ཟླ་འདིའི་ཚེས་ ༨ ཉིན་གྱི་དགོང་མོར་ཐའེ་ཝན་གནོད་ཐེབས་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་པའི་དགེ་འདུན་པ་ཚོས་བསྔོ་སྨོན་ཆོས་སྦྱིན་གནང་ཡོད་འདུག
གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༡ ཉིན་ཐའེ་ཝན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཀའོ་བཤོང་དུ་རླངས་རྫས་འབར་གས་དོན་རྐྱེན་ཁྲོད་མི་མང་པོར་ཤི་རྨས་ཐེབས་པར། ཟླ་འདིའི་ཚེས་ ༨ ཉིན་དགོང་མོར་ས་སྐྱ་གདོང་སྲས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཐའེ་ཝན་རྒྱལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་པའི་དགེ་འདུན་པ་ ༢༠༠ ལྷག་མཉམ་ཞུགས་ཐོག ས་གནས་དེ་རང་ལ་བསྔོ་སྨོན་མཆོད་འབུལ་དང་། མང་ཚོགས་ལ་ཆོས་སྦྱིན་དང་ཐུགས་སོའི་གསུང་བཤད་སོགས་གནང་ཡོད་འདུག
སྐབས་དེར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་མཆོག་གིས་ཐེངས་འདིའི་གནོད་འཚེ་ཐད་༧གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་དང་། ཁྲ་འགུ་རིན་པོ་ཆེའི་ཆོས་ཚོགས་ཀྱི་ཚོགས་གཙོས་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་ཁྲ་འགུ་རིན་པོ་ཆེ་གཉིས་ཀྱི་ཚབ་བྱས་ཏེ་གནོད་ཐེབས་མང་ཚོགས་ལ་འཚམ་འདྲི། སི་ཏུ་རིན་པོ་ཆེ་མཆོག་གིས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་བཅས་གནང་ཡོད་འདུག དེ་བཞིན། ས་སྐྱ་གདུང་སྲས་རིན་པོ་ཆེ་མཆོག་གིས་དབྱིན་བོད་གཉིས་ཐོག་མི་མང་ལ་གསུང་བཤད་གནང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་མཁན་པོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་དོན། “འདི་ནི་༧གོང་ས་མཆོག་ཕེབས་སྐབས་ལས་གཞན་དུ་ཐའེ་ཝན་དུ་བོད་བརྒྱུད་དགེ་འདུན་པ་མཉམ་ཞུགས་གནང་བ་ཆེས་མང་ཤོས་ཆགས་ཡོད་པར་མ་ཟད། བོད་བརྒྱུད་ནང་པའི་དགེ་འདུན་པས་ས་གནས་འདིར་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཐོག་རང་འདུན་པའི་ངོ་བོ་ཁོ་ནས་འདུ་འཛོམས་གནང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད” ཅེས་དང་། ཁོས་མུ་མཐུད་དུ་ངོ་སྤྲོད་གནང་དོན ” སྐབས་འདིའི་ལས་འགུལ་ནང་ས་དགེ་བཀའ་རྙིང་རིས་མེད་དང་། ས་བབས་ཀྱི་ཆ་ནས། ལྷོ་བྱང་དབུས་གསུམ་གྱི་གྲོང་ཁྱེར་ཁག་ཡོངས་རྫོགས་སུ་བཞུགས་པ། ཡོང་ཁོངས་ཀྱི་ཆ་ནས། བོད་དང་རྒྱ་གར། འབྲུག བལ་ཡུལ་སོགས་ཀྱི་དགེ་འདུན་པ། སྡེ་ཚན་གྱི་ཆ་ནས། ཆོས་ཕྱོགས་ཀྱི་དགེ་འདུན་པ་དང་། ས་གནས་ཐའེ་ཝན་མི་མང་། ས་གནས་བོད་རིགས་བཅས་ཡོངས་རྫོགས་མཉམ་བཞུགས་གནང་བའི་ལོ་རྒྱུས་དོན་སྙིང་ལྡན་པའི་འདུ་འཛོམས་ཤིག་ཆགས་ཡོད་པར་མ་ཟད། མཐུན་སྒྲིལ་དང་མཉམ་ལས་ཀྱི་ནུས་ཤུགས་ལ་ཡིད་ཆེད་སྦྱིན་ཞིང་། འབྱུང་འགྱུར་ལ་རེ་བ་གསར་པ་སྐྲུན་བྱེད་ཀྱི་འདུ་འཛོམས་ཤིག་ཀྱང་བྱུང་སོང་སྙམ་པའི་ཚོར་སྣང་མི་མང་པོར་བྱུང་འདུག་ལ། ས་གནས་མི་མང་གཙོ་བོར་གྱུར་པའི་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་སློབ་མ་དང་སྤྱིར་བཏང་གི་མི་མང་པོ་ཞིག་ལ་ཡང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་དང་། བོད་ཕྱི་ནང་དང་ཐའེ་ཝན་གྱི་དྲ་དམངས་དག་གིས་ཀྱང་བསྔགས་བརྗོད་ཆེན་པོ་གནང་ཡོད” ཅེས་སོགས་འཁོད་འདུག
ཟླ་འདིའི་ཚེས་ ༤ ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་མཆོག་གིས་སྣེ་འཁྲིད་དེ་བོད་པའི་མཁན་སྤྲུལ་དགེ་བཤེས་སྐོར་ཞིག་གནོད་ཐེབས་ཡུལ་དངོས་སུ་བསྐྱོད་དེ་མི་མང་ལ་སེམས་གསོ་དང་། དུར་མཆོད་འབུལ་ཡུལ་དུ་བསྔོ་སྨོན་བཅས་གནང་ཡོད་པ་མ་ཟད། ཐའེ་ཝན་རྒྱལ་ཡོངས་བརྙན་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་དུ་༧གོང་ས་མཆོག་གིས་གནོད་ཐེབས་མི་མང་ལ་བཀའ་སློབ་གནང་བ་ཁྱབ་སྤེལ་བཅས་གནང་ཡོད་འདུག