དེ་རིང་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཀྱི་དྲ་ཚིགས་ཤིག་དབུ་འབྱེད་དང་འབྲེལ། མ་འོངས་པར་དགེ་རྒན་ཚོར་ཟབ་སྦྱོང་གང་མང་སྤྲད་དེ་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཐོག་ཤུགས་རྒྱག་རྒྱུ་ཡིན་ཟེར།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དགེ་རྒན་ཉིན་མོ་དང་བསྟུན་ཏེ་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་ལ་སྨན་པའི་དྲ་ཚིགས་ཤིག་དབུ་འབྱེད་གནང་ཡོད་ཅིང་། སྐུ་མགྲོན་དུ་ཤེས་རིག་དྲུང་ཆེ་རྣམ་གཉིས་དང་། དྲུང་འཕར། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་དྷ་ས་བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྒྲོལ་དཀར་ལགས། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ། དྷ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། དེ་བཞིན། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་བཅས་ཁྱོན་མི་ ༥༠ ཙམ་འདུ་འཛོམས་གནང་སོང་།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ www.tibetanteachers.comཞེས་པའི་དྲ་རྒྱ་དབུ་འབྱེད་གནང་རྗེས། འབྲེལ་ཡོད་ལས་བྱེད་བསྟན་འཛིན་དར་རྒྱས་ལགས་ཀྱིས་དྲ་ཚིགས་ངོ་སྤྲོད་གནང་དོན། དེ་རིང་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་སྟབས། དུས་ཚོད་ཁྱད་པར་ཅན་འདི་དང་བསྟུན་ཏེ་ཤེས་རིག་ལས་ཁུངས་ངོས་ནས། བོད་རིགས་དགེ་རྒན་རྣམ་པར་ལེགས་སྐྱེས་ཀྱི་ངོ་བོའི་ཐོག་ནས་དྲ་ཚིགས་འདི་དབུ་འབྱེད་ཞུས་པ་དང་། ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་པའི་སློབ་མ་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་དགོས་པའི་བཀའ་སློབ་སྔ་རྗེས་གནང་གི་ཡོད་པ་མ་ཟད། འཛམ་གླིང་གི་མཁས་པ་ཚོས་ལྗགས་རྩོམ་མང་པོའི་ནང་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ཀྱི་ལས་གཞི་ག་ཚོད་ཚགས་ཚུད་པོ་དང་སྤུས་ཚད་ལྡན་པ་ཡོད་ན། དེ་སྲིད་ཀྱིས་སློབ་མའི་ཤེས་ཡོན་སྤུས་ཚད་བཟང་བ་གསུངས་ཡོད་སྟབས། བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་ཚོགས་འདུ་རབ་དང་རིམ་པ་བསྡུས་མཐར་བོད་རིགས་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཆེད་ཀྱི་ལས་གཞི་འདི་མགོ་འཛུགས་ཞུས་ཏེ། ད་བར་བོད་པའི་སློབ་གྲྭ་མང་པོ་ཞིག་ལ་ལས་འཆར་སྤེལ་ཡོད་ལ། ད་རེབ་དྲ་ཚིགས་འདི་ཡང་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཀྱི་ལས་འཆར་ཞིག་ཆགས་ཡོད། ཅེས་བརྗོད་སོང་།
དྲ་ཚིགས་ཀྱི་ནང་དོན་ངོ་སྤྲོད་གནང་དོན། དྲ་ཚོགས་འདི་སློབ་གྲྭ་ཁག་གི་དྲ་ཚིགས་དང་མི་འདྲ་བ་ཞིག་ནི། འདིའི་ནང་ཤེས་ཡོན་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ་ཁག་གཙོས། སློབ་ཚན་འཆར་འགོད་དང་ཤེས་ཡོན་སྐོར་གྱི་རྩོམ་རིགས། དགེ་རྒན་ཀྱི་ཁྱད་ལས་ཡར་རྒྱས་ལ་མཁོ་གལ་ཆེ་བའི་དཔེ་དེབ་སོགས་ལས་གྲུབ་ཡོད། ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གང་ཟག་ཕན་ཚུན་བར་ཤེས་བྱ་དང་ཉམས་མྱོང་སྤེལ་རེས་ཀྱི་གླེང་སྟེགས་ཤིག་ཀྱང་ཆགས་ཡོད། ད་ལྟ་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་མང་ཆེ་བ་ཤེས་འཇོན་གཉིས་ལྡན་ཡིན་ཡང་། ཉི་ཧོང་དང་སུད་ཀྲན་གཙོས་ཡར་ཐོན་རྒྱལ་ཁབ་ཁག་གི་དགེ་རྒན་རྣམ་པས་མཉམ་རུབ་ཐོག་ཤེས་ཡོན་ཐད་ནུས་པ་སྤུངས་ཏེ། སློབ་མ་སྐྱེད་སྲིང་བྱེད་བཞིན་ཡོད་པ་དག་དང་བསྡུར་ན་ཞན་ཆ་ཏོག་ཙམ་ཡོད་སྟབས། དགེ་རྒན་རྣམ་པས་མཉམ་རུབ་ཐོག་ཤེས་ཡོན་ཐོག་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོས་དགེ་རྒན་གྱི་སློབ་ཁྲིད་འཆར་འགོད་དང་ཁྱད་ལས་ཡར་རྒྱས་ལ་དམིགས་ཏེ་དྲ་ཚིགས་འདི་གསར་བཟོ་བྱས་པ་ཞིག་ཡིན་སྟབས། མ་འོངས་པར་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ཚོས་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་དང་རྩོམ་རིགས་གང་མང་སྤེལ་རྒྱུའི་རེ་བ་རྒྱག་གི་ཡོད། ཅེས་སོགས་བརྗོད་སོང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས། ཤེས་ཡོན་གྱི་ར་བའི་ནང་དགེ་རྒན་ལས་གལ་ཆེ་བ་མེད་པ་ནི། ནུབ་ཕྱོགས་རྒྱལ་ཁབ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ང་ཚོ་ཤར་ཕྱོགས་རྒྱལ་ཁབ་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད་སྟབས། དགེ་རྒན་ནི་མི་རིགས་ཀྱི་སྣེ་ཁྲིད་མཁན་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་གཙོ་བོ་ཆགས་ཡོད་སྟབས། ང་ཚོས་ངེས་པར་དུ་ཁོང་ཚོར་ཆེ་མཐོང་ཞུ་དགོས་པ་ཆགས་ཡོད། སྤྱིར་དགེ་རྒན་ཞིག་ཡིན་ཕྱིན་ཆད་དང་པོ་དོ་བདག་སོ་སོར་ཤེས་ཚད་ཡག་པོ་དགོས་པ་དང་། གཉིས་པ། སློབ་ཁྲིད་ཡག་པོ་བྱེད་ཐུབ་པ། གསུམ་པ། ལྷག་བསམ་དགོས་པ་བཅས་ཆགས་ཡོད། ཅེས་བརྗོད་བྱུང་།
བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ཚོའི་གནས་སྟངས་སྐོར་བརྗོད་དོན། ཤེས་རིགས་ལས་ཁུངས་ཀྱིས་བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་འོག་བོད་པའི་སློབ་གྲྭ་ཁག་ ༣༡ གི་དགེ་རྒན་ ༨༢༡ ཙམ་ལ་རྒྱུས་ལོན་བྱས་པ་བརྒྱུད། དགེ་རྒན་བརྒྱ་ཆ་ ༤༢ ཙམ་ལ་ཉིན་གསུམ་ལས་ཉུང་བ་མ་གཏོགས་ཟབ་སྦྱོང་ལ་འགྲོ་མྱོང་མེད་པ་དང་། བརྒྱ་ཆ་ ༢༩ ལ་ཟབ་སྦྱོང་རྩ་བ་ནས་ཐོབ་མྱོང་མེད་པ། བརྒྱ་ཆ་ ༨ ཙམ་ལ་ཉིན་ ༡༥ ཡན་གྱི་ཟབ་སྦྱོང་ཐོབ་མྱོང་ཡོད་པ་དེ་འདྲ་རེད། དགེ་རྒན་མང་པོ་ཞིག་ལ་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་དེ་འདྲ་ཐོབ་མེད་པ་གསལ་པོ་ཆགས་ཡོད་པ་དང་། སློབ་སྤྱི་བརྒྱ་ཆ་ ༨༧ ཙམ་ཞིག་གིས་ཁྱད་ལས་ཡར་རྒྱས་གཏོང་ཆེད་ཟབ་སྦྱོང་དགོས་པའི་བསམ་འཆར་ཕེབས་ཡོད་སྟབས། ང་ཚོས་དགེ་རྒན་ཚོར་ཟབ་སྦྱོང་གང་མང་སྤྲོད་རྒྱུ་གལ་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད། ཤེས་རིག་ལས་ཁུངས་ངོས་ནས་ཁེ་ན་ཌའི་ཤེས་ཡོན་སློབ་གསོའི་ཐད་ཀྱི་ཆེད་ལས་མི་སྣ་ཞིག་གདན་འདྲེན་ཞུས་པ་དང་འབྲེལ་ཏེ། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཀྱི་ལམ་སྟོན་ལག་དེབ་ཅིག་དཔར་སྐྲུན་ཞུས་ཏེ་བོད་ཁྱིམ་སློབ་གྲྭ་ ༦ དང་། སམ་བྷོ་ཊའི་སློབ་གྲྭ་ ༣། མ་སུ་རི་བོད་ཁྱིམ་གྱི་སློབ་གྲྭ་ ༢ བཅས་ཀྱི་ནང་མགོ་འཛུགས་བྱས་ཡོད། ཅེས་བརྗོད་སོང་།
མ་འོངས་པར་ཤེས་རིག་ལས་ཁུངས་ངོས་ནས་དགེ་རྒན་ལ་མཐུན་རྐྱེན་སྐྲུན་ཕྱོགས་ཐད། ང་ཚོས་དམིགས་ཚད་བཟུང་ས་གཙོ་བོ་ནི་ཤེས་ཡོན་ཐོག་འཇོག་གི་ཡོད་སྟབས། ཤེས་ཡོན་ཡར་རྒྱས་ཇི་ལྟར་འགྲོ་མིན་ནི་དགེ་རྒན་ཚོར་རག་ལུས་ཡོད། མ་འོངས་པར་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་ཚོར་མཐུན་རྐྱེན་གང་ཐུབ་སྤྲོད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། རྒན་ལགས་རྣམ་པ་ཚོས་ཧུར་ཐག་གནང་སྟེ་༧གོང་ས་མཆོག་གི་དགོངས་པར་ཡོད་པ་ལྟར། བོད་པའི་སློབ་ཕྲུག་ཚོ་འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་སྐྱེད་སྲིང་བྱ་རྒྱུར་འབད་རྩོལ་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བརྗོད་སོང་།
མ་འོངས་པར་བོད་པའི་གཞོན་སྐྱེས་ཚོར་བོད་མི་དྭངས་མ་ཞིག་དང་། མི་རིགས་ཀྱི་རིགས་གནས་རྒྱུད་ལ་ལྡན་པ་ཙམ་དུ་མ་ཟད་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་ལྡན་པ་ཞིག་བཟོ་འདོད་ཀྱི་ཀུན་སློང་རྣམ་དག་ཞིག་ཡོད་ན་ཤེས་ཡོན་སྲིད་ཇུས་བཀའ་ཤག་སྔོན་མས་གཏན་འབེབས་གནང་བ་དེ་ཉིད་མཐུར་ཤོར་མེད་པ་གནང་དགོས་ངེས་རེད། དེ་མིན་མི་གཡོག་རྒྱུག་ནས་རང་ཁ་རང་གསོ་ཐུབ་ཙམ་ལས་དམིགས་ཡུལ་གཞན་མེད་པ་ཡིན་ན་ནི་བོད་པའི་སྐད་ཡིག་དགོས་གལ་གང་ཡང་མ་མཐོང་།
དྲ་གྲོགས་མང་པོས་བསམ་ཚུལ་ཡག་པོ་གསུང་ཤག། ཡག་བྱུང་ཞུ་ཡ་ཡིན། ཧ་ཧ་ཧ་་་་་འགན་འཛིན་ཆགས་ཅན། ་་་་ ར་བཟི། ་་་་སྤྱི་དངོས་སྒེར་བདག་པ།་་་་་མང་པོ་འདུག་གཱ། དེ་ཚོ་ཚང་མ་ལོ་གཙང་ཕྱགས་བྱ་རན་སོང། ང་ཚོ་མོན་གྷོ་ཊིར་ཡང་རཀ་ཊི་ར་བཟི་བུད་མེད་ལ་འཁོར་མཁན་ཞིག་ཡོད། གཞིས་ཆགས་ཀྱིས་མི་ཚང་མ་ལོས་ཁ་གཏོང་ས་ཞིག་ཡིན། ཡིན་ནའི་ཁོ་ལས་ཡུན་རྫོགས་ནས་འགྲོ་ས་མེད་དུས། སྔར་ཁོ་བས་སཾ་བྷོ་ཊའི་སློབ་གྲྭ་ཞིག་ཏུ་རྩ་དགོངས་ཞུ་ས་དེ་རང་ལ། ཡང་བསྐྱར་འགན་འཛིན་ཞུ་ནས་བཏང་ཡོད་པ་རེད་ཟེར། སུ་གཏོང་གི་ཡོད་ན། ཁད་སང་དེ་རིང་དབང་ཆ་འཛིན་མཁན་མི་རེ་ཟུང་གིས་སྤྱི་དོན་ཚང་མ་སྒེར་དོན་སྒྲུབ་བྱེད་ལ་བེད་སྤྱོད་གཏོང་གི་འདུག་པས་བོད་མི་སྒྲིག་འཛུགས་སེང་གེ་བཀའ་ཤག་ནས་ཚང་མ་ལོ་གཙང་ཕྱགས་བྱ་རན་འདུག།
འགན་འཛིན་ལབ་ཡོང་དུས། སཾ་བྷོ་ཊའི་ཁྱབ་ཁོངས་ལ་ཡང་དྲང་བོ་མེད་པ་དང་། ར་བཟི་དེ་འདྲ་མང་པོ་འདུག་ཟེར་ག སྤྱི་བའི་གྱོང་རེད།
ཉི་མ་ཚེ་རིང་གིས་བཤད་པ་དེ་བདེན། རྒྱབ་སྐྱོར་ཡོད། དེང་སྐབས་ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་ཞེ་གཅིག་སྤྲད་ནས་སྡོད་ཀྱི་འདུག ཚོགས་ཆེན་སྐབས་འགན་འཛིན་སོ་སོའི་བྱ་སྤྱོད་ལ་བརྟག་དགོས་པའི་བསམ་ཚུལ་མང་པོ་ཐོན་ཡང་། ཡིན་ནའི་ད་བར་གང་ཡང་བྱས་མ་སོང་། ཐབས་རྡུགས་རེད།
“དབྱིན་ཡིག་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་དྲ་ཚིགས།”
བོད་ཡིག་དགེ་རྒན་ཚོའི་ཁྱད་ལས་ཀྱི་ཆེད་དུ་ཡིན་ན་དྲ་བ་དེའི་ཨ་མ་ཡང་བོད་ཡིག་ཐོག་ཡོད་ན་ཅི་འདྲའི་མིང་དོན་མཚུངས་པ་ཞིག་རེད། ཟུར་གདོང་གཡས་ངོས་ན་བོད་ཡིག་ཅེས་པ་ཞིག་འདུག་ཀྱང་དེར་ནི་དྲ་བ་དེའི་ཕྱོགས་ཆ་གཅིག་ཙམ་ལས་བོད་ཡིག་གི་ས་མིག་མི་འདུག རྒྱུ་མཚན་ནི་དྲ་བ་དེའི་མ་ངོས་དཀར་ཆག་ནས་བཟུང་སྟེ་ཡོད་ཚད་དབྱིན་ཡིག་ཏུ་བཟོས་འདུག་པས་རེད།
འུ་ཅག་བཙན་བྱོལ་ཁྲོད་ཀྱི་དགེ་རྒན་ཚོས་བོད་ཡིག་ལ་དུངས་བ་ནི་འདི་ཙམ་རེད།
དགོངས་དག་ཞུ། སྐྱོན་བརྗོད་ཁོ་ན་བྱས་པ་ཞིག་མིན། སེམས་ཚོར་ཞིག་བྱུང་བས་ཡིན།
དཔལ་ལྡན་ཤེས་རིག་ལས་ཁུངས་ནས་དགེ་རྒན་ཚོར་གདེང་འཇོག་དང་མཐུན་རྐྱེན་གང་ཐུབ་སྦྱོར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དམ་བཅའ་བཞག་པ་དེར་དགའ་བསུ་གྲངས་མེད་ཞུ་བཞིན་ཡོད། ས་གནས་ཁག་གི་དགེ་རྒན་ཚོར་གངས་ཅན་སྐྱིད་གཤོང་གི་ལས་བྱེད་ཚོ་ལས་གླ་ཆ་མཐོ་བ་སྤྲོད་དགོས་ཀྱི་འདུག ལས་ཀའང་གངས་ཅན་སྐྱིད་གཤོང་གི་ལས་བྱེད་ཚོ་ལས་མང་བ་དང་དཀའ་ལས་ཆེ་བ་ཡོད་པ་རེད
ཉི་མ་ཚེ་རིང་གི་སྐད་ཆ་སྣང་བར་འགྲོ་བོ་བྱུང་སོང་ཤེས་རིག་ལྷན་ཁང་ཞིག་གི་ངོས་ནས་དྲ་རྒྱ་ཞིག་དབུ་འབྱེད་བྱས་ཏེ་གསར་འགོད་ལྷན་ཚོགས་བསྡུས་ན་ཡ་མཚན་འདྲ་ཞིག་རེད་ལས་བསྡོམས་བཟོ་བྱེད་དང་སྤྱི་ཚོགས་ནང་ཅིག་བྱེད་ཀྱི་ཡོད་མདོག་སྟོན་གྱི་ཡོད་ན་ཧ་གོ་མ་སོང་
ཤེས་ཡོན་སྲིད་བྱུས་ཐོག་མང་པོ་ཞིག་བྱེད་ཀྱི་ཡོད་མདོག་མདོག་གིས་དམིགས་བསལ་ཚོགས་ཆེན་འདྲ་ཚོགས། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་གི་ཡོད་ཟེར་ནས་དགེ་ལས་མང་པོ་སྐོང་ནས་དྲ་རྒྱ་འདྲ་སྒོ་འབྱེད་བྱས། འདི་དག་གིས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། དེ་བས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་བོད་ཡིག་གི་སྙན་ཞུ་གཙང་མ་ཞིག་འབྲི་ཐུབ་ལ་ཐབས་ཤེས་ག་རེ་གནང་དགོས་ཀྱི་འདུག སློབ་གྲྭ་ཁག་སྟོང་པ་ཆགས་བཞིན་ཡོད་པའི་དཀའ་ངལ་འོག་མི་རིགས་གཞན་གྱི་ཕྲུ་གུ་རིན་མེད་ཐོག་ཧབ་ཐོབ་བརྒྱབ་ནས་སློབ་འཇུག་བྱེད་པ་ལས་བོད་རྒྱ་ནག་གི་དཀའ་སྡུག་འོག་རྒྱ་གར་དུ་ཡོང་མཁན་ས་ཁང་ཐོབ་ཐང་གང་ཡང་མེད་པའི་གསར་འབྱོར་དང་། གཞིས་ཆགས་ཁག་གི་ཉམས་ཐག་ཚོའི་བོད་པ་དྭངས་མའི་ཕྲུ་གུ་ཚོར་ཆག་ཡང་དང་རིན་མེད་ཐོག་སློབ་འཇུག་བྱས་ཏེ་བོད་སྤྱི་དོན་ལ་ཕན་ཐོགས་ཕྲན་བུ་རེ་བསྒྲུབ་ཨེ་ཐུབ་ལ་འབད་རོགས།
ལྷག་བསམ་ཤ་ཚ་མེད་མཁན་དང་ཤེས་ཡོན་དང་བསམ་བློ་ཆུ་ཚད་གཉིས་ཀ་སྐྱོ་བའི་སློབ་སྦྱི་དང་དགེ་རྒན་ཀླད་མེད་རིགས་ཁག་ཅིག་ཡོད་པ་དེ་དག་གསར་བརྗེ་དང་ཡང་ན་ཐབས་ལམ་ཡག་པོ་ཞིག་གི་སྟེང་ནས་ཡར་རྒྱས་གཏོང་ཐུབ་ལ་འབད་རོགས།
ཟབ་སྦྱོང་མང་པོ་སྤྲོད་ཀྱང་ཟབ་ཁྲིད་དགེ་རྒན་ཚད་ལྡན་མེད་པར་གྲངས་ཀ་གསོག་ཐབས་དང་ལས་བསྡོམས་བཟོ་ཐབས་ཀྱིས་གང་ཡང་མི་ཡོང་བས་ཁ་ཡོད་ལག་ཡོད་ཀྱིས་ཕྱོགས་ལྷུང་ངོ་ཁྱད་མེད་པར་བོད་ཡིག་བོད་སྐད་ལ་བྱང་ཆ་ཡོད་པ་དང་བོད་པའི་ལ་ཞེན་དང་ཤ་ཚ་ལྷག་བསམ་གཡོ་བ་མེད་པའི་སྤྱི་ཚོགས་ནང་གི་ཤེས་ཡོན་པ་དག་གདན་འདྲེན་ཞུས་ཏེ་སློབ་གྲྭ་ཁག་གི་དགེ་རྒན་དུ་བསྐོ་བཞག་གནང་སྟེ་དབང་ཚད་དང་གླ་ཕོགས་སོགས་ཀྱི་མཐུན་རྐྱེན་ཡག་པོ་སྦྱོར་རོགས།