དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་ཨ་རི་དང་ཡུ་རོབ་སོགས་བོད་རིགས་ཁེ་གཙང་གི་སློབ་གྲྭའམ་བསྟི་གནས་ཁང་འཛུགས་དགོས་པའི་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཕེབས་པའི་ཐད། ཤེས་རིག་བཀའ་བློན་མཆོག་གིས་ད་ལྟ་འགྲོ་མུས་ལྟར་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་བོད་ཕྲུག་ཚོར་བོད་ཡིག་བོད་སྐད་སློབ་ཁྲིད་ལ་ཤུགས་རྒྱག་དགོས་པ་ལས་སློབ་གྲྭ་དང་བསྟི་གནས་ཁག་སོགས་ཡོང་ཐུབ་ཁག་པོ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡། ༥༥ སྟེང་གངས་སྐྱིད་གྲོས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་བཅུ་པའི་ལས་རིམ་ཁྲོད། བྱང་ཨ་རི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་ཤེས་རིག་བཀའ་བློན་མཆོག་ལ་ཨ་རི་དང་ཡུ་རོབ་ཁུལ་དུ་བོད་རིགས་ཁྲི་ཕྲག་ཁ་ཤས་ཡོད་པའི་བོད་ཕྲུག་ཚོའི་མ་འོངས་ཕུགས་རྒྱང་རིང་པོའི་དགོས་མཁོ་དང་ཕན་རླབས་དགེ་མཚན་ཆེད་བོད་མི་ཁེ་གཙང་གི་སློབ་མར་བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོར་གྱུར་བའི་སློབ་ཁྲིད་བྱ་ཡུལ་སློབ་གྲྭའམ་བསྟི་གནས་ལྟ་བུ་ཞིག་གསར་འཛུགས་གནང་ཐབས་དགོས་པའི་ཐུགས་སྣང་གཞེན་སྐུལ་གནང་སོང་།
སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཐུགས་སྣང་གཞེན་སྐུལ་དེར་རྒྱབ་སྐྱོར་དང་སྦྲགས་བརྗོད་དོན། ད་ལྟ་བྱང་ཨ་རི་ཁུལ་དུ་བོད་མི་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་ཕྱི་རྒྱལ་ལུང་པའི་ནང་ཆ་བཞག་ན་སྒེར་གྱི་སློབ་གྲྭ་རྒྱག་པའི་ཆ་རྐྱེན་ཡོད་སྟབས། དེ་འདྲའི་བཀའ་མོལ་སྔོན་མ་ནས་མང་པོ་ཡོང་གི་ཡོད་ཀྱང་ལག་ལེན་ཁེལ་པ་བྱུང་མེད། གང་ལྟར་གལ་ཆེ་ཤོས་བོད་མིའི་ཤེས་ཡོན་དང་ལྷག་པར་དུ་བོད་ཡིག་དང་གོམས་གཤིས་ལ་སོགས་རྒྱུན་སྐྱོང་ཐུབ་ཐབས་ལ་ཤེས་རིག་ལས་ཁུངས་ལ་ཐུགས་འགན་ཡོད་སྟབས། ད་རེབ་ང་ཚོས་འབོད་སྐུལ་ཞུས་པའི་ཐོག་མ་འོངས་བར་ངེས་པར་དུ་ཤེས་རིག་བཀའ་བློན་མཆོག་ནས་གཟིགས་ཞིབ་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད། ཅེས་བརྗོད་སོང་།
ཤེས་རིག་བཀའ་བློན་དངོས་འགྲུབ་ཚེ་རིང་མཆོག་གིས་ཐུགས་སྣང་གཞེན་སྐུལ་དེའི་ཐོག་དགོངས་ཚུལ་གསུངས་དོན། ཕར་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པའི་ཐོག་ལ་མྱུར་སྐྱོབ་ལས་ཀ་བྱེད་དགོས་པར་ཛ་དྲག་ཆེན་པོ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཨ་རི་གཅིག་པུའི་ནང་ཆ་བཞག་ན། བོད་རིགས་ཚོགས་པ་ཁག་ཉི་ཤུ་སུམ་ཅུ་ཞིག་དང་ཁེ་ཎ་ཌའི་ནང་དུའང་ཡོད་པ་རེད། སློབ་གྲྭའམ་བསྟི་གནས་ཁང་ཟུར་དུ་རྒྱག་པ་ཟེར་བའི་ཐོག་བསམ་བློ་མང་པོ་གཏོང་དགོས།
སྔོན་མ་ ༢༠༠༨ ལོར་བཀའ་དྲུང་ཟུར་པ་བསོད་ནམས་ཚེ་རིང་ལགས་ནས་ཨ་རིའི་དོན་གཅོད་ལ་ཕྱག་བྲིས་ཤིག་ཕུལ་འདུག སྐབས་དེར་ང་རང་ཁེ་ལེ་ཧྥོ་ནེ་ཡར་ཡོད་སྟབས་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་དེ་འདྲའི་གནས་ཚུལ་ཞིག་ཡོང་གི་འདུག ཁྱེད་རང་ཤེས་རིག་ལས་ཁུངས་ནང་ལས་ཀ་བྱས་མྱོང་སྟབས། ཨ་རིའི་ནང་སློབ་གྲྭ་རྒྱག་རྒྱུའི་ཐད་ཉམས་ཞིབ་ཅིག་གནང་རོགས་གསུངས་སོང་། ངས་དུས་ཚོད་མང་པོ་ཞིག་གཏོང་ཐུབ་མེད་ཀྱང་། ཨ་རིའི་ནང་གི་སློབ་གྲྭའི་འགྲོ་སྟངས་ཀྱི་ཁྲིམས་དང་སྒྲིག་གཞིའི་སྐོར་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་འདྲ་བོ་ཞིག་དོན་གཅོད་ལ་ཕུལ་བ་ཡིན། དེར་བལྟས་པ་ཡིན་ན། སྤྱི་ཡོངས་ནས་ཨ་རིའི་ནང་སློབ་གྲྭ་ཁག་ ༣ ཙམ་འདུག དང་པོ། གཞུང་གི་སློབ་གྲྭ་རེད། དེའི་འགྲོ་གྲོན་ཆ་ཚང་གཞུང་གིས་གཏོང་གི་འདུག གཉིས་པ། སྒེར་བདག་སློབ་གྲྭ་རེད། དེའི་འགྲོ་གྲོན་ཡོངས་རྫོགས་ཚོགས་པ་དང་སྒེར་བ་ནས་གཏོང་གི་འདུག གསུམ་པ། ཅར་ཊིར་སློབ་གྲྭ་ (Charter school)ཟེར་བའི་ནང་དགེ་རྒན་དང་དེ་འདྲའི་ཐོག་རྣམ་དཔྱོད་དམིགས་བསལ་ཅན་ཚོར་འཆར་གཞི་ལྡན་པའི་སློབ་ཚན་གོ་སྒྲིག་གནང་རིགས་ལ་གཞུང་གིས་ངོས་ལེན་གནང་སྟེ་འགྲོ་གྲོན་གཏོང་གི་འདུག དེར་བརྟེན། ཨ་རིའི་ནང་གཞུང་གི་སློབ་གྲྭ་དང་ཅར་ཊིར་སློབ་གྲྭ་གཉིས་ལ་གཞུང་གི་དངུལ་རག་གི་ཡོད་ན་ཡང་། དེར་སློབ་འཇུག་བྱེད་པར་མི་རིགས་དབྱེ་འབྱེད་དང་བཀག་འགོག་གང་ཡང་མེད་པར་གཞུང་གི་སྒྲིག་གཞི་དང་མཐུན་པར་འགྲོ་དགོས་ཀྱི་འདུག་སྟབས། ང་རང་ཚོའི་གནས་སྟངས་ལ་ཐུགས་ཕན་གསོས་པ་ཞིག་མཐོང་མ་སོང་།
གཞན། ང་ཚོས་སྒེར་བདག་སློབ་གྲྭ་འཛུགས་རྒྱུ་དེ་རེད། དེ་ལ་སྒེར་པ་དང་རོགས་ཚོགས་ཁག་ནས་དངུལ་རག་སྲིད་ཀྱང་། སློབ་གྲྭ་ས་ཁུལ་གང་དུ་འཛུགས་དགོས་པ་རེད། གལ་ཏེ་འཛུགས་ཐུབ་པའི་དབང་དུ་བཏང་ཡང་ཕ་མ་ཚོས་ཕྲུ་གུ་གཏོང་ཐུབ་མིན་དྲི་བ་རེད། ད་ལྟ་ཕ་མའི་འཁྲིས་སུ་ཉར་ནས་རིན་མེད་ཐོག་སློབ་གྲྭར་གཏོང་གི་ཡོད། སྒེར་བདག་སློབ་གྲྭ་བཙུགས་ཏེ་རིན་མེད་བྱས་ན་ཡོང་ཐུབ་མེད་སྟབས། ཕ་མ་ཚོས་འགྲོ་གྲོན་ཆེན་པོ་གཏོང་གི་རེད་དམ། དེ་དག་མང་པོ་ཞིག་ལ་ཉམས་ཞིབ་བྱེད་དགོས་པ་ལས་ལམ་སང་འཛུགས་ཁག་པོ་ཆགས་འདུག་ཅེས་སྙན་ཐོ་ཞིག་ཕུལ་བ་ཡིན། ད་ལྟའང་གནས་སྟངས་དེ་ག་རང་བསྡད་ཡོད་པ་རེད། ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ། བསྟི་གནས་ཁང་ཟེར་དུས་བསྟི་གནས་ (Centre) ལྟ་བུ་བཙུགས་པ་ཡིན་ན་ག་ཚོད་ཅིག་ཁྱབ་ཀྱི་ཡོད་དམ། ད་ལྟ་ཡོད་པའི་བསྟི་གནས་ཁང་ཁག་ཅིག་ཡོད་པ་རེད། སྤྱི་མཐུན་ཚོགས་པ་སོ་སོས་ལས་འགུལ་འདྲ་མིན་སྤེལ་བཞིན་འདུག དེ་བཞིན་སྐུ་ཚབ་དོན་གཅོད་ཁག་བརྒྱུད་ནས་ན་གཞོན་ཚོར་རྒྱ་གར་ནང་དབྱར་ཁའི་ལས་འཆར་དེ་འདྲ་གནང་གི་འདུག དེ་ཚོ་ཡག་པོ་མེད་འགྲོ་བསམ་གྱི་འདུག གལ་ཆེ་ཤོས་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་གདོང་ལེན་བྱེད་པར་གཙོ་བོ་སྤྱི་མཐུན་ཚོགས་པ་ཚོས་ཉིན་མོའི་སློབ་གྲྭའི་ནང་གཟའ་སྤེན་པ་དང་ཉི་མ་གཉིས་ནང་ཤུགས་བརྒྱབ་བསྡད་ཡོད། དེའི་ནང་བོད་ཕྲུག་མང་དུ་གཏོང་བ་དང་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས། ཀློག་དེབ་ཡར་རྒྱས་གཏོང་དགོས་པ། དཔེར་ན། ད་ལོར་ཝ་ཤིན་ཊོན་དུ་སྐུ་ཚབ་དོན་གཅོད་ཀྱིས་སློབ་གྲྭའི་བོད་ཡིག་དགེ་རྒན་ཚོའི་ཚོགས་འདུ་ཐེངས་བཞི་པ་ཚོགས་སྐབས་ཤེས་ཡོན་འགན་འཛིན་ཚོགས་འདུར་ཆེད་བཅར་བྱས་ཡོད། སྔོན་མ་ནེའུ་ཡོག་ཏུ་སློབ་ཕྲུག་ ༢༠༠ མ་ཟིན་ཙམ་དང་མེ་ནེ་སོ་ཊིར་སློབ་ཕྲུག་ ༡༢༠ ལྷག་འདུག དེ་གཉིས་ཆེ་ཤོས་འདྲ་བོ་རེད། དེ་ཚོ་ཚགས་ཚུད་བྱུང་ན་སློབ་ཕྲུག་མང་དུ་འགྲོ་གི་རེད་བསམ་པ་འདུག ང་རང་གིས་འདི་ལྟར་ཞུ་དགོས་དོན་གང་ཡིན་ཟེར་ན། ང་ཚོས་སྲིད་བྱུས་དེ་ཚོའི་སྒང་ལ་ཤུགས་བརྒྱབ་པ་ཡིན་ན། ཤེས་རིག་ལས་ཁུངས་ངོས་ནས་ཀྱང་ཀློག་དེབ་དང་སློབ་ཚན་གོ་སྒྲིག དགེ་རྒན་གྱི་སློབ་ཁྲིད་སོགས་ཀྱི་ཐོག་མཐུན་སྦྱོར་ག་རེ་ཞུ་ཐུབ་པ་ཞུ་ངེས་ཡིན་ལ། སྤྱི་མཐུན་ཚོགས་པའི་ངོས་ནས་སྤྱི་འཐུས་རྣམ་པ་ཚོའི་ཐུགས་སྣང་འོག་ཤུགས་སྐྱོན་ཐུབ་པ་ཡིན་ན་ཡག་པོ་མེད་འགྲོ་བསམ་གྱི་འདུག དེ་ཁྱབ་ཆེ་བ་དང་ཕ་མའི་འཁྲིས་སུ་བུ་ཕྲུག་ཡོད་པས་ཕ་མ་ཚོས་འགན་འཁུར་ཐུབ་པའི་དགོངས་པ་བཞེས་དགོས་པ་རེད་མ་གཏོགས། འདིར་ཡོད་པའི་ཉིན་མ་སློབ་གྲྭ་དང་གཏན་འཇགས་སློབ་གྲྭ་ལྟ་བུ་ཞིག་ཨ་རིའི་ནང་ལག་ལེན་འཁེལ་ཐུབ་མིན་དོགས་པ་ཡོད། ཅེས་གསུངས་སོང་།
གསར་འགོད་པ། ལྷ་སྐྱབས་རྒྱལ།
དེང་སྐབས་ནུབ་ཕྱོགས་ཡུལ་ཁག་དང་བོད་པ་རྒྱུ་ཆེན་པོ་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་གནས་གལ་ཆེན་པོ་ཁག་ཏུ་ཕྱག་ལས་གནང་བཞིན་པ་མང་པོ་ཡོད་པ་རེད། ང་རང་གིས་བསམ་ན་ཨ་རི་དང་ཁ་ན་ཌ་སོགས་སུ་བོད་པའི་སློབ་གྲྭ་རྒྱག་མ་ཐུབ་པ་ཡོད་པ་མ་རེད་བསམ་གྱི་འདུག
ཨ་རི་ཁུལ་དུ་བོད་པའི་སློབ་གྲྭ་ཁབ་གཙང་ཞིག་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་གོང་གི་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་ “ནེའུ་ཡོག་ཏུ་སློབ་ཕྲུག་ ༢༠༠ མ་ཟིན་ཙམ་དང་མེ་ནེ་སོ་ཊིར་སློབ་ཕྲུག་ ༡༢༠ ལྷག་འདུག ” ཞེས་གསུངས་ཡོད་པ་སོགས་ལ་གཞིགས་ན་ངེས་པར་དུ་སློབ་གྲྭ་ཞིག་འཛུགས་དགོས་པ་གལ་ཆེན་པོ་འདུག རྒྱ་གར་ནང་གི་སློབ་གྲྭ་ཁག་ནང་སློབ་ཕྲུག་ཉུད་དུ་འགྲོ་བཞིན་ཡོད་ནའང་མི་རིགས་གཞན་པའི་སློབ་མ་ཨུ་ཚུགས་ཀྱིས་བསྡུས་ཏེ་སློབ་གྲྭ་སྒོ་རྒྱག་མ་དགོས་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེ་བས་ཨ་རི་དང་ཡོ་རོབ་ནང་བོད་པ་མང་དུ་འགྲོ་བཞིན་ཡོད་པ་དེ་ལ་ཤུགས་ཡོད་ཚད་རྒྱག་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་རེད་བསམ་གྱི་འདུག ཐོག་མ་མགོ་འཛུགས་སྐབས་སུ་དཀའ་ངལ་མང་དག་ཅིག་འཕྲད་སྲིད་པ་རེད། ཡིན་ནའང་ཕུགས་ལ་བོད་སྤྱི་སྒེར་གཉིས་ལ་ཧ་ཅང་ཕན་པའི་ལས་དོན་རླབས་ཆེན་པོ་ཞིག་ཆགས་ཡོང་གི་རེད་བསམ་གྱི་འདུག བཀྲ་ཤིས་བདེ་ལེགས།