དེ་རིང་སྔ་དྲོར་ས་ར་མཐོ་སློབ་ཏུ་སིམ་ལའི་ཆིངས་ཡིག་སྐོར་ལ་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་སྟེང་གཞོན་ནུའི་ཚོགས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ནི་སྲིད་བྱུས་ཤིག་དང་གཞོན་ནུའི་ལངས་ཕྱོགས་རང་བཙན་ནི་ཐོབ་ཐང་ཞིག་ཡིན་སྟབས། དབུ་མའི་སྲིད་བྱུས་ལ་གུས་བརྩི་བྱེད་ཀྱི་ཡོད་ཀྱང་སོ་སོའི་ཐོབ་ཐང་དེ་མུ་མཐུད་རྩོད་དགོས་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༨།༣༠ ཐོག ས་ར་མཐོ་སློབ་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ ཐེངས་བརྒྱད་པའི་དབུ་འཛུགས་མཛད་སྒོ་ཞིག་དེ་གའི་མཐོ་སློབ་ཀྱི་ཚོགས་ཁང་དུ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། ཧྥི་རན་སི་ནས་ཡིན་པའི་བོད་གནས་ཉམས་ཞིབ་པ་སྐུ་ཞབས་ཁོ་ལི་ཌེ་ཨེར་པེ་ (Claude Arpi) ལགས། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། ས་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། བོད་མི་མང་སྤྱི་འཐུས་དང་ས་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་བཅས་དང་། དེ་བཞིན། མཐོ་སློབ་ཁག་ ༡༦ ནས་ཕེབས་པའི་སྐུ་ཚབ་ ༣༠ ཙམ་དང་། སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག
ཐེངས་འདིའི་བགྲོ་གླེང་ཕྱི་ཚེས་ ༥ ནས་ ༧ བར་གྱི་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་ས་ར་མཐོ་སློབ་དང་སྨན་རྩིས་ཁང་། ནོར་གླིང་མཐོ་སློབ། ཀིརྟིའི་མཐོ་སློབ། ས་སྐྱ་མཐོ་སློབ། ས་སྐྱ་བཙུན་མའི་མཐོ་སློབ། རྫོང་སེར་བཤད་གྲྭ ཤེས་རབ་གླིང་། སྒྲོལ་མ་གླིང་། ཏཱ་ལའི་བླ་མའི་མཐོ་སློབ། ལྕགས་པོ་རི་སྨན་རྩིས་མཐོ་སློབ། ཝ་ན་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་སློབ་གྲྭ་ ༡༦ གི་སྐུ་ཚབ་གཉིས་རེ་མཉམ་ཞུགས་གནང་ཡོད་འདུག
མཛད་སྒོ་དབུ་འཛུགས་སྐབས་སྐུ་མགྲོན་གཙོ་བོ་ལགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་སོགས་སྔོན་འགྲོའི་ལས་རིམ་ཁག་གྲུབ་རྗེས། ས་ར་གཞོན་ནུའི་རུ་ཁག་གི་ཚོགས་གཙོ་བསྟན་པ་དར་རྒྱས་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་སྟེ། དེ་སྔོན་བོད་ཀྱི་རིག་གཞུང་བགྲོ་གླེང་དེ་མཐོ་སློབ་ནང་ཁུལ་དུ་རིག་གཞུང་ཐོག་བགྲོ་གླེང་དཔྱད་རྩོམ་སྒྲོགས་སྦྱང་སོགས་བྱེད་ཀྱི་ཡོད་ཀྱང་། སྐབས་བདུན་པ་ནས་བཟུང་ཚོགས་པའི་འགྲོ་སོང་མི་མང་གི་ཞལ་འདེབས་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། རིག་གཞུང་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་བགྲོ་གླེང་ཞིག་བྱས་ན་བསམ་སྟེ། ད་རེབ་བཙན་བྱོལ་ནང་གི་ཤེས་ཡོན་པ་ ༡༥ བསྡུ་སྐོང་གིས་༼ཤིང་སྟག་སིམ་ལའི་ཆིངས་ཡིག་གི་རིན་ཐང་གླེང་བ༽ཅེས་པའི་བརྗོད་ གཞིའི་ཐོག་བགྲོ་གླེང་དང་དཔྱད་རྩོམ་སྒྲོགས་སྦྱང་གནང་གི་ཡོད་སྐོར་བརྗོད་བྱུང་།
ཐེངས་འདིའི་བརྗོད་གཞིའི་ཐད་ཁོང་གིས། ད་རེབ་བརྗོད་གཞི་འདི་འདྲ་ཞིག་འདེམས་དགོས་དོན། འདི་ལོ་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ཏེ་ལོ་ ༡༠༠ འཁོར་ཡོད་པ་དང་། ཆིངས་ཡིག་གི་ནང་དོན་ཡག་མིན་ལ་མ་ལྟོས་པར་ང་ཚོའི་ལོ་རྒྱུས་ཤིག་ཆགས་ཡོད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་ད་བར་ཆིངས་ཡིག་འདི་དང་འབྲེལ་བའི་བགྲོ་གླེང་དང་དཔྱད་རྩོམ་མེད་པ་དང་། ལས་འགུལ་ཡོད་པའི་རིགས་ཀྱང་དྲིལ་བསྒྲགས་ཀྱི་རྣམ་པ་ལས། བོད་རང་གི་སྐད་ཡིག་ནང་ཆིངས་ཡིག་འདིའི་ཐོག་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་ལ་བལྟ་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་བྱེད་ཆེད་དང་། མ་འོངས་པར་སློབ་སྦྱོང་བྱེད་མཁན་རྣམས་ལ་ཁོང་རྣམ་པའི་བགྲོ་གླེང་དང་དཔྱད་རྩོམ་བརྒྱུད་དེ་ཕན་ཐོགས་ཡོང་ན་བསམ་སྟེ་གོ་སྒྲིག་བྱས་པ་ཡིན་སྐོར་སོགས་ངོ་སྤྲོད་བྱས་སོང་།
གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཅིག་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ཆགས་ཡོད་སྟབས། ད་རེབ་ས་ར་གཞོན་ནུའི་རུ་ཁག་གིས་རིག་གནས་བགྲོ་གླེང་གནང་གི་ཡོད་པ་དང་། ས་གནས་གཞན་དུའང་བོད་ཡིག་ཐོག་རྩོམ་ཡིག་འགྲན་བསྡུར་དང་རིག་གཞུང་འཁྲབ་སྟོན། ལྷག་དཀར་སྲུང་གཙི་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཚུལ། ང་ཚོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་དེ་ང་ཚོའི་མི་རིགས་ཀྱི་ངོ་བོ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་ཀྱང་སྲིད་ཇུས་གསར་བ་འདྲ་མིན་བཟོས་ཏེ་ངོ་བོ་རྩ་མེད་བཟོ་རྒྱུའི་ཐབས་ཤེས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། བོད་མི་ཚོས་ཀྱང་དེ་དག་ཤེས་པར་བྱ་རྒྱུ་དང་རང་ཉིད་ལ་འགན་ཡོད་པ་ཤེས་རྒྱུ་གལ་ཆེན་ཡིན་པ་མ་ཟད། དམིགས་བསལ་རྒྱ་ནག་དང་མཉམ་དུ་ཞི་བའི་ལམ་ནས་འཐབ་རྩོད་བྱེད་པར་ཤེས་ཡོན་གལ་ཆེན་ཡིན་ཤེས་པའི་ཐོག་ནས་འབད་བརྩོན་དང་བློས་གཏོང་། འགན་ཡོད་པའི་ཆ་ནས་མཉམ་ཞུགས། དུས་ཚོད་སོགས་བཏང་སྟེ་འཐབ་རྩོད་ཀྱི་གནས་སྟངས་ཚད་མཐོ་རུ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐོར་ལ་ཁོང་གིས། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་དང་འབྲེལ་བའི་དམིགས་ཡུལ་བོད་རང་བཙན་རེད། བོད་རང་བཙན་ང་རང་ཚོའི་ཐོབ་ཐང་ཆགས་ཡོད། ང་ཚོས་རྩོད་བཞིན་པ་དེ་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། དེ་ང་ཚོས་འགན་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ཆགས་ཡོད། ཐོབ་ཐང་དང་སྲིད་བྱུས་བར་ཕན་ཚུན་ལ་འགལ་ཟླ་བཟོ་བཞིན་པ་ཞིག་ངས་མཐོང་གི་མི་འདུག་ལ། བཟོ་དགོས་པ་ཞིག་རེད་བསམ་གྱི་མི་འདུག ཡིན་ནའང་། སྤྱི་ཚོགས་ནང་བཀའ་མོལ་འདི་འདྲ་སླེབ་ཀྱི་འདུག སྲིད་བྱུས་སྲིད་བྱུས་རང་རེད། གནས་སྟངས་དང་གནས་བབ་ལ་གཟིགས་ཏེ་བཟོས་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་ང་རང་སྒེར་དང་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མཐའ་གཅིག་ཏུ་གུས་བརྩི་ཡོད་ཅེས་ཞུ་བཞིན་ཡོད་ཀྱང་། ང་ཚོའི་ཐོབ་ཐང་མུ་མཐུད་རྩོད་དགོས་ཀྱི་ཡོད་སྟབས། ས་གནས་ས་ཐོག་ཏུ་ཕེབས་མཁན་ཚོས་འདི་གསལ་བོ་བཟོས་ན་ཡག་པོ་འདུག ད་དུང་ང་ཚོ་ཕན་ཚུན་བར་གུས་བརྩི་དང་སྦྱངས་བཤད་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། གཙོ་བོ། བཀའ་མོལ་གནང་སྐབས་གང་འདྲ་ཞིག་གནང་དགོས་མིན་དང་། འཐབ་རྩོད་ཀྱི་ཚད་ཇི་ལྟར་མཐོ་རུ་གཏོང་དགོས་ཀྱི་འདུག རྒྱ་ནག་གཞུང་ལ་གནོན་ཤུགས་གང་འདྲ་བྱས་ཏེ་སྤྲོད་ཐུབ་ས་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གསར་བ་ག་རེ་སྤེལ་དགོས་ཀྱི་འདུག དེ་འདྲའི་བཀའ་མོལ་གནང་ཐུབ་ན་ང་ཚོའི་འཐབ་རྩོད་དང་ཆིག་སྒྲིལ། དམངས་གཙོ་ཡར་རྒྱས་འགྲོ་བའི་གནས་སྟངས་ཤིག་ཆགས་ཀྱི་རེད་བསམ་གྱི་འདུག” ཅེས་སོགས་བརྗོད་སོང་།
ད་རེབ་ཀྱི་བགྲོ་གླེང་འདིའི་བརྗོད་གཞི་གཙོ་བོ་༼ཤིང་སྟག་སིམ་ལའི་ཆིངས་ཡིག་གི་རིན་ཐང་གླེང་བ༽ཅེས་པ་དེ་ཡིན་པ་དང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ནས་བཟུང་སྨན་རི་མཐོ་སློབ་ཀྱི་སློབ་དཔོན་ཁྲི་གཡུང་དྲུང་ལགས་ནས་༼སིམ་ལའི་ཆིངས་ཡིག་གི་ལོ་རྒྱུས་སྐོར་གྱི་ཐོག་མའི་སྙན་ཞུ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ཕ་ཡུལ་གྱི་རྩོམ་སྒྲིག་པ་ཟུར་པ་ཤེས་རབ་འོད་ཟེར་ལགས་ཀྱིས་༼རྒྱ་གར་གྱི་ཡིག་ཚགས་ནང་གསལ་བའི་སིམ་ལའི་ཆིངས་ཡིག་སྐོར༽། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ཀྱིས་༼སིམ་ལའི་ཆིངས་ཡིག་མ་བཞག་སྔོན་གྱི་བོད་རྒྱ་གཉིས་ཀྱི་དམག་འཁྲུག་གི་གནས་བབ༽། ཤེས་རིག་ཉམས་ཞིབ་པ་ཆོས་འཕེལ་ལགས་ཀྱིས་ ༼སིམ་ལའི་ཆིངས་ཡིག་གི་སྔོན་འགྲོའི་སྐོར༽། རང་དབང་ཉམས་ཞིབ་པ་སྐུ་ཞབས་ཁུ་ལོ་ཌི་ཨེར་ཕེ་ (Claude Arpi) ལགས་ནས་སིམ་ལའི་ཆིངས་ཡིག་གི་སྔོན་དང་རྗེས་ (Simla Convention Before an After) ཞེས་པའི་ཐོག་གཏམ་བཤད་དང་དཔྱད་རྩོམ་སྒྲོགས་སྦྱང་།
ཉིན་གཉིས་པའི་བགྲོ་གླེང་ཐོག་དཔེ་མཛོད་ངག་རྒྱུན་སྡེ་ཚན་གྱི་འགན་འཛིན་དབང་འདུད་ཚེ་རིང་ལགས་ནས་༼སིམ་ལའི་ཆིངས་ཡིག་དང་མོན་གྱི་སྐོར༽། སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་༼དབྱིན་ཕྱོགས་ཀྱི་ ཆིངས་འཇོག་མི་སྣའི་གནས་བབ་དང་ལོ་རྒྱུས༽། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་འཇུ་བསྟན་སྐྱོང་ལགས་ཀྱིས་ ༼སིམ་ལའི་ཆིངས་ཡིག་གིས་བོད་ལ་ཕན་གནོད་གང་བྱུང་༽། འགྲོ་བ་མིའི་ཐོབ་ཐང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་༼དབྱིན་རྒྱ་རུ་སུ་སོ་སོས་བོད་ཐོག་འཛིན་པའི་སྲིད་ཇུས་དང་སིམ་ལ་ཆིངས་ཡིག་གཉིས་ཀྱི་འབྲེལ་བ༽། བོད་མི་མང་སྤྱི་འཐུས་དང་ས་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼སིམ་ལའི་ཆིངས་ཡིག་ལས་བོད་རྒྱ་ས་མཚམས་སྐོར་ཇི་ལྟར་ཐག་གཅོད་བྱས་པ་དང་དེའི་རྒྱབ་ལྗོངས༽། སྐུ་ཞབས་ཁུ་ལོ་ཌི་ཨེར་ཕེ་ (Claude Arpi) ལགས་ནས་མེཀ་མོན་ཧན་ས་ཐིག་ (McMohan Line) ཅེས་པའི་ཐོག་གཏམ་བཤད་དང་དཔྱད་རྩོམ་སྒྲོགས་སྦྱང་།
ཉིན་གསུམ་པའི་བགྲོ་གླེང་ཐོག་ས་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་ ༼བོད་ཕྱི་མ་དང་ནང་མའི་ས་མཚམས་ཇི་ལྟར་ཕྱེ་བ༽། ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་རེ་མདོ་སེང་གེ་ལགས་ཀྱིས་༼རྒྱ་གར་དང་བོད་ཀྱི་ས་མཚམས་ཕྱེ་བ། མེཀ་མོན་ཧོན་ལན༽། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བསྟན་འཛིན་ནོར་རྒྱལ་ལགས་ཀྱིས་ ༼དབྱིན་ཡིག་ནང་འཁོད་པའི་སིམ་ལའི་ཆིངས་ཡིག་གི་སྐོར༽ཅེས་བརྗོད་བཞི་ཁག་གི་ཐད་གཏམ་བཤད་དང་དཔྱད་རྩོམ་སྒྲོགས་སྦྱང་བཅས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
ཚོགས་གཙོ་ལགས་རང་བཙན་ལབ་ཡ་ལ་ཅུང་ཞེད་ཀྱིན་པའི་ཚོར་བ་སྤྲད་ཡོང་གི་འདུག་ག