ལཱ་ཌེན་ཨ་མེ་རི་ཁའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་སུ་ལྷོ་ཨ་རིའི་རྒྱལ་ཁབ་ཁག་ནང་བོད་དོན་ཁྱབ་བསྒྲགས་ཀྱི་གནས་སྟངས་དང་། ལུང་པ་དེ་དག་ནང་བོད་དོན་ཐོག་ལྟ་སྟངས་གང་འདྲ་ཡོད་མེད་བཅས་ལ་བཅར་འདྲི་ཞུས།
དྲི་བ། ལཱ་ཌེན་ཨ་རིའི་འབྲེལ་མཐུད་པའི་ཕྱག་ལས་གཙོ་བོ་གང་ཡིན་པ་དང་། ད་ལྟའི་བར་ནུས་པ་ཅི་ཙམ་ཐོན་ཡོད་པ་རེད།
ལན། བྱང་ཨ་རི་དང་ཡུ་རོབ། ཨེ་ཤ་ཡ་སོགས་ཀྱི་ནང་དུས་ཡུན་རིང་པོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་བོད་པ་དང་འབྲེལ་བའི་ལས་ཀ་བྱེད་མཁན་མང་པོ་ཡོད་པ་རེད། ལྷག་པར་དུ་བོད་མི་མང་པོ་འདུས་སྡོད་བྱས་ཡོད་སྟབས། བོད་དོན་ཐོག་ལས་གཞི་འདྲ་མིན་སྔོན་མ་ནས་ཡོད་པ་རེད། ལཱ་ཌེན་ཨ་རི་ལྟ་བུ་ཡིན་ན། ས་ཆ་གསར་པ་དང་བོད་མི་འདུས་སྡོད་ཉུང་བ། གནས་ཡུལ་གྱི་ཐོག་ནས་ཀྱང་བོད་དང་བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་དང་རྒྱང་ཐག་རིང་པོ་རེད། ༡༩༩༥ ཙམ་ལ་གཞི་ནས་ལཱ་ཌེན་ཨ་རིའི་ནང་བོད་དོན་ལས་འགུལ་མགོ་འཛུགས་བྱས་པ་དང་། ༡༩༩༧ ལོར་ཨ་རིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྡུས་ཡོད་སྟབས། གྲོས་ཚོགས་ཀྱི་ཚོགས་མིའི་ནང་འཛུལ་ཞུགས་ཆེད། སྐབས་དེའི་ཕྱི་དྲིལ་བཀའ་བློན་བཀྲ་ཤིས་དབང་འདུས་ལགས་དང་ཨ་རིའི་དོན་གཅོད་རིན་ཆེན་ཐར་ལོ་ལགས་གཉིས་ལཱ་ཌེན་ཨ་རིའི་རྒྱལ་ཁབ་མང་པོ་ཞིག་ཏུ་ཆེད་ཕེབས་ཀྱིས་རྒྱལ་ཁབ་ཁག་གི་གཞུང་ལ་འབྲེལ་བ་གནང་ཡོད་པར་བརྟེན། ལཱ་ཌེན་ཨ་རིའི་ནང་བོད་དང་བོད་དོན་ཐོག་དོ་སྣང་བསླེབས་ཡོད་པ་མ་ཟད། བྱང་ཨ་རིའི་དོན་གཅོད་ཁང་ལ་འབྲེལ་མཐུད་བྱེད་མཁན་གྱི་མི་སྣ་ཞིག་ཆེད་བསྐོས་ དགོས་པའི་དགོངས་ཚུལ་བྱུང་བ་ལྟར། ༢༠༠༡ ལོའི་ལོ་མཇུག་ཏུ་ང་ལཱ་ཌེན་ཨ་རིའི་ནང་གི་འབྲེལ་མཐུད་པར་བསྐོ་བཞག་བྱས་ཏེ་ད་བར་ལོ་ ༡༣ ཙམ་འགྲོ་བཞིན་ཡོད་པ་རེད། ངའི་ལས་ཀ་དང་པོ་ལཱ་ཌེན་ཨ་རིའི་གཞུང་མང་གཉིས་ལ་འབྲེལ་བ་བྱེད་རྒྱུ་དེ་རེད། འབྲེལ་བ་བྱེད་པར་ཐོག་མར་བོད་སྐོར་གྱི་གནས་ཚུལ་གང་མང་མང་ཁྱབ་བསྒྲགས་བྱེད་མ་ ཐུབ་ན། ཁོང་ཚོར་འབྲེལ་བ་འཛུགས་ཐུབ་ཀྱི་མེད་སྟབས་ ༢༠༠༢ ནས་མགོ་བཙུགས་ཏེ་ལཱ་ཌེན་ཨ་རིའི་གཞུང་དམངས་གཉིས་ལ་བོད་དོན་སྐོར་གྱི་གནས་ཚུལ་གང་མང་མཁོ་སྤྲོད་བྱས་པ་རེད། སྤྱིར་བཏང་བོད་ཀྱི་ནང་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡིན་པ་སོགས་ཀྱི་གནས་ཚུལ་རོབ་ཙམ་ཁོ་ཚོས་ཤེས་ཀྱི་ཡོད་ཀྱང་། དོན་དམ་པའི་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་ཤེས་ཀྱི་མེད་སྟབས། ཟླ་གསུམ་རེའི་ནང་སི་པེན་སྐད་ཡིག་ཐོག་ཡོད་པའི་བོད་དོན་སྐོར་གྱི་དུས་དེབ་ཅིག་བཏོན་ཏེ། ཝ་ཤིན་ཊོན་དུ་ཡོད་པའི་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་། ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཁག་གི་གཞུང་ཚབ། དེ་བཞིན་ནེའུ་ཡོག་ནང་ཡོད་པའི་ལཱ་ཌེན་ཨ་རིའི་གཞུང་ཚབ་ཁག ཕྱི་སྲིད་ལས་ཁུངས་ཁག ལཱ་ཌེན་ཨ་རིའི་མཐོ་སློབ་ཆེ་ཁག་གི་དཔེ་མཛོད་ཁང་། དེ་བཞིན། ཤེས་ཡོན་པ་དང་ཆོས་ལུགས་མི་སྣ། བོད་དོན་རྒྱབ་སྐྱོར་བ་བཅས་ལ་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན།
ཡིན་ནའང་། དུས་དེབ་དེ་ཟླ་གསུམ་རེའི་ནང་མ་གཏོགས་འདོན་གྱི་མེད་སྟབས། གློག་འཕྲིན་ཁ་བྱང་གང་ཐུབ་ཐུབ་བསགས་ཏེ། བོད་ནང་དང་བཙན་བྱོལ་ནང་གི་འཕོ་འགྱུར་གནས་ཚུལ་རིགས་བདུན་ཕྲག་རེར་ཉུང་མཐར་ཐེངས་གཉིས་གསུམ་ལ་གློག་འཕྲིན་ནང་བསྐུར་བ་དང་། ད་ལྟའི་ཆར་ངོ་དེབ་སོགས་མང་པོ་དར་ཡོང་དུས་དེ་ཚོ་བརྒྱུད་ནས་བོད་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་པར་ཤུགས་རྒྱག་གི་ཡོད། དེ་ནས་ལས་འགན་གཉིས་པ་དེ་སྐྱབས་མགོན་རིན་པོ་ཆེའི་ཆིབས་བསྒྱུར་རེད། ལཱ་ཌེན་ཨ་རིའི་ནང་ཆིབས་བསྒྱུར་ཐོག་མ་དེ་ ༡༩༨༩ ལོར་མེག་སི་ཀོ་དང་ཁོ་སུ་ཊར་(Costa)ལ་བསྐྱངས་ཡོད་པ་རེད། དེ་ནས་བྷིལ་ཟིལ་དང་ཨར་ཇན་ཊི་ནཱ(Argentina)། ཆི་ལི་(Chile)གསུམ་ལ་ ༡༩༩༢ དང་ ༡༩༩༩ ལོར་ཆིབས་བསྒྱུར་གནང་ཡོད་པ་དང་། སྐབས་དེར་སྲིད་འཛིན་དང་ཡེ་ཤུ་བླ་ཆེན། བོད་དོན་དོ་སྣང་ཅན་གྱི་མི་སྣ་ཁག་བཅས་ལ་མཇལ་འཕྲད་དང་བཀའ་སློབ་གནང་བ་མ་གཏོགས་མི་མང་ནང་མཛད་འཕྲིན་གཞི་རྒྱ་ཆེན་པོ་དེ་འདྲ་བསྐྱངས་ཡོད་པ་མ་རེད། ཡིན་ནའང་། ༢༠༠༤ ལོ་ནས་བཟུང་གནད་ཡོད་མི་སྣ་དང་མཐོ་སློབ་ཁག་སོགས་སུ་འབྲེལ་བ་ཤུགས་ཆེ་རུ་བཏང་སྟེ། ད་ལྟའི་ཆར་མཛད་པ་འཕྲིན་ལས་ཀྱི་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཆགས་ཡོད་པ་རེད། ལས་འགན་གསུམ་པ་དེ་བོད་དོན་རྒྱབ་སྐྱོར་རག་ཐབས་ལ་ལས་ཀ་བྱེད་དགོས་སྟབས། བོད་དོན་དང་ནང་ཆོས་ཐོག་ཅུང་ཙམ་དོ་སྣང་ཡོད་པ་དང་། མཐོ་རིམ་སློབ་གྲྭ་ཁག་ལའང་འབྲེལ་བ་ཡོད་པའི་གཞོན་སྐྱེས་ཚོ་གསོ་སྐྱོང་བྱས་ཏེ། ཁོ་ཚོ་བརྒྱུད་ནས་མི་མང་ཁྲོད་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱེད་བཞིན་ཡོད། གཞན། ང་ཚོའི་གོ་སྒྲིག་འོག་བོད་ནང་གི་གནས་ཚུལ་དངོས་སུ་མཐོང་ཕྱིར་ཆོས་ཚོགས་དང་མེག་སི་ཀོ་བོད་ཁང་བརྒྱུད་དེ། ཕྱི་ལོ་ ༢༠༠༦ ཙམ་ནས་བཟུང་ལོ་ལྟར་བོད་དོན་ཐོག་དོ་སྣང་ཡོད་པའི་ཤེས་ཡོན་པ་ཚོ་བོད་ནང་དུ་གཏོང་གི་ཡོད་པ་དང་། གལ་སྲིད་བོད་ནང་དུ་འགྲོ་མ་ཐུབ་པ་ཡིན་ན། དྷ་རམ་ས་ལར་ཡོང་སྟེ་བོད་མིའི་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་གི་ཡོད་པ་རེད།
དྲི་བ། ད་ལྟའི་ཆར་ལཱ་ཌེན་ཨ་རིའི་ནང་བོད་མི་ག་ཚོད་ཡོད་པ་དང་ཁོ་ཚོའི་གནས་སྟངས་ག་འདྲ་འདུག
ལན། རྒྱ་བལ་འབྲུག་གསུམ་ནས་ཡོང་བའི་བོད་མི་སྐྱབས་བཅོལ་བ་ཧ་ཅང་ཉུང་ཉུང་རེད། དཔེར་ན་མེག་སི་ཀོ་དང་བྷིལ་ཟིལ། ཨར་ཇིན་ཊི་ནཱ། ཁི་ལིན་བྷི་ཡ(Colombia)། ཆི་ལི་སོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཅིག་ནང་བོད་པའི་གྲྭ་བ་དང་ལྷ་བྲིས་བ། སྨན་པ་སོགས་ཁ་ཤས་ཤིག་ལས་ཡོད་པ་མ་རེད། དེ་ནས་སློབ་གྲྭ་ཁག་ཅིག་ཏུ་རྒྱ་ནག་ནས་ཐད་ཀར་ཡོང་བའི་བོད་རིགས་སློབ་མ་གང་འཚམ་ཡོད་པ་རེད།
དྲི་བ། ལཱ་ཌེན་ཨ་རི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་སྟངས་ག་འདྲ་འདུག
ལན། འདས་པའི་གནས་ཚུལ་ལ་ཕྱིར་བལྟས་བྱས་པ་ཡིན་ན། ༡༩༥༩ ལོར་བོད་རང་བཙན་ཤོར་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་དང་པོ་བྱུང་སྐབས། གླེང་སློང་ཐོག་མ་བྱེད་མཁན་དེ་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཨལ་སར་ཝ་ཌོ་(El Salvador)ཟེར་བའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གྲོས་ཆོད་འཇོག་པར་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་དང་། དེ་ནས་བཟུང་བོད་དོན་གླེང་སློང་རིམ་པར་བྱུང་ཡོད་པ་རེད། དེ་ཚོ་ཕྱོགས་གཅིག་ནས་སྐབས་དེར་ཨ་རི་གཙོས་པའི་ལཱ་ཌེན་ཨ་རི་དང་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་དམར་པོའི་རིང་ལུགས་ལ་མ་དགའ་བའི་རྐྱེན་གྱིས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཆགས་འདུག ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ཚོགས་ཆེན་ཁག་ཐོག བོད་དོན་གྲོས་ཆོད་འཇོག་པའི་ཐབས་ཤེས་བྱེད་སྐབས། ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཚོས་ ༡༩༩༠ ལོའི་ལོ་མཇུག་བར་རྒྱབ་སྐྱོར་བྱས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་ཕྱིན་ཏེ་འཛམ་གླིང་གི་ཚོང་འབྲེལ་ལྷན་ཚོགས་ནང་གི་ཚོགས་མི་ཆགས་རྗེས། ལཱ་ཌེན་ཨ་རིའི་བོད་དོན་ལྟ་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་བོད་དོན་གྲོས་ཆོད་འཇོག་སྐབས་བར་གནས་ཀྱི་སྲིད་བྱུས་བཟུང་བ་རེད།
དྲི་བ། ཨ་ཌེན་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གཞུང་དང་རྒྱ་རིགས་ཚོའི་ཤུགས་རྐྱེན་གང་འདྲ་འདུག
ལན། ལོ་རེ་ནས་ལོ་རེ་བཞིན་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ་ཧ་ཅང་མངོན་གསལ་དོད་པོ་རེད། རྒྱ་ནག་ཚོང་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ནང་ཞུགས་པ་ནས་བཟུང་འཛམ་གླིང་ཐོག་ཚོང་འབྲེལ་རྒྱ་སྐྱེད་བཏང་ཡོད་པ་དང་། ལྷག་པར་དུ་ལཱ་ཌེན་ཨ་རི་ལྟ་བུར་མཚོན་ན་ཚོང་འབྲེལ་གྱི་གཞི་རྩ་གཉིས་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་གཏོང་ཆེད་རྒྱ་ནག་ལ་རང་བྱུང་གི་གཏེར་ཁ་དགོས་མཁོ་ཆེ་སྟབས། གཅིག་ནས་ལཱ་ཌེན་ཨ་རིའི་ནང་གི་ཕེ་རོའི་(Peru)ཡི་ལྕགས་དང་ཆི་ལིའི་ཟངས། ཝན་ཟོ་ལཱ་(Venezuela)དང་བྷིལ་ཟིལ་གྱི་རྡོ་སྣུམ་སོགས་ཀྱི་ཚོང་འབྲེལ་ཤུགས་ཆེན་པོ་ཡོད་པ་དང་། གཉིས་ནས་རྒྱ་ནག་གི་གྲོང་གསེབ་པ་མང་པོ་གྲོང་ཁྱེར་དུ་གནས་སྤོར་བཞིན་པའི་རྐྱེན་གྱིས། རྒྱ་ནག་རྒྱལ་ཡོངས་ནང་འབྲུ་རིགས་སོགས་བཟའ་ཆས་ཐོན་ཁུངས་ཉུང་དུ་ཕྱིན་སྟབས། ཕྱི་ལོགས་ནས་ནང་འདྲེན་མང་པོ་བྱེད་དགོས་ཁེལ་གྱི་ཡོད་པ་རེད། དཔེར་ན། བྷིལ་ཟིལ་དང་ཨར་ཇིན་ཊི་ནཱ་ནས་མ་རྨོས་ལོ་ཏོག་སོགས་བཟའ་ཆས་རིགས་རྒྱ་ནག་ཏུ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་རེད། གང་ལྟར་རྒྱ་ནག་དང་ལཱ་ཌེན་ཨ་རིའི་བར་ཚོང་ལས་འབྲེལ་བ་ཤུགས་ཆེན་པོ་བྱུང་ སྐབས་རང་བཞིན་གྱིས་བོད་དོན་ཐོག་དོ་ཕོག་ཕྱིན་ཡོད་པ་རེད། ལཱ་ཌེན་ཨ་རིའི་རྒྱལ་ཁབ་ ༣༣ ནང་ནས་རྒྱལ་ཁབ་ ༢༡ རྒྱ་ནག་དང་ཐད་ཀར་ཚོང་ལས་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ ༡༢ ཐའེ་ཝན་ལ་ཚོང་འབྲེལ་ཡོད་པ་རེད།
དྲི་བ། ལཱ་ཌེན་ཨ་མེ་རི་ཁུལ་གྱི་རྒྱ་རིགས་དེ་ཚོ་བོད་དང་བོད་དོན་ཐོག་ལྟ་སྟངས་ག་འདྲ་འདུག
ལན། ད་སྔ་ས་གནས་ཀྱི་རྒྱ་རིགས་དེ་ཚོ་དང་ང་ཚོའི་བར་འབྲེལ་བ་ཐད་ཀར་བྱུང་ཡོད་པ་མ་རེད། རྒྱ་རིགས་དེ་ཚོས་ནམ་རྒྱུན་༧གོང་ས་མཆོག་ཡུལ་དེའི་ནང་གདན་ཞུ་དང་། གནད་ཡོད་མི་སྣས་མཇལ་འཕྲད་བྱས་ན་འགྲིག་གི་མ་རེད་ཟེར་བ་དང་། མཐོ་རིམ་སློབ་གྲྭ་ཁག་ནས་༧གོང་ས་མཆོག་གདན་འདྲེན་ཞུ་སྐབས་གནོན་ཤུགས་སྤྲོད་པ་ཧ་ལམ་རྒྱུན་ལྡན་ལྟ་བུ་རེད། ལྷག་པར་དུ་བར་སྐབས་ནས་ལཱ་ཌེན་ཨ་རིའི་ནང་རྒྱ་གཞུང་གིས་གཞུང་འབྲེལ་ལྟ་སྐོར་ཚོགས་པ་ཆེད་གཏོང་གིས། ང་ཚོར་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭ་ཚང་མའི་ནང་སྐོར་སྐྱོད་དང་གཏམ་བཤད་སོགས་བྱེད་ཀྱི་ཡོད་པ་མ་ཟད། མ་འོངས་པར་ལས་གཞི་དེ་ཚོ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་ཧ་ཅང་མངོན་གསལ་དོད་པོ་རེད།
དྲི་བ། སྐུ་ཉིད་ཀྱིས་འབྲེལ་མཐུད་པའི་ཕྱག་ལས་གནང་སྟེ་ལོ་ངོ་བཅུ་གྲངས་ཕྱིན་པའི་རིང་དཀའ་ངལ་ཆེན་པོ་འཕྲད་པ་དང་དགའ་སྤོབས་སྐྱེ་དགོས་པ་གང་དག་བྱུང་ཡོད་སོང་།
ལན། ང་ཚོས་ཁ་གཏད་གཅོག་ས་དེ་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་ཐོག་སྟོབས་ཆེན་པོ་ཞེ་དྲག་རེད། ཡིན་ནའང་། ང་ཚོའི་ངོས་ནས་མུ་མཐུད་འཐབ་བརྩོད་བྱེད་དགོས་པ་རེད། མཚམས་རེར་སྤོབས་པ་ཞུམ་པའི་གནས་ཚུལ་དེ་འདྲ་འབྱུང་སྲིད་ཀྱང་། བོད་མི་ཞིག་དང་༧གོང་ས་མཆོག་གི་སྐུ་ཚབ་ཅིག་ཡིན་བསམ་ནས་མི་མང་པོ་ལ་འབྲེལ་འདྲིས་བྱེད་སྐབས། འཕྲད་མ་ཐག་ནས་ཉེ་བོ་དང་ཡ་བྱེད་མཁན་ཞིག་ཡོད་དུས། སོ་སོའི་སེམས་ལ་བོད་དོན་ཆེད་ལས་ཀ་བྱས་པ་ཡིན་ན་བྱེད་སའི་ཁོར་ཡུག་ཅིག་འདུག་ཀ་བསམ་པའི་ཚོར་བ་ཡོང་གི་འདུག ལཱ་ཌེན་ཨ་རིའི་ནང་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་མང་པོ་རེད། ལྷག་པར་དུ་གཞུང་གི་གནད་ཡོད་མི་སྣ་དང་ཤེས་ཡོན་པའི་ནང་དུ་༧གོང་ས་མཆོག་གི་ཕྱག་དེབ་ཀློག་མཁན་ཕོན་ཆེན་པོ་རེད། ཆབ་སྲིད་ཀྱི་ཐོག་ནས་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཁག་གིས་བོད་དོན་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། སེམས་གཏིང་ནས་བོད་དོན་དང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་རེད།
དྲི་བ། སྐུ་ཉིད་ཀྱི་འདས་པའི་ཉམས་མྱོང་བརྒྱུད་མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྐུ་ཚབ་དོན་གཅོད་ཁག་གིས། བོད་དོན་རྒྱབ་སྐྱོར་རག་ཐུབ་ལ་འཆར་གཞི་གསར་པ་གང་འདྲ་འཚོལ་དགོས་ཀྱི་འདུག
ལན། ང་ཚོ་བོད་པ་ཚོས་དོན་དག་གཉིས་ཀྱི་ཐོག་བསམ་བློ་གསལ་བོ་གཏོང་དགོས་པ་རེད་བསམ་གྱི་འདུག རྒྱ་ནག་གི་གནས་སྟངས་ཐོག་ཞིབ་ཚགས་ཀྱིས་བལྟ་མི་ཐུབ་ཀྱང་། ཕྱོགས་ཡོངས་ནས་རྒྱ་ནག་གི་གནས་སྟངས་ག་འདྲ་ཞིག་ལ་འགྱུར་བ་འགྲོ་ཡི་འདུག མ་འོངས་པར་ག་འདྲ་ཆགས་མིན་སོགས་ལ་བལྟ་རྒྱུ་དང་། དེ་བཞིན། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ག་རེ་འགྲོ་ཡི་འདུག དེ་དང་བསྟུན་ནས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་འགྱུར་བ་ག་རེ་འགྲོ་མིན་སོགས་ལ་ཉམས་ཞིབ་གནང་སྟེ། གཞུང་དང་ཚོགས་པ་སྒྲིག་འཛུགས། མི་སྒེར་བཅས་ཀྱིས་ཕྱི་རྒྱལ་གྱི་གཞུང་དང་ཚོགས་སྡེ་ཁག མི་སྒེར་གྱི་ངོ་ཤེས་སོགས་ལ་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་པོར་མཐོང་གི་འདུག
གསར་འགོད་པ། པདྨ་མཚོ།
སྐུ་ངོ་འདིས་སྐད་ཆ་ཧ་ཅང་དྲང་མོ་དྲང་བཞག་གིས་བཤད་འདུག ང་ཚོས་རྒྱ་ནག་གིས་འཇོན་གི་མེད་མདོག་མདོག་དང་། བོད་པ་ཚོས་ཞེ་དྲག་ཅིག་བྱེད་ཀྱི་ཡོད་མདོག་མདོག་བཤད་དེ་རང་མགོ་རང་གིས་བསྐོར་ནས་ཁུངས་འཁྱོལ་གི་མ་རེད་ལ། ཕན་ཐོགས་ཀྱང་ཡོད་པ་མ་རེད། གནས་སྟངས་གང་ཡིན་པ་དེ་དྲང་མོར་བཤད་དགོས་པ་རེད།