡེབ་གསོད་སོགས་ཀྱི་སྐོར་ལ་ཤེས་འདོད་བྱེད་ཀྱི་མེད་པ་ཤེས་བྱུང་།
ངའི་བསམ་པར་ཁོང་ཚོར་རང་དབང་དགོས་འདོད་མེད་པ་མ་ཟད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དོ་སྣང་མེད། ད་ཆ་ལམ་འདི་ལྟ་བུ་ངས་མྱོང་དགོས་ཀྱི་མེད། གང་ཡིན་ཞེ་ན། བོད་མིའི་དྲུང་ནས་ངས་མཛའ་སེམས་དང་སྙིང་རྗེ་ཤེས་སོང་ལ་རྒྱ་ནག་གིས་གཙོས་པའི་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་ཡང་ཤེས་བྱུང་། ལྷག་པར་དུ་འགའ་ཞིག་རྒྱ་ནག་རང་ནས་ཡིན་པ་མ་ཟད་མང་ཆེ་བ་གཞོན་སྐྱེས་དང་ཤེས་ལྡན་པ་རྐྱང་རེད། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ནི་ང་ཚོ་སྐྱེ་དུས་ནས་རང་ཆས་སུ་ཡོད་དགོས་པ་ཞིག་ཡིན། གང་ལྟར་ཡང་འགྲོ་བ་མིའི་རྩ་ཆེའི་གྲུབ་ཆ་དེ་དག་ཐུབ་ཚོད་གཏོང་མཁན་རྣམས་ཀྱིས་མེད་པ་བཟོས་པ་རེད། དེང་སང་མི་མང་པོས་ཐེ་ཚོམ་མེད་པར་དྲང་བདེན་ལ་འཐབ་རྩོད་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་གང་ས་ནས་རྒྱ་ནག་དམར་པོའི་སྲིད་གཞུང་མགོ་རྟིང་སློག་རྒྱུར་མཉམ་རུབ་ཐོག་སྒེར་ལངས་ཀྱི་ལས་ཀ་བྱེད་དགོས། མཐུན་སྒྲིལ་ཟབ་མོ་ཡོང་ཆེད་དུ་ངས་ཉིན་ལྟར་འཕྲུལ་སྒྲའི་སྟེང་དུ་རྒྱ་མིའི་བཤད་སྲོལ་དེ་དག་ལུང་འདྲེན་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་མཉམ་རུབ་ཐོག་འབད་བརྩོན་བྱས་ན་དམར་པོའི་སྲིད་གཞུང་འདི་ཕམ་ཉེས་སུ་གཏོང་ཐུབ། ཁོང་ཚོས་འཚེ་བ་དང་འཁོན་སེམས་བེད་སྤྱད་དེ་ཕན་ཚུན་ཁ་བྲལ་གཏོང་རྒྱུར་སྐུལ་སློང་བྱེད་ཀྱི་ཡོད། དབང་སྒྱུར་དང་ཁ་བྲལ་ནི་ཆབ་སྲིད་ཀྱི་གཞི་རྩའི་གཡོ་བྱུས་ཤིག་ཡིན་པ་ཁོང་ཚོས་གསལ་པོ་ཤེས་ཀྱི་ཡོད། ཁོང་ཚོས་འཇིགས་སྣང་དང་དྲག་སྤྱོད་མཉམ་དུ་ཁྲིམས་འཛིན་གྱི་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་རིགས་རང་ལུས་མེར་སྲེག་པ་རྣམས་དང་། ཡུ་གུར་གྱི་རང་དབང་འཐབ་རྩོད་པ། དེ་བཞིན་རྒྱ་རིགས་ངོ་རྒོལ་བ་བཅས་གསུམ་པོ་ནི་ཙི་ཙི་བཞིན་ཁྲོམ་གཞུང་ནང་གང་བྱུང་རྒྱུག་མཁན་གྱི་དྲག་སྤྱོད་པ་ཡིན་པ་གཅིག་གྱུར་རེད་ཅེས་སྐྱོན་བརྗོད་བྱས་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་འདི་འཛམ་གླིང་ནང་གི་ཁྲིམས་འགལ་ཤོག་ཁག་དང་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཆེ་ཤོས་ཤིག་ཡིན་པ་འཛམ་གླིང་གིས་ཤེས་དགོས། ཁོང་ཚོས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་ཕྱོགས་སོག་པོ། ནང་སོག རྒྱ་ནག་བཅས་འཛམ་གླིང་གི་དམྱལ་བའི་བཙོན་ར་ཆེ་ཤོས་སུ་བཟོས་ཡོད། ཡིན་ན་ཡང་ང་ཚོས་མི་ཚེའི་ནང་སོ་སོའི་ལག་གཉིས་ཀྱི་ནུས་པ་ལ་བརྟེན་ནས་ཁོང་ཚོ་ཕམ་པ་བྱེད་ཐུབ་པ་དགོས། གང་ཡིན་ཟེར་ན། ང་ཚོ་ནི་ལོ་རྒྱུས་ཀྱི་བདེན་པའི་ཕྱོགས་སུ་ཡོད། རང་དབང་དང་དྲང་བདེན། ཆེ་མཐོང་། ཐོབ་ཐང་བཅས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཐོབ་ཆ་ཞིག་ཡིན་པ་དང་འགྲོ་བ་མིའི་མི་འབོར་ལ་བརྟེན་ནས་བདེན་དོན་ཡོངས་རྗོགས་འཚོལ་དགོས།
རྒྱ་ནག་དམར་པོའི་སྲིད་གཞུང་ནི་རུལ་སུངས་སུ་གྱུར་པ་དང་ལམ་འདི་ནི་སོ་སོ་རང་ཉིད་ཉམས་རྒུད་དུ་འགྲོ་བའི་ལམ་ཡག་ཤོས་དེ་རེད། དེར་བརྟེན་དམར་པོའི་སྲིད་གཞུང་གི་དཔོན་རིགས་མང་ཆེ་བས་སོ་སོའི་ཕྲུ་གུའི་ཆེད་དུ་ཕྱི་རྒྱལ་གྱི་ཕྱི་སྐྱོད་ལག་ཁྱེར་ཉོ་བ་དང་། ཆུང་མ་དང་རྒྱུ་ནོར་མང་ཆེ་བ་ས་ཆ་གཞན་དུ་གནས་སྤོ་བྱེད་ཀྱི་ཡོད། སྲིད་འཛིན་ཞི་ཅིན་ཕིན་གྱི་བུ་མོ་ཨ་རིའི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་དང་ཁོ་མོ་ཕ་ཡུལ་དུ་ཕྱིར་ལོག་བྱེད་རྒྱུར་ཁས་ལེན་བྱས་མེད། སྲིད་དབང་སྒེར་འཛིན་པ་དེ་དག་གཡོ་བྱུས་ལས་ཁུངས་འཁྱོལ་ཐབས་མེད། སྐྱག་རྫུན་དང་འཚེ་བ་ནི་ཁོང་ཚོའི་མཚོན་ཆ་གཅིག་པུ་དེ་རང་རེད། ཡིན་ཡང་སྙིང་རྗེ་དང་དྲང་བདེན་ནི་ང་ཚོའི་མཚོན་ཆ་ཡིན། ང་ཚོ་ཁོང་ཚོ་དང་གཅིག་པ་མིན། ཁྱོན་ཡོངས་ནས་ང་ཚོས་ཁོང་ཚོ་དང་ཐབས་ལམ་མི་འདྲ་བའི་སྒོ་ནས་འཐབ་རྩོད་བྱེད་དགོས། ལག་དམར་བ་དང་མཉམ་དུ་ཞི་མོལ་གྱིས་འགྲིག་ཐབས་བྱེད་པ་ནི་སྒུག་མི་ཐུབ་པའི་གནད་དོན་ཞིག་རེད། ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ང་ཚོ་སློབ་ཕྲུག་ཞི་རྒོལ་བ་རྣམས་ཀྱི་དམིགས་ཡུལ་གཅིག་པུ་ནི་དམར་པོའི་སྲིད་གཞུང་དང་མཉམ་དུ་གྲོས་སྡུར་བྱེད་འདོད་པ་དེ་ཡིན་ཡང་མཐའ་མཇུག་ཁོང་ཚོས་སྡེབ་གསོད་བཏང་བ་རེད། ཁོང་ཚོས་གློ་བུར་དུ་དགོངས་དག་ཞུས་ཏེ་ང་ཚོ་ལ་རང་དབང་སྤྲོད་པའི་རེ་ལྟོས་དེ་འདྲ་ད་ཆ་ང་ཚོས་མཚམས་འཇོག་བྱེད་དགོས་པ་དང་སྲིད་གཞུང་གི་དབུ་འཁྲིད་རྣམས་ཀྱིས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་ལ་ང་ཚོའི་ཆེད་དུ་བཀའ་མོལ་གནང་རྒྱུར་རེ་ལྟོས་དེ་འདྲ་ང་ཚོས་མཚམས་འཇོག་བྱེད་དགོས། ཁོང་ཚོས་རྒྱ་ནག་གིས་བྱ་ངན་དེ་འདྲ་བྱེད་དུ་བཅུག་པ་ནི་ཁོང་ཚོའི་རྒྱལ་ཁབ་ལ་ཁེ་ཕན་མང་དག་ཅིག་ཡོང་གི་ཡོད་པ་དང་། ཁོང་ཚོས་རྒྱ་ནག་གི་ལག་དམར་བ་དེ་དག་དང་མཉམ་དུ་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་སྐབས་རང་དབང་དང་དམངས་གཙོ་གོང་མཐོར་གཏོང་ཁུལ་བྱེད་པ་ནི་ཁོང་ཚོའི་ཆེ་མཐོང་མཐོ་རུ་གཏོང་རྒྱུ་དེ་རེད།
རང་དབང་ནི་ཚང་མའི་འཚོ་བའི་ཆ་རྐྱེན་དང་དེའི་ཆེད་དུ་འཐབ་རྩོད་བྱེད་རིན་ཡོད་པ་ང་ཚོས་ཤེས་དགོས། ང་ཚོ་འཚེ་བ་ལས་རྒྱང་རིང་ཙམ་སྡོད་དགོས་པ་དང་གསར་བརྗེ་བྱེད་དགོས། ཡིན་ཡང་འཚེ་བ་ནམ་ཡང་བྱེད་མི་ཉན། རྙོག་འཛིང་ཆེ་བའི་རྒྱ་ནག་ནང་ལོ་ངོ་སྟོང་ཕྲག་རིང་འཚེ་བའི་དུག་རྫས་ཀྱིས་ཡོངས་སུ་ཁྱབ་སྟེ་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་མི་ས་ཡ་བཅུ་ཙམ་བསད་མྱོང་ཡོད། རྣམ་པ་དང་ཆུ་ཚད་མི་འདྲ་བའི་ཐོག་ནས་བོད་མི་རྣམས་ཀྱིས་རྒྱ་མི་སྤུན་ཟླ་རྣམས་ལ་ལམ་སྟོན་དང་རོགས་རམ་བྱེད་ཐུབ་ཀྱི་རེད་ལ་ངའི་རེ་བར་བོད་ཀྱི་རྩ་དོན་ཐོག་ལ་རྒྱ་རིགས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཡོང་བའི་རེ་བ་ཡོད།
ངའི་སེམས་སྐུལ་དང་སློབ་སྟོན་ཆེ་ཤོས་ནི་༸གོང་ས་ཏཱ་ལའི་བླ་མའི་གམ་ནས་ཕྱི་ལོ་ ༡༩༩༠ ནང་སི་དྲི་ནི་(Sydney)རུ་ཁོང་གིས་གསུང་ཆོས་གནང་སྐབས་འཁྱུག་ཙམ་མཇལ་རྒྱུ་བྱུང་བ་འདི་ཡིན། ང་ནི་རྒྱ་ནག་ནས་གསར་དུ་སླེབས་པའི་སློབ་གྲྭ་ཆེན་མོའི་གཞོན་སྐྱེས་སློབ་ཕྲུག་ཅིག་ཡིན། ང་རྒྱ་རིགས་ཤིག་ཡིན་པ་ཤེས་སུ་འཇུག་འདོད་མ་བྱུང་། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ཉེས་མེད་མི་མང་པོར་གང་བྱས་པ་རྣམས་དྲན་ཏེ་ཁ་སྐྱེངས་པོ་འདུག ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་ནག་གཞུང་གིས་བོད་ལ་གང་བྱས་པ་རྣམས་ལ་དགོངས་སེལ་ཞུ་འདོད་ཆེན་པོ་བྱུང་། ཁོང་གིས་འཛུམ་མདངས་དང་བཅས་ང་ལ་ཕྱག་བཏང་བྱུང་ལ་སྐབས་དེའི་དུས་ཚོད་ནི་ཧ་ཅང་གི་ཡུད་ཙམ་ཞིག་ཡིན་པ་དང་། ངས་སྐད་ཤུགས་ཆུང་ངུས་དགོངས་དག་དགོངས་དག་ཅེས་ཞུ་ཐུབ་ཙམ་བྱུང་། ང་ནམ་རྒྱུན་མི་ཚོགས་ཀྱི་དབུས་སུ་རྩ་བ་ནས་ངུ་མྱོང་མེད། ཡིན་ཡང་ཁོང་ཐུགས་བརྩེ་ཆེ་བས་གློ་བུར་དུ་མིག་ཆུ་ཤོར་བྱུང་། ཚོགས་ཁང་ཆེན་མོ་འདིའི་མི་ཚོགས་དབུས་སུ་ང་ལངས་ནས་སྡད་པ་ཡིན། ལུས་སེམས་ཀྱི་དཀའ་སྡུག་མང་པོ་ཞིག་བསལ་བར་བརྟེན་རྦབ་ཆུ་ལྟ་བུའི་མིག་ཆུའི་དྲག་ཆར་བབས་པ་བཀག་ཐུབ་མ་སོང་།
ངས་སྐྱབས་བཅོལ་ནང་གི་རང་དབང་(Freedom in Exile)ཞེས་པའི་ཁོང་གི་དེབ་དེ་ཉོས་པ་ཡིན། དེབ་འདི་ནི་ངས་ཁོང་གི་དེབ་ཀློག་པ་དང་པོ་དེ་ཡིན། ང་ཧོན་འཐོར་དགོས་པ་བྱུང་། ངས་དེབ་འདིའི་ནང་རྒྱ་རིགས་མ་ཟད་མའོ་ཙེ་ཏུང་ལའང་མི་དགའ་བའི་ཚིག་གཅིག་ཀྱང་མཐོང་མ་སོང་། ཁོང་གི་རྩོམ་ཡིག་གམ་ཡང་ན་གསུང་ཆོས་སྐབས་སུ་ངས་སྙིང་རྗེའི་སྐོར་དང་བོད་ཀྱི་ལོ་རྒྱུས་ངོ་མ་གང་ཡིན་སྦྱང་མགོ་བཙུགས་པ་ཡིན། དེའི་རྗེས་བོད་ནང་རྒྱ་ནག་གཞུང་གིས་མནར་གཅོད་ཕོག་མྱོང་མཁན་གྱི་བོད་མི་ཚང་མ་ལ་ངས་དགོངས་སེལ་ཞུ་རྒྱུའི་གོམས་གཤིས་འཇགས་པར་བྱས་པ་ཡིན། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་། སྐད་ཡིག རིག་གཞུང་། ཆོས་ལུགས་བརྡལ་བཤིག མི་རིགས་རྩ་མེད། སྡེབ་གསོད། མི་སེར་སྤེལ་ཡུལ་སོགས་ཀྱི་བྱ་ངན་དེ་འདྲ་བྱས་པར་ངས་ཡི་གེ་འདི་བརྒྱུད་ནས་བོད་རིགས་སྤུན་ཟླ་རྣམས་ལ་དགོངས་སེལ་ཞུ་གིན་ཡོད་ལ། དགོངས་དག་ཅེས་པའི་ཚིག་འདི་ཙམ་གྱིས་འགྲིག་གི་མེད་པ་ངས་གསལ་པོ་ཤེས་ཀྱི་ཡོད།
བོད་དང་མཉམ་དུ་ངའི་འབྲེལ་འདྲིས་ནི་དུས་ཡུན་རིང་བ་དང་གཏིང་ཟབ་པོ་ཡོད། ཕྱི་ལོ་ ༡༩༨༤ དང་ ༢༠༠༥ བར་ལ་ངས་བོད་ལ་ཚར་བཞི་ཙམ་ལྟ་སྐོར་ལ་འགྲོ་མྱོང་ཡོད་ལ་ཐེངས་དང་པོ་དེ་རྩོམ་རིག་སློབ་ཕྲུག་དང་གསར་འགོད་པ་བྱེད་ལ་ཉེ་བའི་སྐབས་སུ་རེད། ཀིརྟི་དགོན་པ་ནི་ཨ་མདོ་རྔ་པའི་ནང་གི་དགོན་པ་གཙོ་གྲས་ཤིག་ཡིན་ལ་འདི་ནི་ང་ལོ་བཅོ་ལྔའི་སྐབས་བོད་ལ་ལྟ་སྐོར་དུ་ཐེངས་དང་པོ་འགྲོ་དུས་དགོན་པའི་སྐོར་གྱི་རི་མོ་དང་རྩོམ་ཡིག་བྲིས་པ་ཐེངས་དང་པོ་དེ་ཡང་ཡིན། ལོ་གཉིས་ཀྱི་སྔོན་ལ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཆེད་དུ་དགོན་པའི་མདུན་གྱི་གཞུང་ལམ་འདི་ལ་དཔའ་བོའི་གཞུང་ལམ་ཞེས་པའི་མིང་གསར་པ་འདོགས་རྒྱུའི་མོས་མཐུན་བྱུང་བ་ངས་ཤེས་བྱུང་། ང་ཨ་མདོ་དང་ཁམས་ལ་འགྲོ་བའི་སྐབས་ངས་གློག་བརྙན་ཚན་པ་འགའ་དང་འགྲོ་བ་མི་ལ་མེ་ལྕེ་འབར་བའི་པར་མང་པོ་ཞིག་ལ་བལྟ་རྒྱུའི་གོ་སྐབས་རག་བྱུང་། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ག་དུས་མེ་ལྕེ་སྤར་བ་དང་དེ་ནི་རང་ཉིད་ཀྱི་ཆ་ཤས་ཤིག་མི་དེ་དང་མཉམ་དུ་འབར་བ་དང་མཚུངས།
༢༠༡༢ ལོའི་ནང་རང་ལུས་མེར་བསྲེགས་གཏོང་མཁན་མང་ཤོས་དེ་ཆགས་ཡོད་ལ་ངས་བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་ཡང་བཞག་པ་ཡིན། དེ་ནི་ཛ་དྲག་གི་གནས་དོན་ཞིག་ཡིན་པས་ངས་དེའི་ཆེད་དུ་ལས་ཀ་བྱེད་དགོས། འདི་ནི་རྒྱ་མི་ཞིག་གིས་བོད་མི་རྣམས་ཀྱི་ཆེད་དུ་རོགས་རམ་བྱས་པ་མ་ཡིན་པར་འདི་ནི་རང་ཉིད་ཀྱི་ངོས་ནས་འགྲོ་བ་མི་ཞིག་གི་ཆེད་དུ་རོགས་རམ་བྱས་པ་ཞིག་ཡིན། ངའི་བརྩེ་བའི་བོད་རིགས་སྤུན་ཟླ་རྣམས་གལ་སྲིད་ཁྱེད་ཚོ་བོད་ཀྱི་བདེན་དོན་ཆེད་དུ་རྒྱ་རིགས་དང་མཉམ་དུ་ལས་ཀ་བྱེད་འདོད་ན་རྒྱ་རིགས་རྣམས་ལ་ཤེས་ཡོན་དང་སྙིང་རྗེ་དེ་བཞིན་བཟང་སྤྱོད་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་དགོས་ལ་ཕན་ནུས་དང་གོ་རིམ་ལྡན་པའི་རྔམ་སྟོན་ཁྲོམ་སྐོར་གང་འདྲ་བྱས་ནས་ཡོང་མིན་སློབ་སྟོན་བྱེད་དགོས། གལ་སྲིད་ཁྱེད་ཚོས་དགའ་སྤྲོ་དང་ཡིད་ཆེས་བློས་འགེལ་བྱས་ན་རྒྱ་རིགས་རྒྱབ་སྐྱོར་བ་མང་པོ་ཡོང་སྲིད་པ་ཞིག་རེད། རྒྱ་མི་ཚང་མ་སྙིང་རྗེ་མེད་པ་དང་ཡོན་ཏན་མེད་པ། ཡང་ན་དངུལ་ལ་འདོད་རྔམས་ཆེན་པོ་དེ་འདྲ་ཡོད་མ་རེད། ང་ཚོ་ཤེས་འདོད་དང་དོ་སྣང་བྱེད་རྒྱུའི་འདུན་པ་ཡོད། ངས་རྒྱ་རིགས་གྲོགས་པོ་མང་པོ་དང་ལྷན་དུ་བཟང་སྤྱོད་དང་སྙིང་རྗེ་ཞེས་པའི་ཚིག་འདི་གཉིས་རྒྱ་ཡིག་ནང་སྒྲ་སྒྱུར་ཡོད་མེད་བཀའ་འདྲི་ཞིབ་ཚགས་བྱས་ཀྱང་རྙེད་མ་བྱུང་། གང་ཡིན་ཟེར་ན། གཞི་རྩའི་ཚིག་འདི་གཉིས་བོད་ལ་དར་ཁྱབ་བྱུང་བ་ལས་རྒྱ་ནག་སྤྱི་ཚོགས་ནང་དངོས་གནས་བརླགས་ཏེ་མི་འདུག
རྒྱ་མི་ཇེ་མང་ནས་ཇེ་མང་བོད་ཀྱི་ནང་པར་འགྱུར་གྱིན་ཡོད་ལ་འདིའི་ནང་ནས་མང་ཆེ་བ་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་དང་པོབ་རོལ་གཞས་གྲགས་ཅན་པ། རོལ་མོ་བ། སྒྱུ་རྩལ་བ། རྩོམ་པ་པོ། འབྱོར་ལྡན། དེ་བཞིན་སྤྱིར་བཏང་གི་མང་མ་ཟད་དེའི་ནང་ངའི་གཅེན་མོ་ཡང་ཚུད་ཡོད། བོད་ལ་རྒྱ་རིགས་འབོར་ཆེན་བོར་འདྲེན་བྱས་པར་ང་བློ་ཕམ་ཆེན་པོ་འདུག ཡིན་ཡང་དེ་དག་ཚང་མ་ཡུལ་སྐོར་བ་ལྐུགས་པའམ་ཡང་ན་དངུལ་ལ་རྔམས་པ་རྐྱང་རྐྱང་མ་རེད། རེ་འགས་དམག་མིའི་དྲག་གནོན་གྱི་ཡིག་ཆ་དང་པར་བསམ་ཚུལ་སོགས་སྤྱི་ཚོགས་བརྒྱུད་ལམ་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད། རེ་འགས་བརྟག་དཔྱད་དང་བཅར་འདྲི་ཡང་བྱེད་ཀྱི་ཡོད། ཁྱེད་ཚོས་མི་ལོ་ལྔ་བཅུ་ང་ལྔ་ཙམ་བསྒུགས་པ་དང་ང་ཚོ་རྒྱ་རིགས་རྣམས་ཀྱིས་ཀྱང་མི་ལོ་དྲུག་ཅུ་རེ་བཞི་ཙམ་བསྒུགས་ཡོད། བོད་ནང་རྒྱ་ནག་གཞུང་གིས་ཁྱེད་ཚོའི་སྤུན་ཉེ་དང་གྲོགས་པོ་མང་པོར་མནར་གཅོད་བཏང་སྟེ་སྐུ་བཀྲོངས་ཡོད། ངའི་སྤུན་ཉེ་བཅུ་བཞི་སྲོག་ཐོག་ཉེས་ཆད་དང་བཀྲེས་སྐོམ། རང་ཤི་རྒྱག་ཏུ་བཅུག་སྟེ་སྐུ་བཀྲོངས་ཡོད། ངའི་ཕ་མ་དང་། སྤོ་སྤོ། རྨོ་རྨོ་སོགས་ཀྱི་གཙོས་པའི་མི་མང་པོ་ལ་མི་ལོ་བཅུ་ཕྲག་མང་པོར་སྡུག་སྦྱོང་བཏང་ཡོད།
ད་རྨོངས་གཉིད་ལས་སད་པའི་དུས་ཤིག་རེད། གང་ཡིན་ཟེར་ན། རྒྱ་ནག་དང་། ཧོང་ཀོང་། ཐའེ་ཝན་གྱི་མི་མང་པོ་ཞིག་རྨོངས་གཉིད་ལས་སད་ཏེ་ལྷོ་སོག་པོ་དང་ཤར་ཏུར་ཀི་སི་ཐན། བོད་ཀྱི་བདེན་དོན་སྐོར་ལ་ཤེས་རྟོགས་བྱེད་ཀྱིན་ཡོད། སོག་རིགས་དང་། བོད་རིགས། ཡུ་གུར་བ་ཇེ་མང་ནས་ཇེ་མང་སོང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱེད་ཀྱི་ཡོད། ཟླ་བ་ཁ་ཤས་སྔོན་ཧཱུ་ནན་(Hunan)ནང་གི་རྒྱ་རིགས་གྲོང་གསེབ་པ་ཞིག་གིས་ང་ལ་ཐོ་རེངས་འཆར་ལ་ཉེ་བ་ཞེས་པའི་འཕྲིན་ཐུང་ཞིག་བཏང་བྱུང་། རྒྱ་རིགས་ཟིན་བྲིས་པ་ཀྲའོ་ཧྲའུ་ཀུའང།(Zhou Shugnang)ཟེར་བའི་མིང་མཐའ་ཧྲའུ་ཀུའང་། (Shugnang) ཞེས་པའི་དོན་ནི་ཐོ་རེངས་ཀྱི་འོད་སྣང་ཟེར་བའི་དོན་ཡིན། དེང་སང་ང་ཚོས་ཡངས་པའི་ས་གཞིའི་ཆ་ཤས་སུ་གྲགས་པའི་རྒྱ་ནག་ནང་དྲག་སྤྱོད་པ་མང་པོ་མཐོང་བཞིན་ཡོད། ཡིན་ཡང་། ངའི་རྒྱ་རིགས་གྲོགས་པོ་མང་ཆེ་བས་ནམ་མ་ལངས་སྔོན་གྱི་ཆུ་ཚོད་འགའ་ཤས་ནི་ཆེས་མུན་ནག་ཅན་ཞིག་ཡིན་པ་ཤོད་ཀྱིན་འདུག ཆེས་གདུག་རྩུབ་ཆེ་བའི་སྲིད་གཞུང་འདི་ནི་མུན་ནག་རེད། ང་ཚོ་ལ་རྒྱལ་ཁ་འཐོབ། བོད་ལ་རང་དབང་འཐོབ་པ་དང་རྒྱ་ནག་དང་དེ་བཞིན་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་དང་ཐའེ་ཝན་ལ་མིང་དོན་མཚུངས་པའི་རང་དབང་མཉམ་དུ་འཐོབ་བྱེད་དུ་ལས་ཀ་མཉམ་དུ་བྱེད་དགོས། ངའི་བོད་རིགས་གྲོགས་པོ་དང་རྒྱ་རིགས་གྲོགས་པོ་བོད་དོན་རྒྱབ་སྐྱོར་བ་མང་པོས་ཡི་གེ་འདི་འབྲི་རྒྱུར་ང་ལ་སྐུལ་ལྕག་གནང་བར་ངས་སྙིང་དབུས་ནས་ཐུགས་རྗེ་ལན་བརྒྱར་ཞུ།
རྒྱ་སེ་མེ་ཏོག་ཅེས་པའི་མིང་འདི་ནི་རྒྱ་རིགས་བུ་མོ་ཞིག་ལ་བོད་ཕྲུག་ལོ་ལྔ་དང་གསུམ་ཅན་གཅིག་དང་བོད་ཀྱི་སྙན་ངག་མཁས་ཅན་ཞིག་གིས་གནང་བྱུང་།།
སྒྱུར་མཆན། རོ་སེ་ཀྲང་།(Roce Tang)ཁོ་མོ་ནི་ཨ་མི་རི་ཀའི་ནང་གནས་སྡོད་བྱེད་མཁན་གྱི་རྒྱ་རིགས་ཤིག་ཡིན་ལ། ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ནང་མཉམ་ཞུགས་བྱེད་མྱོང་མཁན་གྱི་སློབ་ཕྲུག་གཙོ་གྲས་ཤིག་ཡིན་པ་མ་ཟད། གསར་འགོད་པ་དང་བོད་ཀྱི་འཐབ་རྩོད་ཐོག་ལ་ཡུན་རིང་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། ད་ལམ་ཁོ་མོས་ངའི་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡོངས་གྲགས་ཞུ་ཡིག་ཅེས་པ་འདི་བོད་སྒྱུར་བྱེད་དགོས་པའི་རེ་སྐུལ་ཞུས་པ་ལྟར་འདིར་བོད་བསྒྱུར་ཞུས།།
མཛངས་མ་ཁྱོད་ཀྱིས་བོད་དོན་ལ་ཤ་ཚ་ལྷག་བསམ་བཅངས་པ་ཧ་ཅང་རྣམ་པར་དག་པ་དང་ཁ་ཞེ་གཉིས་མེད་རེད། ཁྱོད་ཀྱིས་བཤད་པའི་སྐད་ཆ་ལས་གནད་དོན་མང་པོ་ཞིག་བསེད་བཀྲོད་བྱེད་ཐུབ་སོང་ལ། རྒྱ་རིགས་མི་མང་གི་སེམས་ནང་གི་གནས་ཚུལ་ཡང་མང་པོ་ཞིག་ལ་རོབ་ཙམ་ཚོད་དཔག་བྱེད་ཐུབ་སོང་། སྤྱིར་བཏང་རྒྱ་རིགས་ཚོའི་ཁྲོད་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་སྟངས་རིགས་གཉིས་ཡོང་གི་འདུག རིགས་གཅིག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རིགས་གཅིག་གིས་བོད་པའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག སྤྱི་ཡོངས་ནས་བལྟས་པ་ཡིན་ན་རྒྱ་རིགས་མང་པོ་ཞིག་གིས་བོད་རྒྱ་ནག་ལས་ལོགས་སུ་འགྲོ་རྒྱུར་འདོད་པ་མེད་པ་ལྟ་བུ་རེད། ཡིན་ནའང་བོད་ནང་རྒྱ་ནག་གི་སྲིད་བྱུས་དྲང་བདེན་ཡོང་གི་མེད་པ་དང་། བོད་མི་ཚོར་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་སྤྲོད་དགོས་པའི་ཐོག་ལ་རྒྱ་་རིགས་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་གི་འདུག ལྷག་པར་དུ་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་གི་འདུག་བསམ་པ་བྱུང་སོང་།
བོད་ལ་དགའ་བའི་རྒྱ་བཟའ་ཀོང་ཇོ་ཁྱོད་རང་བྱ་བ་ལམ་འགྲོ་དང་ནད་མེད་ཚེ་རིང་ཡོང་བ་ཤོག རྩོམ་ཡིག་ཧ་ཅང་དོན་སྙིང་ལྡན་པ་ཡུལ་འགུལ་ཐེབས་པ་ཞིག་རེད། འདི་ནང་གི་གནས་ཚུལ་མང་པོ་ཞིག་རྒྱ་རིགས་དཀྱུས་མ་ཞིག་ཕར་ཟད་བོད་པ་དྭངས་མ་ཞིག་གིས་ཀྱང་ཡིད་དུ་འཆར་དཀའ་བ་ཁ་ནས་ཤོད་དཀའ་བ་ཞིག་འདུག རྩོམ་ཡིག་འདི་དང་འདི་འདྲ་བ་མང་པོ་ཞིག་ཀློག་པ་བརྒྱུད་ནས་བོད་པ་ཚོས་རྒྱ་རིགས་མི་མང་གི་བསམ་ཚུལ་དང་། བོད་རྒྱའི་གནད་དོན་གྱི་འགག་རྩ་སོགས་རྟོགས་ཡོང་བར་དགེ་ཕན་ཤིན་ཏུ་ཆེན་པོ་ཡོད་པ་རེད།
མཐའ་དོན། ང་རང་ཁྱེད་རང་ལ་རེ་སྐུལ་ཞིག་ཞུ་རྒྱུ་ཡོད་པ་ནི། མ་འོངས་པར་ཁྱེད་རང་གིས་བོད་པའི་སྡུག་ཕྱོགས་དང་ཞན་ཆའི་ཕྱོགས་ནས་ཀྱང་འཛེམ་ཟོན་མེད་པར་འདི་ལྟ་བུའི་རྩོམ་ཡིག་ཞིབ་ཅིང་རྒྱས་པ་ཞིག་འབྲི་རོགས། སོ་སོ་བོད་པར་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་ཡིན་ན་འདི་ལྟ་བུའི་རྩོམ་ཡིག་འབྲི་བུར་འཇིགས་ཞུམ་གང་ཡང་བྱེད་དགོས་པ་མ་རེད། བོད་པ་མ་ཡིན་པ་ཞིག་གིས་བོད་པའི་དགེ་སྐྱོན་གླེང་ན་དེ་ལ་རིན་ཐང་ཆེ་བ་དང་གནས་ལུགས་དངོས་ལ་རེག་ཐུབ་པའི་དགེ་མཚན་དང་ཁྱད་ཆོས་མང་པོ་ཡོད་པ་རེད། འདི་ངའི་རེ་སྐུལ་ཡིན། ཐུགས་རྗེ་ཆེ།