ལུགས་ཤིག་ཡོད་པས་ཆོག་ན་རང་ལུགས་བཞག་པའི་དགོས་པ་མེད་དེ་གཞན་ལུགས་དེ་ཡང་ལུགས་ཤིག་ལས་མ་འདས་པའི་ཕྱིར་རོ།།
སྐྱིད་བྱམས་བསྟན་འཛིན་དགའ་བ།
དུས་རབས་བཅུ་གཅིག་པའི་མགོ་སྟོད་ནང་དུས་འཁོར་ཐོག་མར་བོད་ལ་བསྒྱུར་བ་ནས་བཟུང་སྟེ་དུས་ད་ལྟ་ལ་ཐུག་གི་བར་མི་ལོ་དགུ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་ཅིང་། དུས་ཡུན་དེ་དག་གི་རིང་དུས་འཁོར་གྱི་བསྟན་པ་འདི་བོད་ཡུལ་དུ་ས་དར་རྡོ་དར་དུ་ཁྱབ་སྤེལ་བྱུང་བ་དང་དུས་མཚུངས་སུ། དུས་ཀྱི་འཁོར་ལོའི་གཞི་ལམ་འབྲས་གསུམ་གྱི་གནད་ཡོངས་སུ་ཚང་བའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་འདི་ཡང་སྒོ་སྟེང་སོགས་སུ་འགེལ་འཇོག་གི་སྲོལ་འདི་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད། ཁྱད་པར་དུ་དེང་གི་དུས་སུ་བོད་ཀྱི་ན་གཞོན་མང་པོའི་སྟོད་གོས་དང་ཞྭ་མོ་སོགས་གྱོན་ཆས་ཀྱི་སྟེང་དུ་ཡང་རྣམ་བཅུ་དབང་ལྡན་དཔར་བ་དང་འབྲི་བ། སྐེ་ལའང་རྣམ་བཅུ་དབང་ལྡན་གྱི་གའུ་འདོགས་པ། རྣམ་བཅུ་དབང་ལྡན་གྱི་རྒྱན་རིས་ལྡན་པའི་ལག་གདུབ་དང་མཛུབ་དཀྲིས་བཟོ་བ་སོགས་བར་ཆད་ཞི་སྲུང་གི་བྱིན་མཐུའི་འདུ་ཤེས་འཛིན་ཚུལ་ཙམ་ལས་འདས་ཏེ། སྒྱུ་རྩལ་མཛེས་ཆོས་ཀྱི་ངོ་བོའི་སྟེང་ནས་ཀྱང་ཉིན་རེ་ལས་ཉིན་རེར་དར་ཁྱབ་ཇེ་ཆེར་གྱུར་དང་འགྱུར་བཞིན་ཡོད།
འོན་ཀྱང་རྨོངས་དད་དང་མཛེས་ཆོས་ཁོ་ནའི་རྗེས་འགྲོ་མི་བྱེད་པའི་སྐྱེ་བོ་དག་ལ་མཚོན་ན་རྣམ་བཅུ་དབང་ལྡན་གྱི་གཟུགས་བརྙན་རེ་རེའི་སྟེང་གི་མཚོན་དོན་དང་། དེའི་འབྲི་སྲོལ་མི་འདྲ་བ་ཡོད་པ་དེ་དག་ལས་གང་ཞིག་ཁུངས་དང་ལྡན་པ་ཡིན་ནམ་སྙམ་དུ་དྲི་བ་འདི་ངང་གིས་འཁོར་སྲིད་པ་ཞིག་རེད། དེས་ན་འདིར་དེ་ལྟ་བུའི་དོགས་པ་དེ་རྐང་དུ་བཟུང་སྟེ་གང་ཞིག་འགྲིག་མིན་ལ་གཙོ་བོར་མི་དཔྱོད་པར་གང་ཞིག་ཁུངས་དང་ལྡན་མིན་ལ་གཙོ་བོར་དཔྱོད་པའི་ཕྱིར་ན་ཁུངས་དང་ལྡན་པ་དེས་ཡང་དག་པ་ཉིད་དུ་ཡང་ཤུགས་ཀྱིས་བསྒྲུབ་ཐུབ་པའི་ཕྱིར་རོ། ། དེ་ཡང་སྤྱིར་རྣམ་བཅུ་དབང་ལྡན་ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་སྔགས་ཡིག་ཧཀྵ་མ་ལ་ཝ་ར་ཡ་བཅས་ཡི་གེ་བདུན་དང་། ཡིག་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ཎཱ་ད་དང་བཅས་པའི་ཡི་གེ་བརྩེགས་མའི་ཡིག་སྲོལ་ཐུན་མོང་མ་ཡིན་པའི་འབྲི་སྟངས་ཤིག་ཡིན། དེ་དག་གི་མཚོན་དོན་སོགས་ནི་ཁོ་བོས་གཞན་དུ་ཞིབ་པར་བཤད་ཟིན་ན་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་ཤིང་། ཡི་གེ་དེ་དག་ལས་སྔ་མ་རྣམས་ཀྱི་ཁ་དོག་དང་མཚོན་དོན་སོགས་ལ་མི་འདྲ་བའི་ཁྱད་པར་དེ་ཙམ་མ་མཆིས་རུང་། ཡི་གེ་ཕྱི་མ་རྣམ་བཅད་དང་ཐིག་ལེ་གཉིས་ཀྱི་ཁ་དོག་ཐད་འབྲི་སྲོལ་མི་མཐུན་པ་ཆེན་པོ་ཡོད།
ཡི་གེ་དེ་གཉིས་ཀྱི་ཁ་དོག་ཐད་སྔོན་གྱི་འབྲི་སྲོལ་འགའ་ཞིག་ཏུ་རྣམ་བཅད་དཀར་པོ་དང་། ཐིག་ལེ་དམར་པོར་བྲིས་ཡོད་ལ་དེར་འགྲེལ་བཤད་རྒྱག་སྟངས་ཀྱང་མི་འདྲ་བ་ཡོད། དེ་ལྟ་བུའི་འབྲི་སྲོལ་དེ་འགྲིག་མིན་ཇི་ལྟར་ཡང་། འགྲེལ་ཆེན་དྲི་མེད་འོད་སོགས་ཀྱི་དགོངས་པ་མིན་ཞེས་ཁོ་བོས་སྨྲ་བར་འདོད་དེ། བསྟན་འགྱུར་རྒྱུད་ཐ་པའི་འགྲེལ་ཆེན་དྲི་མེད་འོད་ཀྱི་ཁམས་ཀྱི་ལེའུ་ནང་།[1] ཧ་ཡིག་ལས་རྣམ་པར་བཅད་པ་ཉི་མ་དང་། ཐིག་ལེ་ཟླ་བ་ཞེས་གསལ་བ་མ་ཟད། སྐྱེ་གནས་བཤད་པའི་སྐབས་སུ་ཡང་ཟླ་བ་ལས་ཐིག་ལེ། ཉི་མ་ལས་རྣམ་པར་བཅད་པའོ་ཞེས་གསུངས་ཡོད།
དེ་ཙམ་དུ་མ་ཟད་ཡི་གེ་དེ་གཉིས་ཀྱི་གཟུགས་དབྱིབས་ཀྱི་རྣམ་པ་ཇི་ལྟར་ཡོད་མེད་སྐོར་ལ་ཡང་འདི་ལྟར་གསུངས་ཏེ། རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པའོ། །ཐིག་ལེ་ཟླུམ་པོའོ། །ཡེ་ཤེས་རྩེ་མོའི་རྣམ་པའོ་ཞེས་ཡི་གེ་དེ་དག་གི་གཟུགས་དབྱིབས་ཇི་ལྟར་ཡིན་མིན་ཡང་གསུངས་ཡོད། གནད་དོན་འདིའི་ཐོག་ནས་གསལ་བཤད་གང་བྱས་ཡོད་དམ་ཞེ་ན། འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་ པ་དེ་རྣམ་བཅད་ཀྱི་ཁ་དོག་དམར་པོ་དང་། ཐིག་ལེའི་ཁ་དོག་དཀར་པོ་ཡིན་པ་མ་ཟད། དེ་དག་གི་གཟུགས་དབྱིབས་ཀྱང་རྣམ་བཅད་ཟླ་བ་ཕྱེད་པའི་རྣམ་པ་དང་། ཐིག་ལེའི་གཟུགས་དབྱིབས་དེ་ཟླུམ་པོ་ཡིན་པ་དེ་རེད། དེ་བས་ན་གོང་གི་འབྲི་སྲོལ་དེ་འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་མིན་པ་དེ་མདང་སྐྱེས་བྱིས་པས་ཀྱང་རྟོགས་སླ་པ་ཞིག་རེད།
འགྲེལ་ཆེན་དྲི་མེད་འོད་དང་བསྡུས་རྒྱུད། རྩ་རྒྱུད་དང་བཅས་པ་ནི་༸སྟོན་པའི་གསུང་ཉིད་དུ་འདོད་ལ། ཕྱིས་སུ་དུས་འཁོར་ལ་མཁས་པའི་རྒྱ་བོད་ཀྱི་མཁས་པ་དུ་མ་ཞིག་བྱོན་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དུས་འཁོར་གྱི་རྩ་བའི་ཁུངས་གཏུགས་ས་དེ་གོང་ཞུས་ཀྱི་གཞུང་དེ་དག་ལས་གཞན་དུ་མེད་ཅིང་། གཞུང་དེ་དག་གི་ནང་དངོས་སུ་ཚིག་ཟིན་ལ་གསལ་ཡོད་ན་དེ་ལྟར་དང་མ་གསལ་ཡང་དོན་གྱི་དགོངས་པ་ཇི་ཡིན་ནི་ཕྱིས་བྱུང་གི་ཚད་མའི་སྐྱེས་བུ་གཞན་གྱིས་བཀྲལ་བ་ལ་བརྟེན་དགོས་ཤིང་། དེ་ནི་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པའི་སྐབས་མདོ་སྡེའི་དགོངས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཀྲལ་བའི་གཞུང་ལུགས་ལ་བརྟེན་ནས་མདོ་དེ་དང་དེའི་དགོངས་པ་རྟོགས་པར་བྱེད་དགོས་པ་དང་སྒོ་ཀུན་ནས་མཚུངས་པ་ཞིག་ཡིན།
དེས་ན་འདིར་དཔྱད་པ་བྱ་བ་དེ་དག་ནི་འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་དངོས་སུ་ཚིག་ཟིན་ལ་གསལ་བའི་ཕྱིར་ན་ཕྱིས་བྱུང་གི་བསྟན་བཅོས་གཞན་ནང་ཇི་ལྟར་གསལ་མིན་ལ་གཙོ་བོར་ལྟོས་མི་དགོས་རུང་། ཚིག་ཟིན་ལ་གསལ་བ་ལྟར་དོན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་ཡོད་པ་ཤེས་ཕྱིར་ཕྱིས་བྱུང་གི་ཚད་མའི་སྐྱེས་བུ་གཞན་གྱི་གསུང་ལ་ཡང་ལྟ་དགོས་པ་གལ་ཆེར་མཐོང་བས། གཤམ་དུ་ང་ཚོས་ཚིག་ཟིན་ལ་དེ་ལྟར་བསྟན་ཡོད་པ་ལྟར། དོན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་མིན་ཕྱིས་བྱུང་གི་ཚད་མའི་བསྟན་བཅོས་གཞན་ལ་ལྟ་བར་བྱ་སྟེ། དེ་ཡང་བུ་སྟོན་རིན་པོ་ཆེས་གོང་གི་ཚིག་ཟིན་དེའི་ཐད། རྣམ་པར་བཅད་པ་ཕྱིར་ཉི་མ་དང་ནང་དུ་རྡུལ་ལོ། །རྗེས་སུ་ང་རོ་ཕྱིར་ཟླ་བ་དང་ནང་དུ་ཁུ་བའོ་[2]ཞེས་གསུངས་པ་ལས་རྣམ་བཅད་ཀྱིས་ཕྱི་རོལ་གྱི་ཉི་མ་དང་། ནང་རྡོ་རྗེ་ལུས་ཀྱི་རྡུལ་མཚོན་ཞིང་། ཐིག་ལེའམ་རྗེས་སུ་ང་རོས་ཕྱི་རོལ་གྱི་ཟླ་བ་དང་། ནང་རྡོ་རྗེའི་ལུས་ཀྱི་ཁུ་བ་མཚོན་པར་གསུངས་ཡོད།
དེ་བཞིན་དུ་མཁས་གྲུབ་རིན་པོ་ཆེས་ཀྱང་ཉི་མ་དང་རྡུལ་མཚོན་པར་བྱེད་པའི་རྣམ་པར་བཅད་པ་ཚེག་དྲག་བྲི་བར་བྱའོ། །ཟླ་བ་དང་ཁུ་བ་མཚོན་པར་བྱེད་པའི་ཐིག་ལེ་བྲི་བར་བྱའོ་[3]ཞེས་གསུངས་ཡོད་པ་མ་ཟད། རྒྱལ་ཚབ་རྗེའི་གསུང་འབུམ་ཀ་པའི་ནང་དུའང་རྣམ་བཅད་ནི་རྡུལ་གྱི་རང་བཞིན་གཏུམ་མོའི་མེ་དང་། ཐིག་ལེ་ནི་ཁམས་དཀར་པོ་[4]ཡིན་པར་གསུངས་ཡོད། དེ་བཞིན་དུ་ཇོ་ནང་ཏཱ་ར་ནཱ་ཐ་སོགས་ཀྱིས་ཀྱང་གོང་ཞུས་དེ་དག་དང་དགོངས་པ་གཅིག་ཏུ་མཐུན་པར་གསུངས་ཡོད། གསུངས་ཚུལ་འདི་དག་གིས་འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ཚིག་ཟིན་ལ་དངོས་སུ་གསུངས་པ་དེ་དག་གི་དོན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་ཡོད་པར་གསལ་བཤད་བྱས་ཡོད།
དེས་ན་རྣམ་བཅད་དཀར་པོ་དང་། ཐིག་ལེ་དམར་པོར་འབྲི་སྲོལ་ཡོད་པ་དེ་དག་ནི་གོང་དུ་དྲངས་པའི་ཚད་མའི་བསྟན་བཅོས་དེ་དག་གི་དགོངས་པ་དང་ཤར་ནུབ་ལྟ་བུའི་མི་མཐུན་པ་ཆེན་པོར་གནས་ཡོད། དེ་ལྟར་འགྲེལ་ཆེན་དྲི་མེད་འོད་སོགས་ཀྱི་དགོངས་པར་གནས་པའི་རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་བྱས་ནས་བརྩེགས་དགོས་དོན་ཡང་། གཏུམ་མོ་འོག་ནས་འབར་བ་རྣམ་བཅད་དང་། ཁུ་བ་སྟེང་དུ་འབབ་པ་ཐིག་ལེ། སེམས་བདེ་བའི་ངོ་བོར་སྐྱེས་པ་ནཱ་དས་མཚོན་ཞིང་། མཚོན་དོན་དེ་ནི་སྔགས་བླ་མེད་ཀྱི་ཐུན་མོང་བ་མ་ཟད། ལུགས་འདིའི་ཐུན་མོང་མ་ཡིན་པ་ཡང་རྣམ་བཅད་འོག་ཏུ་བྱས་པས་ཁམས་དམར་པོ་ཐུར་དུ་བརྟན་པ་དང་། ཐིག་ལེ་སྟེང་དུ་བྱས་པ་དེས་ཁམས་དཀར་པོ་གྱེན་དུ་བརྟན་པ་དང་། དེ་ལ་བརྟེན་ནས་སེམས་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེས་པ་ནཱ་དས་མཚོན་པ་ཡིན།[5]
དེས་ན་རྣམ་བཅད་འོག་དང་ཐིག་ལེ་སྟེང་དུ་བྱས་ནས་བརྩེགས་པ་དེས་གཏུམ་མོའི་མེ་འོག་ནས་འབར་ཏེ་ཁམས་དཀར་པོ་ཁུ་བ་སྟེང་ནས་འབབ་པ་མཚོན་པར་བྱེད་ཅིང་། ཧ་སྲོག་གི་ཨ་དང་བཅས་པ་དེའི་འོག་ཏུ་བཞག་པ་ནི་གཏུམ་མོའི་མེས་ཁམས་བཞུས་པའི་དབང་གིས་རླུང་གི་བཞོན་པ་ཅན་གྱི་རྣམ་པར་ཤེས་བ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པ་མཚོན་ནོ།། [6] མཚོན་ཚུལ་འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བསྡུས་རྒྱུད་ཀྱི་རྒྱས་འགྲེལ་དང་། ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་སོགས་ཀྱི་ནང་དུ་ཡང་དེ་བཞིན་དུ་གཅིག་མཚུངས་གསུངས་ཡོད།
དེས་ན་གཅིག་འོག་གཅིག་སྟེང་དུ་བཞག་པའི་མཚོན་དོན་དང་། ཁ་དོག་གི་གོ་རིམ་ངེས་པའི་མཚོན་དོན་དེ་དག་ནི་མཛེས་ཆོས་ལྟ་བུ་མིན་པར་རྣལ་འབྱོར་པས་བསྐྱེད་རྫོགས་ཀྱི་ལམ་རྒྱུད་ལ་བསྐྱེད་རིམ་གྱི་དབང་དུ་བྱས་ནས་གསུངས་པ་ཞིག་ཡིན་ལ། གཞི་དངོས་པོའི་གནས་ཚུལ་གྱི་ཆ་ནས་ཀྱང་། བདེ་བའི་རྟེན་ཁམས་དཀར་པོ་ནི་སྤྱི་བོ་ན་གནས་ཡོད་པ་དང་། དྲོད་ཀྱི་རྟེན་གཏུམ་མོའི་མེ་ཁམས་དམར་པོ་ལྟེ་བ་ན་གནས་[7]ཡོད་པ་ནི་དེང་དུས་ཚན་རིག་པས་ཀྱང་འདོད་པའི་ཕྱིར་ན། རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་བྱས་པ་ནི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ཡོངས་སུ་མཐུན་པ་ཞིག་ཡིན།
མདོར་ན་འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་དང་མཐུན་པའི་ཕྱོགས་ནི་རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་ཡོད་པ་དེ་ཡིན་ཞིང་། འདོད་ཚུལ་གཞན་ནི་འགྲིག་མིན་ཇི་ལྟར་ཡང་གཞུང་དེའི་དགོངས་པར་མི་འདོད་དོ། ། དེ་ལྟ་ནའང་འགའ་ཞིག་གིས་འདི་སྙམ་དུ་བསམ་སྲིད་དེ། འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་དེ་ནི་གཞན་དུས་ཀྱི་འཁོར་ལོའི་སྐབས་སུ་དགོངས་ནས་དེ་ལྟར་གསུངས་པ་ཡིན་གྱི་ཕྱི་དུས་ཀྱི་འཁོར་ལོའི་སྐབས་སུ་དགོངས་ནས་དེ་ལྟར་གསུངས་པ་མིན་ནོ་ཞེ་ན། སྤྱིར་དེ་ལྟ་བུའི་དོགས་པ་དེ་རྟོགས་ལྡན་ལ་སྐྱེ་བའི་གནས་ཤིག་མིན་པ་ནི་གོང་དུ་ཁམས་ཀྱི་ལེའུ་ནང་ཞེས་པ་དེས་གསལ་བཤད་བྱས་ཡོད་པ་མ་ཟད། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་འགྲེལ་དུས་ཀྱང་མཚོན་དོན་གཅིག་གི་ཐོག་ནས་ཕྱི་ནང་གཞན་གསུམ་གྱི་དོན་མཚོན་གྱི་ཡོད་པ་ལས། ཕྱི་རུ་བཤད་པའི་མཚོན་དོན་ཞིག་དང་། དེས་མཚོན་མི་ནུས་པའམ་ནང་སོགས་སུ་སྦྱོར་མི་རུང་བའི་མཚོན་དོན་ཞིག་མེད་ལ་བཤད་པ་ཡང་མེད་དོ།།
གལ་ཏེ་དེ་ལྟར་ཡོད་ན་རྣམ་བཅུ་དབང་ལྡན་ཡང་གཅིག་གི་སྟེང་ནས་གཅིག་ཤོས་གོ་མི་ཐུབ་པར་ཕྱི་ནང་གཞན་གསུམ་ལ་རྣམ་བཅུ་དབང་ལྡན་རེ་རེ་ཡོད་དགོས་པར་འགྱུར་ལ། དེ་ལྟར་ན་རྩ་རྒྱུད་ལས། །ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཞེས་སོགས་རྩ་རྒྱུད་དགོངས་འགྲེལ་དང་བཅས་པའི་རྣམ་གཞག་ཐམས་ཅད་བཤིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཁོ་བོས་ནི་རྩ་རྒྱུད་དགོངས་འགྲེལ་དང་བཅས་པ་དེ་དག་གི་རྗེས་སུ་འབྲངས་ནས་རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་འདོད་པའི་ལུགས་དེ་འཐད་ལྡན་དུ་འདོད་དོ།།
མཆན།
[1] རིགས་ལྡན་པདྨ་དཀར་པོ། དུས་འཁོར་འགྲེན་ཆེན་དྲི་མེད་འོད། བསྟན་འགྱུར་རྒྱུད་ཐ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་པར་ཁང་ནས་བཏོན་པ་དེའི་ཤོག་གྲངས་ 369 ནང་གསལ།
[2] བུ་སྟོན་རིན་པོ་ཆེ། (1290-1364) འགྲེལ་ཆེན་དྲི་མེད་འོད་མཆན། སྟོན་རིན་པོ་ཆེ། གསུང་འབུམ་ཁ་པའི་ཤོག་གྲངས་ 75 ནང་གསལ།
[3] མཁས་གྲུབ་རིན་པོ་ཆེ། (1391-1438) དུས་འཁོར་ཊཱིག་ཆེན། ཤོག་གྲངས་ 344 ནང་གསལ།
[4] རྒྱལ་ཚབ་རྗེ། (1385-1438) གསུང་འབུམ་ཁ་པའི་ཤོག་གྲངས་ 133 ནང་གསལ།
[5] མཁས་གྲུབ་རིན་པོ་ཆེ། (1391-1438) དུས་འཁོར་ཊཱིག་ཆེན། གསུང་འབུམ་ག་པའི་ཤོག་གྲངས། 622-623 ནང་གསལ།
[6] རྒྱལ་ཚབ་རྗེ། (1385-1438) གསུང་འབུམ་ཁ་པའི་ཤོག་གྲངས་ 133 ནང་གསལ།
[7] ཀློང་རྡོལ་བླ་མ། (1719-1794) གསུང་འབུམ་ཅ་པའི་ཤོག་གྲངས་ 275 ནང་གསལ།
དཔྱད་རྩོམ་འབྲི་སྟངས་ཧ་ཅང་ཡག་པོ་འདུག དཔེ་དེབ་མང་པོ་ཀློག་པ་དང་བསམ་བློ་མང་པོ་བཏང་ཡོད་པ་མཚོན་ཐུབ་ཀྱི་འདུག ང་རང་ནམ་རྒྱུན་དུས་བབ་དྲ་ཚིགས་ལ་ལྟ་སྡོད་མཁན་གང་ཟག་ཅིག་ཡིན། སྤྱིར་བཏང་རྣམ་བཅུ་དབང་ལྡན་སྐོར་ལ་ང་རང་རྒྱུས་ཡོད་མཁན་དེ་འདྲ་གང་ཡང་མིན་ནའང་ཉིད་ཀྱི་རྩོམ་ཡིག་གི་ནང་དོན་ལས་ལུང་འདྲེན་ཁག་ལ་བསམ་བློ་ཞིབ་མོ་བཏང་ཡོང་ན་འདིར་ནོར་འཁྲུལ་ཞིག་ཤོར་ཡོད་པ་རྟོགས་ཐུབ་ཀྱི་འདུག རྩོམ་པ་པོ་བཀྲ་ཤིས་བདེ་ལེགས་ཞུ།།
ང་རང་གིས་ནས་ཀྱང་མཚོན་མདངས་ཙམ་ལས་ཁྱད་པར་ཆེན་པོ་གང་ཡང་མཐོང་མ་སོང་། རྩོམ་པ་པོས་ཤུགས་བསྐྱོན་ནས་དཔྱད་པ་གཏོང་སྟངས་ལ་གཞིགས་ན་ཁྱད་པར་ཆེན་པོ་ཞིག་ཡོད་ངེས་རེད། མདུན་ཕྱོགས་ཀྱིས་སྣེ་ཡར་བཀུག་མར་བཀུག་བྱེད་སྟངས་ལ་ཁྱད་པར་ཆུང་ཚགས་ཤིག་འདུག་མོད། དེ་ནི་ལྷ་འབྲི་མཁན་ཚོའི་ལག་བྲིས་ཀྱི་ཁྱད་པར་ཡིན་པ་ལས་གཞན་གང་ཡང་རེད་བསམ་གྱི་མི་འདུག ཁྱད་པར་དེ་ལྟ་བུ་ཞིག་ལྷ་བྲིས་པ་དག་གི་ལྷ་བཞེངས་སྟངས་ལའང་ཡོད་ཡོད་པ་རེད།
ངས་ཇི་ལྟར་བལྟས་ཀྱང་རྣམ་བཅུ་དབང་ལྡན་འདི་གཉིས་ལ་ཁྱད་པར་ཞིག་ཡོད་པ་མཐོང་མ་སོང་། སྤྱིར་བཏང་ལུང་དང་རིགས་པ་མང་པོ་བཏང་སྟེ་་རྩོམ་ཡིག་ཡག་པོ་བྲིས་འདུག རྣམ་བཅུ་དབང་ལྡན་གྱི་འགྲེལ་བཤད་དངོས་གནས་དེ་ས་པཎ་གྱི་གསུང་ནང་ཧ་ཅང་གསལ་བོ་ཡོད་པ་རེད།