བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་སྐབས་ཀྱི་གནས་སྟངས་དང་ལངས་ཕྱོགས། དེ་བཞིན་བོད་དོན་བདེན་པའི་འཐབ་རྩོད་དང་འབྲེལ་བའི་གནད་དོན་གལ་འགངས་ཆེ་བ་ཁག་གཅིག
བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན།
༄༅། །སྔ་ལོ་ (༢༠༡༣) ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུས་གོ་སྒྲིག་གནང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དུས་ཆེན་ཉིན་མགྲོན་འབོད་གནང་ཡང་བཅར་ཐུབ་མ་སོང་། དེ་བཞིན་ད་ལོ་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཐོག་བསྐྱར་དུ་མགྲོན་འབོད་གནང་བར་ཡང་བཅར་མ་ཐུབ་པར་བརྟེན། སྐབས་དེར་ཞུ་འདོད་བྱུང་བའི་གནད་དོན་ཁག་གི་ཐོག་རྒྱབ་ལྗོངས་དང་བཅས་པ་ཁ་སྣོན་ཞུས་ཏེ་དོ་ནན་ངང་ད་ལམ་ཡིག་ཐོག་ལ་བཀོད་པ་ཡིན།
རྩ་བའི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟ་དང་མ་འོངས་པའི་ལངས་ཕྱོགས་ཇི་ལྟར་འཛིན་མིན་འདི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཐོག་དབུ་ཁྲིད་དང་ཚོགས་མི་རྣམ་པའི་འགན་དབང་རེད། འོན་ཀྱང་རང་ཉིད་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་མཁན་གྱི་གྲས་ཤིག་དང་། དེའི་སྐབས་ལས་འགན་གཙོ་ཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གཞོན་ནུ་ལྷན་ཚོགས་བཙུགས་དགོས་པའི་རྒྱུ་མཚན་དང་། ཐོག་མར་བཙུགས་སྐབས་ཀྱི་གནས་སྟངས། ལྟ་བ་ལངས་ཕྱོགས་བཅས་ཀྱི་སྐོར་ལ་ཞུས་ན་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་སྲིད་པ་རེད་སྙམ་པ་མ་ཟད། ད་དུང་དེའི་སྐོར་ལ་འགྲེལ་བརྗོད་བྱ་རྒྱུ་ནི་ཕྲན་གྱི་ལས་འགན་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད།
སྤྱིར་བཏང་རྒྱལ་ཁབ་ཅིག་དང་། སྒྲིག་འཛུགས་ཤིག ཡང་ན་མི་སྒེར་པ་སུ་འདྲ་ཞིག་ཡིན་རུང་སོ་སོའི་ལོ་རྒྱུས་རྣམས་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ཡང་ལོ་རྒྱུས་ནང་སྤོབས་པ་བྱ་འོས་པ་དང་དགའ་སྤྲོ་འཕེལ་བའི་གནས་ཚུལ་ཡོད་ལ། ཡང་སྐབས་རེ་འགྱོད་པ་སྐྱེ་བ་དང་ངོ་གནོང་དགོས་པའི་གནས་ཚུལ་ཡང་ཡོད་སྲིད། ལེགས་ཉེས་གང་ཡིན་རུང་དངོས་ཡོད་གནས་ཚུལ་གཞིར་བཟུང་དགོས་པ་ལས། རྟོག་བཟོ་བྱས་པའམ། ཡང་ན་སོ་སོའི་སྣང་བ་དག་པའི་ལོ་རྒྱུས་ལ་གཞི་བཅོལ་ཏེ་མི་འདྲ་བ་ཞིག་བྱ་རྒྱུ་ཡོད་ཁུལ་བྱས་ན་དོན་ཐོག་ཏུ་ཁུངས་འཁྱོལ་དཀའ་བ་རེད། ང་ཚོའི་སྤྱི་ཚོགས་ལ་མཚོན་ན། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྟ་ཅི་ཐ་ན་འདས་པའི་ལོ་ངོ་བཅུ་ཕྲག་གོང་གི་ལོ་རྒྱུས་ཀྱང་གསལ་པོ་མ་ཤེས་པའམ། རྒྱུས་མངའ་ཤེས་རྟོགས་བྱེད་ཀྱི་མེད་པའི་ཚོར་སྣང་ཡོང་གི་འདུག དེར་བརྟེན་ཚང་མས་ལོ་རྒྱུས་ལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ངེས་པར་དུ་ཤེས་རྟོགས་ཐུབ་པ་དགོས་ཀྱི་འདུག་ཅེས་ཤ་ཚའི་ངང་དྲན་སྐུལ་ནན་པོ་ཞུ་འདོད་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་སྟངས་ལ་མཚོན་ན། དུས་ཚོད་གང་ཙམ་ཞིག་རིང་བསམ་ཞིབ་གོ་བསྡུར་བྱས་པ་བརྒྱུད་བྱུང་བ་ཞིག་ཡིན་པ་ལས་གློ་བུར་དུ་ཐོན་པའི་སྒྲིག་འཛུགས་ཤིག་ཆགས་ཀྱི་མེད། དཔེར་ན། ངས་ད་ལྟ་ཡང་གསལ་པོ་དྲན་པར། ཕྱི་ལོ་ ༡༩༦༣ ལོ་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ངེད་གཉིས་ཐུག་སྟེ་གོ་བསྡུར་མང་པོ་བྱས་མྱོང་།
གཞོན་ནུ་ལྷན་ཚོགས་ཐོག་མར་གསར་བཙུགས་བྱེད་མཁན་ཚོགས་སྐོང་འགན་འཛིན་མི་བཞི་ཡོད་པ་སྟེ། བཀའ་ཟུར་དང་སྐུ་སྒེར་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་དང་། བཀའ་བློན་ཁྲི་ཟུར་དམ་པ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ལགས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། དེ་བཞིན་ཕྲན་རང་བཅས་ཡིན། རྗེས་སུ་ལས་དོན་དངོས་གཞིའི་སྐབས་མི་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད་ལ། ཚང་མས་ཐུན་མོང་ཐོག་ཕྱར་གྲུ་མཉམ་འདེགས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཆགས་ཡོད།
བཙན་བྱོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་རྒྱུའི་ཀུན་སློང་དང་དགོས་པ་དམིགས་ཡུལ་གྱི་འབྱུང་ཁུངས་ནི། དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་མེད་ལ་མ་ལྟོས་པར་བོད་ས་སྟོད་སྨད་ཡོངས་སུ་རྫོགས་པར་རྒྱ་ནག་གུང་བྲན་གྱི་བཙན་བཟུང་དྲག་གནོན་གཅིག་མཚུངས་མྱོང་དགོས་བྱུང་ཞིང་། བོད་མི་འབུམ་ཕྲག་མང་པོ་བསད་རྨས་བཙོན་བཅུག་དང་། ཁྲི་ཚོ་ཁ་ཤས་རང་ཡུལ་བཞག་སྟེ་བཙན་བྱོལ་དུ་སྐྱོད་དགོས་པ་སོགས་ཀྱི་དུས་འགྱུར་ཆེན་པོ་བྱུང་བར་བརྟེན། བོད་མི་ཡོངས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ནུས་ཤུགས་གོང་བུ་གཅིག་སྒྲིལ་བྱ་རྒྱུ་དང་། རྒྱ་དམར་གྱི་བཙན་འཛུལ་ལ་གདོང་ལེན་བྱེད་པའི་དམིགས་ཡུལ་གཅིག་གྱུར་ཡོང་ཐབས་བྱ་རྒྱུ་བཅས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱབ་རྟེན་གཙོ་བོ་ཆགས་ཡོད།
དང་པོ། བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་ཆེན་མོ་ཕུལ་བ།
ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་ལ་བཙན་བྱོལ་དུ་ཕེབས་པའི་བོད་ས་སྟོད་སྨད་ཀྱི་བླ་ཆེན་མི་ཆེན་རྣམས་དང་། སྐབས་དེའི་གཞུང་ཞབས་མི་སྣ། ཆུ་བཞི་སྒང་དྲུག་གི་དབུ་འཛིན་ཁག་བཅས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བའི་ནང་། འདས་པའི་དུས་རབས་བར་སྐབས་ཤིག་ནས་བོད་མི་རིགས་ཀྱི་ནུས་ཤུགས་གཅིག་སྒྲིལ་མ་ཐུབ་པའི་ཉེར་ལེན་གྱིས་ད་ཆ་གནས་ཚུལ་འདི་འདྲར་གྱུར་པ་ངོས་འཛིན་དང་ཉམས་མྱོང་དུ་འཁུར་ཏེ། ད་ཕྱིན་བོད་མི་ནང་ཁུལ་ལུང་ཚན་དང་། ཆོས་ལུགས་ཀྱི་འཐེན་འཁྱེར། སྒེར་འཁོན་ཞེ་འཛིན་གྱི་རིགས་ཐམས་ཅད་སྤངས་ནས་བོད་རིགས་ཡོངས་རྫོགས་བློ་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་གནས་རྒྱུ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཉག་གཅིག་གི་འོག་བོད་སྤྱིའི་བདེན་དོན་འགྲུབ་ཐབས་སུ་རང་རང་འགན་བབས་ཞུ་བྱ་ཅི་མཆིས་རང་ནུས་ཅི་ཐུབ་ཞུ་རྒྱུ་དང་བཅས་པས་དགའ་སྤྲོ་ཆེན་པོས་མོས་མཐུན་ཐག་གཅོད་གཙང་མ་བྱས་པའི་མནའ་གན་ཆེན་མོ་ཞེས་པ་ཕུལ་བའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཕེབས་པའི་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་མུ་མཐུད་གནས་པའི་ཐོག་གཞུང་གི་ངོ་བོ་དང་རྣམ་པར་དུས་བསྟུན་འགྱུར་བ་ཆེན་པོ་ཕྱིན་ཏེ། ཆོལ་ཁ་གསུམ་གྱི་ངོ་བོ་ལྡན་པའི་བོད་མི་ཡོངས་ཀྱི་གཅིག་གྱུར་གྱི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད།
དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་གནས་ཚུལ་འགྱུར་བ་ཆེ་ཤོས་དེ་ཡིན། དེ་ཡང་མི་ལོ་བརྒྱ་ཕྲག་མང་པོ་སོང་བའི་རྗེས་གཞི་ནས་བོད་མིའི་སེམས་ནང་བོད་མི་ཡོངས་རྫོགས་མི་རིགས་དང་ཆོས་ལུགས། རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་པ་གཅིག་གྱུར་ཡིན་པའི་ཆབ་སྲིད་ཀྱི་འདུ་ཤེས་ནུས་ཤུགས་ལྡན་པ་ཞིག་བསྐྱར་གསོ་ཐུབ་པ་བྱུང་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་མནའ་གན་ཆེན་མོའི་འབྲུ་དོན་ཕྱག་བསྟར་གནང་སྟེ། ཕྱི་ལོ་༡༩༦༠ ལོ་དེ་རང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་སྐབས་ཆོལ་ཁ་རེ་ནས་འཐུས་མི་གསུམ་རེ་དང་ཆོས་བརྒྱུད་ཆེན་པོ་བཞིའི་སྐུ་ཚབ་རེ་བཅས་ཁྱོན་འཐུས་མི་ ༡༣ གཏན་འཁེལ་གནང་བ་དེ་ནི་ཕུགས་རྒྱང་རིང་པོར་ཐུགས་དགོངས་བཞེས་ཏེ་བོད་མི་རིགས་ཡོངས་རྫོགས་གཅིག་གྱུར་ཐོག མ་འོངས་པར་བོད་མི་ཡོངས་ལ་ཁྱབ་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡོང་ཐབས་སུ་དམིགས་གནང་བ་ལས། རྒྱ་གར་ནང་ཡོད་པའི་བོད་མི་ཉུང་ཤས་ཀྱི་འཕྲལ་སེལ་འཐུས་མི་ལྟ་བུ་ཞིག་མིན་ཞེས་བཀའ་གནང་ཡོད།
བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་མནའ་གན་ཆེན་མོ་ཕུལ་བ་འདི་ལག་ལེན་དོན་འཁྱོལ་ཡོང་བར། བོད་གངས་ཅན་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་ཆོལ་ཁ་གསུམ་སོ་སོའི་ངོ་བོ་ལ་བརྩི་བཀུར་ངོས་འཛིན་འདྲ་མཉམ་བྱ་དགོས་ཀྱི་ཡོད། ཚང་མར་བརྩི་བཀུར་ངོས་འཛིན་འདྲ་མཉམ་བྱ་རྒྱུ་འདི་བོད་མི་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་ངང་གནས་ཐུབ་པར་བྱེད་པའི་ཆ་རྐྱེན་གལ་འགངས་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། བོད་རྒྱ་མཉམ་གནས་ཀྱི་ཐབས་ལམ་ཡིན་ནའང་འདྲ། བོད་མི་ཡོངས་རྫོགས་གཅིག་གྱུར་གྱི་གཞི་རྟེན་ཡིན་ནའང་འདྲ། འདྲ་མཉམ་མེད་ན་གཅིག་གྱུར་ཡོང་ཐབས་མེད། དེ་བཞིན་ཆོས་ལུགས་དང་ཆོས་བརྒྱུད་ཀྱི་ཐད་ནས་བཤད་ནའང་གཅིག་མཚུངས་རེད།
འོན་ཀྱང་ཡ་མཚན་ཞིག་ལ། འགྱུར་བ་ཆེན་པོ་དེའི་བྱུང་རིམ་སྐོར་ལ་དེང་སང་དྲན་གསོ་ཞུ་རྒྱུ་ཕར་བཞག་བགྲོ་གླེང་ཙམ་ཡང་ཡོང་གི་མི་འདུག དངོས་གནས་ཞུས་ན། ད་ལྟ་ང་ཚོས་ལམ་དབུ་མ་དང་རང་བཙན། རང་ཐག་རང་གཅོད་སོགས་གང་འདྲ་ཞིག་གླེང་གི་ཡོད་རུང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་དེའི་བྱུང་རིམ་གཞི་ལ་བཞག་སྟེ་གོ་བསྡུར་མ་བྱས་ན། དངོས་ཡོད་གནས་ཚུལ་བཤད་སྟངས་མ་ཤེས་པ་ཆགས་རྒྱུ་རེད།
བོད་གངས་ཅན་པ་ཡོངས་ཀྱི་ཆོས་དང་རིག་གཞུང་རྒྱལ་གཅེས་ཀྱི་བསམ་བློ་གཅིག་ཏུ་བསྒྲིལ་ཐུབ་པ་དེ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང། མཛད་པ་དེ་ཁོ་ནར་བསམ་ནའང་མགོན་པོ་གང་ཉིད་ནི་༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་བོད་མི་རིགས་ལ་མཛད་རྗེས་དང་བཀའ་དྲིན་ཆེ་ཤོས་དེ་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་དུ་ཕེབས་པའི་ངའི་ཕ་རྒན་གྱི་མི་རབས་དེ་ཚོས་མནའ་གན་ཆེན་མོ་ཕུལ་ས་ཡང་མགོན་པོ་གང་ཉིད་རེད་ལ། ད་ཆ་མདོ་དབུས་ཁམས་གསུམ་དུ་གནས་པའི་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་པའི་འབྱུང་ཁུངས་ཀྱང་མགོན་པོ་གང་ཉིད་ལ་དམིགས་པའི་དད་འདུན་དང་ཡིད་ཆེས་གཡོ་བ་མེད་པ་ཁོ་ནའི་ཁྲོད་ནས་འབྱུང་བཞིན་ཡོད་པ་གསལ་པོ་རེད།
ང་རང་སྒེར་གྱི་ལྟ་སྟངས་ཐོག་ནས་ཞུས་ན། བོད་མི་ཚོས་གཅིག་སྒྲིལ་གྱི་དམ་བཅའ་དེ་༧གོང་ས་མཆོག་ལ་ཕུལ་བ་མ་གཏོགས་བོད་མི་ནང་ཁུལ་ཕན་ཚུན་དབར་བཞག་པ་ཞིག་མིན་སྙམ། རྒྱུ་མཚན་དེ་འདྲའི་དབང་གིས་གུས་དང་གུས་འདྲ་བའི་མི་ཉུང་ཤས་ཤིག་ལ་དགའ་ལྡན་ཕོ་བྲང་དང་བོད་མིའི་བསྟན་སྲིད་འཛིན་སྐྱོང་དབར་གྱི་འབྲེལ་བ་མུ་མཐུད་གནས་རྒྱུ་གལ་ཆེན་པོ་ཡིན་པའི་མཐོང་ཚུལ་བྱུང་བ་རེད། གཅིག་བྱས་ན་སེམས་འཚབ་དེ་དག་སྙིང་སྟོབས་ཆུང་དྲགས་པ་དང་ཕུགས་རྒྱང་རིང་པོར་བལྟ་མི་ཐུབ་པའི་སྐྱོན་ཆ་ཡིན་སྲིད་སྙམ་པ་བཅས་ནི་ཞོར་འཕྲོས་ཙམ་ཡིན།
གཉིས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་དགོས་པའི་རྒྱུ་མཚན།
ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་བྱུང་བ་དེ་ལ་ཡོངས་ཁྱབ་ངང་མི་འདོད་པ་བཤད་མཁན་མེད་ཀྱང་དོགས་པ་རྣམ་རྟོག་བྱེད་མཁན་མེད་པ་མིན། དེ་དག་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་བྱས་པའི་གནས་ཚུལ་ཁོ་ན་མ་རེད།
གནས་ཚུལ་ཁ་ཤས་ཐོག་དངོས་ཡོད་གནས་སྟངས་དང་ལོ་རྒྱུས་ཀྱི་ཐོག་ནས་དོགས་པ་ཐེ་ཚོམ་ཡོང་གི་ཡོད། དེ་ལྟར་ཡོང་སྲིད་པ་ཞིག་ཀྱང་རེད། དེ་ཡང་གཙོ་བོ་ང་ཚོའི་ཕ་མའི་སྐབས་ཀྱི་མི་ཐོག་དེ་ཚོ་རེད།
གོང་དུ་ཞུས་པ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡོངས་རྫོགས་གཅིག་སྒྲིལ་བྱ་རྒྱུའི་སྐོར་བསམ་ཚུལ་བགྲོ་གླེང་ཤུགས་ཆེ་རུ་འགྲོ་བཞིན་པ་དང་ཕྱོགས་མཚུངས་སྐབས་དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་བཀའ་སློབ་ཕེབས་པ་ཚང་མའི་ནང་། སྐབས་སུ་བབས་པའི་བསྒྲུབ་བྱ་གཙོ་བོ་དེ་ནི་བོད་མི་ཚང་མས་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་སོགས་ཀྱི་ཕྱོགས་བསྒྲིལ་འཐེན་འཁྱེར་གྱི་བསམ་ཚུལ་འདོར་ནས་མཐུན་སྒྲིལ་དམ་ཟབ་འོག་རྡོག་རྩ་གཅིག་སྒྲིལ་ངེས་པར་དུ་བྱེད་དགོས་ཞེས་བཀའ་སློབ་ཡང་ཡང་གནང་དགོས་བྱུང་ཡོད།
དེར་བརྟེན་སྐབས་དེ་དུས་ང་ཚོ་གཞོན་ནུ་ཚོའི་རེ་བར་ང་ཚོའི་མི་ཐོག་དང་། ལྷག་པར་དུ་མི་ཐོག་རྗེས་མའི་སྐབས་ལ་དེ་འདྲའི་སྣང་བ་རྣམ་རྟོག་མེད་པ། བོད་མི་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་ཞིག་ཡོང་ཐབས་སུ་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་བ་རེད། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་འདི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་བའི་དམ་བཅའ་ཡིན་པ་ལྟར། དུས་ད་ལྟ་བར་གཞོན་ནུ་ལྷན་ཚོགས་ཀྱིས་ལངས་ཕྱོགས་འདི་བཟུང་སྟེ་ཞབས་འདེགས་རྒྱུན་མི་ཆད་པ་ཞུས་ཡོད།
དཔེར་ན། གཞོན་ནུ་ལྷན་ཚོགས་ཀྱི་ལས་རྟགས་དང་དར་ཆའི་སྟེང་བོད་ཀྱི་ས་ཁྲ་ཞིག་བྲིས་ཡོད་པ་དེའི་དགོས་པ་རྒྱུ་མཚན་གང་རེད་ཞུས་ན། གོང་ཞུས་ལྟར་ཕྱི་ལོ་ ༡༩༦༠ རེ་གྲངས་ལོ་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་དེར་རྒྱབ་སྐྱོར་མཚོན་བྱེད་དང་། བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཚུད་པའི་བོད་མི་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་ངང་གནས་པའི་ཐོག་དམ་ཚིག་གཡོ་བ་མེད་པར་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་དམ་བཅའ་འདི་དྲན་སྐུལ་ཡོང་རྒྱུ་མ་ཟད། དེ་བཞིན་ལས་རྟགས་དང་དར་ཆ་དེ་རང་གི་ཐོག་ནས་གཞོན་ནུའི་དམིགས་ཡུལ་གསལ་པོ་མཚོན་ཐུབ་པ་ཞིག་ཡོང་རྒྱུའི་ཆེད་དུ་རེད།
དེ་དང་དུས་མཚུངས་གཞོན་ནུའི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གལ་གནད་ཆེ་བ་གཞན་ཞིག་ནི། སྐབས་དེ་དུས་བཙན་བྱོལ་བོད་གཞུང་གིས་ཐད་ཀར་འཛིན་སྐྱོང་གནང་བའི་སློབ་གྲྭ་ཁག་ནས་མཐོ་སློབ་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་ལྟར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ན་གཞོན་ཚོར་རྒྱལ་གཅེས་ཀྱི་སེམས་ཤུགས་དང་མ་འོངས་པར་ཕུགས་བསམ་ཆེན་པོ་བཅངས་ནས་ཡོད་པ་དེ་དག་གི་ནུས་ཤུགས་ཁ་མ་འཐོར་བ་དང་། ཆུད་ཟོས་སུ་མ་ཕྱིན་པའི་ཐོག་གཞུང་མང་གཉིས་ཀར་ཐུགས་ཕན་གསོས་པ་ཞིག་ཡོང་ཐབས་བྱ་རྒྱུའི་ཆེད་དུའང་དམིགས་པ་ཞིག་རེད།
གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་སྲ་བརྟན་གོང་འཕེལ་ཡོང་ཐབས་ལའང་གཞོན་ནུ་ལྷན་ཚོགས་ཀྱིས་དོན་ཕན་ལྡན་པའི་ཞབས་འདེགས་ཞུས་ཡོད་ཅིང་། གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པ་ནས་བཟུང་ད་ལྟའི་བར་མང་གཙོའི་ལམ་ལུགས་ཚད་དང་ལྡན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད། གཞོན་ནུ་ལྷན་ཚོགས་ནས་མང་གཙོའི་ལག་ལེན་དང་ལྟ་གྲུབ་མུ་མཐུད་རྒྱུན་འཛིན་བྱས་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་མང་གཙོའི་གོམས་སྲོལ་འཇགས་ཐབས་སུ་ནུས་པ་ལྡན་པའི་ཕན་ཐོགས་བྱུང་ཡོད།
དེང་སྐབས་འགའ་རེས་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་མཐར་ཐུག་གི་བསྒྲུབ་བྱ་ཡིན་པ་ལྟ་བུའི་བསམ་ཚུལ་བཏོན་གྱི་འདུག ལྟ་ཚུལ་འདི་ནི་ཡང་དག་པ་ཞིག་མ་རེད་སྙམ། བོད་མི་འབུམ་ཕྲག་མང་པོས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་བ་དང་། བོད་མི་འབུམ་བརྒལ་བ་བཙན་བྱོལ་དུ་སྐྱོད་དགོས་བྱུང་བ་མ་ཟད། བོད་མི་ས་ཡ་མང་པོ་ད་དུང་ཡང་བཙན་གནོན་འོག་དཀའ་ངལ་དུ་མ་འཕྲད་ཅིང་སྡུག་བསྔལ་གྱི་རྒྱ་མཚོའི་ནང་གནས་ཡོད། ལྷག་པར་དུ་བོད་ས་ཡོངས་ནང་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་དམིགས་བསལ་གྱི་དམ་བསྒྲགས་དང་དཀའ་ངལ་འཕྲད་པར་བརྟེན་ཕྱི་ལོ་ ༢༠༠༩ ལོ་ནས་གཞིས་བཞུགས་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་རང་ལུས་མེར་སྲེག་ལ་སོགས་པ་བྱ་དགོས་བྱུང་བའི་རྒྱུ་མཚན་མཐར་ཐུག་ནས་ཞུས་ན་འཇིག་ལ་ཉེ་བའི་བོད་མིའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་བྱེད་ཆེད་ལས། མང་གཙོའམ་དམངས་གཙོའི་ཐོབ་ཐང་རྩོད་པའི་ཆེད་དུ་མིན་པ་གསལ་པོ་རེད། འོན་ཀྱང་གོང་ཞུས་ལྟར་བོད་མིའི་གཅིག་སྒྲིལ་གྱི་ནུས་པ་དེ་ཆོལ་ཁ་དང་ཆོས་ལུགས་སོ་སོའི་འདྲ་མཉམ་གྱི་ཐོབ་ཐང་དང་དབང་ཚད་ལ་བརྩི་བཀུར་བྱེད་པའི་སྒོ་ནས་ཡོང་དགོས་པ་ཡིན་སྟབས། དེ་ཡོང་བར་བྱེད་པའི་ཐབས་ལམ་ཡག་ཤོས་ནི་མང་གཙོའི་ལམ་ལུགས་དེ་ཉིད་ཡིན་པ་བརྗོད་མ་དགོས་པ་རེད།
གསུམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས།
འགའ་རེས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་དེ་རང་བཙན་གྱི་ལངས་ཕྱོགས་འཛིན་ཆེད་ཁོ་ནའི་དོན་དུ་བཙུགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག དེ་ཡང་དོན་དངོས་དང་མཐུན་པ་ཞིག་མ་རེད། གཞོན་ནུ་ལྷན་ཚོགས་ཐོག་མར་གསར་བཙུགས་བྱེད་སྐབས་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་རང་སྐྱོང་གི་ལྟ་བ་འཁྱེར་མཁན་ཟེར་བའི་དབྱེ་བ་དེ་མེད་པ་ཚང་མས་ཤེས་གསལ་རེད། ལམ་དབུ་མའི་དགོངས་བཞེད་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེའི་རྗེས་སུ་ཡོངས་གྲགས་ངང་འདོན་གནང་མཛད་པ་ཞིག་རེད།
བོད་མི་འབུམ་ལ་ཉེ་བ་ཐོག་མར་བཙན་བྱོལ་དུ་འབྱོར་མཚམས་སུ་སྐབས་བབས་ཀྱི་ཛ་དྲག་གནས་སྟངས་ནི་མི་མང་གི་འཚོ་གོས་ཀྱི་དཀའ་ངལ་སེལ་རྒྱུ་དང་། ན་གཞོན་ཚོའི་ཤེས་ཡོན་སློབ་གསོ། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། གོམས་སྲོལ་ལ་སོགས་པ་སྲུང་སྐྱོབ་བྱ་ཆེད་གཞིས་ཆགས་དང་སློབ་གྲྭ་ཟུར་འཛུགས་གནང་རྒྱུ། དེ་མཚུངས་དགོན་པ་གྲ་ཚང་བསྐྱར་གསོ་གནང་ཐབས་བཅས་ལ་དམིགས་སུ་བཀར་ནས་འབད་བརྩོན་གཙོ་འདོན་གནང་དགོས་བྱུང་ཡོད།
རྒྱ་ནག་ནང་མཚོན་ན། སྐབས་དེ་དུས་མདུན་མཆོང་ཆེན་པོ་ཟེར་བ་དང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་བའི་སྐབས་འཁེལ་ཡོད་པས། བཙན་བཟུང་བྱས་པའི་བོད་ས་ཚུད་པའི་རྒྱ་ནག་ཁྱོན་ཡོངས་ནང་དུས་ཡུན་གང་ཙམ་རིང་དབང་ཆའི་འཐབ་རྩོད་དང་ཐལ་ཆ་ཆེ་བའི་ལས་འགུལ་རིམ་པ་སྤེལ་བ་ལས་གནས་ལུགས་རྒྱུ་མཚན་དྲངས་ནས་བསམ་ཚུལ་བཤད་ས་མེད་པ་ཀུན་གྱིས་ཤེས་གསལ་རེད།
སྐབས་དེར་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ངེས་ཅན་ཞིག་གཏན་འབེབས་བྱ་རྒྱུའི་གོ་སྐབས་དང་གནས་སྟངས་བྱུང་མེད་སྟབས། རང་བཙན་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་རང་བཞིན་གྱིས་གནས་ཡོད།
དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་སྐབས་དམིགས་ཡུལ་གྱི་ཁོངས་སུ་རང་བཙན་འཁོད་ དགོས་དོན་དེ་ལྟར་ཡིན་པ་ལས། རང་བཙན་གྱི་ལངས་ཕྱོགས་འཛིན་རྒྱུའི་དོན་དུ་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་བ་དེ་འདྲ་མ་ཡིན་པ་ཚང་མས་གསལ་པོ་མཁྱེན་པ་དགོས་ཀྱི་འདུག
བཞི་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་མུ་མཐུད་གནས་གལ་ཆེ་བ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། ད་ལྟ་ཡང་བོད་དོན་བདེན་པའི་འཐབ་རྩོད་ལ་མཁོ་གནས་ཆེ་བའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། དེ་འདྲ་སོང་ཙང་བོད་སྤྱིའི་ཁེ་ཕན་གྱི་ཆེད་དུ་སྒྲིག་འཛུགས་འདི་བཞིན་མུ་མཐུད་ཉམས་ཆག་མེད་པར་གནས་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན།
དེ་ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པའི་ངོ་བོ་ཉམས་ཆག་མེད་པར་རྒྱུན་འཛིན་བྱེད་པར། གཞན་གྱི་བཀོལ་སྤྱོད་དང་གཡམ་རྒྱུག་གི་རྗེས་སུ་འབྲང་པ་མ་ཡིན་པར་རང་ཚུགས་བརྟན་པོར་གནས་ཐུབ་དགོས། ཁྱད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་དབུ་ཁྲིད་འོས་འདེམས་བྱེད་སྐབས་གཞོན་ནུའི་དམིགས་ཡུལ་དང་ལྟ་བ་ལངས་ཕྱོགས་ལ་ཡིད་ཆེས་ཡོད་མཁན་ཞིག་ངེས་པར་དུ་ཡོད་དགོས་པ་དེ་ནི་རྨང་གཞིའི་ཆ་རྐྱེན་འདོར་ཐབས་མེད་པ་ཞིག་རེད། སྐབས་འདིར་གཞོན་ནུ་ལྷན་ཚོགས་ཀྱི་གཏན་འབེབས་ཟིན་པའི་གལ་ཆེའི་དམིགས་ཡུལ་དག་དྲན་གསོའི་ཆེད་ངོ་སྤྲོད་ཞུ་འདོད་བྱུང་བར།
༡། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ།
༢། ལུང་ཚན་དང་། ཆོས་ལུགས། གྲལ་རིམ་སོགས་དབར་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་བླང་དོར་འཇུག་ལྡོག་མ་ནོར་བ་དང་འབྲེལ་མང་ཚོགས་ནང་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས་ལྷུར་ལེན་འབད་སྒྲུབ་བྱ་རྒྱུ།
༣། ཆོས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོར་མཚོན་ནུས་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་མི་ཉམས་རྒྱུན་སྐྱོང་སླད་དང་། རང་ཉིད་ཀྱི་བསམ་སྤྱོད་མིང་དོན་མཚུངས་པའི་བོད་མི་ཞིག་ཏུ་འགྱུར་ཐབས་སུ་གཞོན་ནུ་སོ་སོའི་ངོས་ནས་དོ་སྣང་ཆེན་པོས་སྦྱང་བརྩོན་དང་འབྲེལ་རིག་གཞུང་དང་། གཤིས་སྤྱོད་བཟང་པོ་གཏན་ཉམས་སུ་འགྲོ་ གཞིའི་རིགས་ལ་དམིགས་བཀར་དོ་སྣང་གིས་ལེགས་སྤེལ་རྒྱུན་འཛིན་དང་། ཡོངས་ཁྱབ་ཏུ་སྤེལ་ཐབས་བྱ་རྒྱུ།
༤། གཞིས་བྱེས་རྒྱ་ཆེ་བོད་མི་མང་ནས་བོད་རང་བཙན་གྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དགྲ་བོར་རྒོལ་འཛིངས་ཀྱི་ལས་འགུལ་དཔེ་བསྔགས་ཀྱི་གནས་སུ་ཡོད་པ་དེ་དག་སྒྲུབ་ཆེད་དཀའ་ངལ་དང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་བསྐྱོད་བྱ་རྒྱུ། ཞེས་གཏན་འབེབས་བྱུང་ཡོད།
དེང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་སྐོར་བགྲོ་གླེང་ཤུགས་ཆེ་འགྲོ་དང་འགྲོ་བཞིན་པ་རེད་འདུག གཞི་རྩའི་ཆ་ནས་ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་འཛིན་བཞིན་པར་འགྱུར་བ་མེད་ནའང་། དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཏྲས་སྦག་གི་གྲོས་འཆར་གསལ་བསྒྲགས་གནང་རྗེས་ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༡༧ ཉིན་གཞོན་ནུ་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་འཇོག་གནང་མཛད་པའི་ནང་། གཞི་རྩའི་ཆ་ནས་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་མེད་ནའང་བོད་དོན་སྐོར་མཐའ་མའི་ཐག་གཅོད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱ་རྒྱུ་ནི་གཞི་རྩར་བཟུང་རྒྱུ་དེ་ཡིན་ཞེས་གསལ་ཡོད།
དེ་འདྲ་སོང་ཙང་གོང་འཁོད་གྲོས་ཆོད་དང་ལྷག་པར་གཞོན་ནུ་ལྷན་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་གྱི་དགོངས་དོན་གཞིར་བཟུང་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་ཞབས་འདེགས་ཞུས་ན་གཞོན་ནུ་ནང་ཁུལ་བསམ་ཚུལ་མ་མཐུན་མི་ཡོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱི་གལ་འགངས་དང་སྒྲིག་འཛུགས་དེ་མུ་མཐུད་ནུས་ཤུགས་ལྡན་པ་གནས་ཐུབ་རྒྱུར་ཡང་ཕན་ཐོགས་ངེས་པར་ཡོང་རྒྱུ་རེད།
ལྔ་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེད།
འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་སྤྱི་དང་། ལྷག་པར་དུ་བོད་དང་རྒྱ་ནག་ནང་གི་གནས་སྟངས་བཅས་ལ་དགོངས་བཞེས་ཀྱིས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ལངས་ཕྱོགས་གཏན་འཁེལ་གནང་དགོས་པ་གཟིགས་ཤིང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཐོག་མར་ཕྱི་ལོ་ ༡༩༧༤ ལོ་ཙམ་ནས་སྐབས་དེའི་བཀའ་ཤག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་བཅས་ལ་ནང་མོལ་གོ་བསྡུར་གནང་ཡོད། དེའི་རྗེས་རྒྱ་ཆེའི་མང་ཚོགས་ཁྲོད་མང་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་གོ་བསྡུར་བགྲོ་གླེང་རིམ་པ་གནང་བའི་མཐར། གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་པ་མ་ཟད། རྒྱལ་སྤྱིའི་ནང་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐུབ་པ་བྱུང་ཡོད།
རང་ཉིད་ནི་ལམ་དབུ་མར་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན། དེ་ཡང་རྨོངས་དད་བྱས་པ་རྩ་བ་ནས་མིན། རང་ཉིད་ཀྱི་ངོས་ནས་བརྟག་དཔྱད་དང་བསམ་ཞིབ་རྒྱུན་རིང་བྱས་པའི་ཐོག་ལས་དོན་དངོས་ཀྱི་ནང་ཉམས་མྱོང་བསགས་ཤིང་། འཛམ་གླིང་སྤྱི་ཡོངས་ཀྱི་བསམ་བློ་གཏོང་སྟངས་གང་འདྲ་ཡོད་མེད་དང་། ལྷག་པར་དུ་བོད་མི་སྤྱི་ལ་ཁེ་ཕན་གང་འདྲ་ཡོད་མེད་སོགས་ཚང་མ་གཞི་ལ་བཞག་ནས་རིགས་པའི་རྗེས་འབྲང་བྱས་ཏེ་རྒྱུ་མཚན་ངེས་པ་རྙེད་པའི་སྒོ་ནས་རྒྱབ་སྐྱོར་ཞུས་པ་ཡིན།
དབུ་མའི་ལམ་འདི་བཞིན་བོད་མིའི་གོང་བུ་གཅིག་གྱུར་གྱི་ནུས་པ་མ་བརླག་པའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་ཡོང་ཆེད་རྨད་དུ་བྱུང་པའི་རླབས་ཆེན་གྱི་དགོངས་པ་ཞིག་ཏུ་མཐོང་སྟེ་ག་དུས་ཡིན་ནའང་དེའི་དགེ་མཚན་ཤེས་པའི་སྒོ་ནས་ཡིད་སྨོན་དང་གུས་བཀུར་ཞུ་ཡི་ཡོད། ༧རྒྱལ་བ་རིན་པོ་ཆེའི་བཀའ་ཡིན་པའི་རྒྱུ་མཚན་གྱིས་དབུ་མའི་ལམ་ཐོག་སྐྱོད་དགོས་པ་༧རྒྱལ་བ་རིན་པོ་ཆེས་དུས་ནམ་ཡང་གསུངས་ཀྱི་མེད་ལ། ང་ཚོ་རྒྱབ་སྐྱོར་ཞུ་མཁན་ཚོས་ཀྱང་དེ་ལྟར་བརྗོད་མྱོང་མེད།
འོན་ཀྱང་རང་བཙན་རྩོད་མཁན་ཡིན་ཟེར་མཁན་ཉུང་ཤས་ཤིག་གིས་ད་ཡིན་ན་བཅད་སོང་། བཙོངས་སོང་། བབས་སོང་ཞེས་སོགས་བརྗོད་པ་དང་། སྐབས་རེ་ཐད་ཀར་༧སྐྱབས་མགོན་རིན་པོ་ཆེའི་མཚན་རང་འབོད་ཀྱི་འདུག བབས་སོང་ཟེར་ནས་བརྗོད་དུས་བོད་རང་བཙན་སྐོར་སྐད་ཆ་སྟོང་པ་མང་པོ་ཞིག་བཤད་པ་མ་གཏོགས་དོན་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཕར་བཞག་འདས་པའི་ལོ་ངོ་བརྒྱ་ཕྲག་ཙམ་ནང་བྱུང་བའི་ལོ་རྒྱུས་ཀྱང་གསལ་པོ་མ་ཤེས་པ་དང་། ཡང་ན་དོ་སྣང་མ་བྱས་པ་གསལ་པོ་མཐོང་ཐུབ་ཀྱི་འདུག
༧རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་རྒྱལ་ཚབ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཕྱག་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་གནང་ཡོད། དེའི་སྐོར་གཞུང་འབྲེལ་ཡིག་ཆ་ཁག་ནང་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་རེད་ཅེས་གྲ་རྒྱས་པོ་དང་གཟི་བརྗིད་ཆེ་མདོག་ཁ་པོ། སྐུ་དབང་ཆེན་པོ་ཞེ་པོ་གཅིག་ཕུལ་བ་ལྟ་བུ་ཡོད། འོན་ཀྱང་དྲང་པོ་ཞུས་ན། སྐབས་དེ་དུས་གནས་སྟངས་ཧ་ཅང་ཐབས་སྡུག་ཆགས་ཏེ་ཕྱོགས་གང་ས་ནས་འབ་སུ་བསྡུ་མི་ཐུབ་པའི་གནས་སྟངས་ཛ་དྲག་བྱུང་བའི་སྐབས་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་ཡོང་བའི་གསོལ་འདེབས་མ་ཞུ་མཐུ་མེད་བྱུང་བ་རེད།
དེའི་སྐབས་དམངས་ཁྲོད་དུ།
རྒྱལ་ཁབ་རྩབ་རལ་དགུ་རལ།།
རྒྱལ་བའི་ཕྱག་ལ་ཕུལ་སོང་།།
ཟེར་ནས་བཤད་སྲོལ་བྱུང་བ་དེ་བདེན་པ་ལྟ་བུ་རེད། གང་ལྟར་དྲང་པོ་ཞུས་ན། བཅད་སོང་། བཙོངས་སོང་ཟེར་མཁན་ཚོར་ཞུ་རྒྱུར། ད་ཆ་གང་ཞིག་བཅད་འདུག གང་འདྲ་ཞིག་བཙོངས་སོང་། དེ་དག་སྔོན་མ་ནས་བཅད་ཚར་བ་དང་བཙོངས་ཟིན་པའི་གནས་སྟངས་ཤིག་རེད།
ལམ་དབུ་མ་ལ་མཚོན་ན། དེའི་སྙིང་དོན་ཧ་ཅང་གསལ་པོ་རེད་ལ་མནའ་གན་མཐུ་མོ་ཆེ་ཕུལ་བའི་འབྲུ་དོན་ལྟར། བོད་ཆོལ་ཁ་གསུམ་ནང་གནས་པའི་བོད་མི་ཐམས་ཅད་གོང་བུ་གཅིག་གྱུར་ངང་གནས་ཐུབ་པ་དང་། མིང་དོན་མཚུངས་པའི་རང་སྐྱོང་ནང་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་ཡོང་བའི་ཐོག་དར་སྤེལ་ཡུན་གནས་ཐུབ་ཐབས་བྱ་རྒྱུ་ནི་དམིགས་འདུན་གཙོ་བོ་ཡིན། རྒྱལ་རབས་དང་རྒྱལ་སྤྱིའི་ཁྲིམས་སོགས་མང་པོ་ཞིག་གི་ཐོག་བསམ་བློ་བཏང་སྟེ་ལངས་ཕྱོགས་གང་འདྲ་ཞིག་གཏན་འབེབས་བྱས་ན་ཡང་། ཐོག་མར་ལངས་ཕྱོགས་དེ་ལ་བོད་མི་མང་ཆེ་བས་འདོད་མོས་ཡོད་དང་མེད། དེ་ནས་དེར་རྒྱལ་སྤྱིའི་ནང་རྒྱབ་སྐྱོབ་ཐོབ་ཐུབ་མིན། འཆར་གཞི་དེ་ལམ་ལྷོང་ཡོང་མིན། མཐའ་མ་རྒྱ་ནག་གཞུང་ལ་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་པའི་སྐབས་རྒྱུ་མཚན་ལྡན་པའི་ཐོག་ནས་བདེན་པ་དག་འབུད་ཐུབ་པ་བྱ་རྒྱུ་བཅས་ཀྱི་གཞི་རྩའི་གནད་དོན་ཁག་ལ་བསམ་གཞིགས་གནང་དགོས།
དེར་བརྟེན་དབུ་མའི་ལམ་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གྱི་གནས་སྟངས་གང་འདྲ་ཡོད་པ་ང་ཚོ་ཚང་མས་གང་ཙམ་ཤེས་ཀྱི་ཡོད། ང་རང་ཡང་ལས་དོན་དངོས་ཀྱི་ཐོག་འགན་ཁུར་མྱོང་མཁན་ཞིག་ཡིན། རྒྱལ་སྤྱིའི་ཐོག་གི་གཞུང་དང་གྲོས་ཚོགས། དེ་བཞིན་ཆབ་སྲིད་ཀྱི་ནུས་པ་ལྡན་པའི་གང་ཟག་མང་པོ་ཞིག་གིས་གནས་ལུགས་རྒྱུ་མཚན་མཐོང་བའི་སྒོ་ནས་རྒྱབ་སྐྱོར་བྱས་པ་མ་ཟད། ལས་དོན་འདི་བཞིན་དོན་འབྲས་སོན་པ་ཡོང་ཆེད་ཐད་ཀར་ལས་དོན་ནང་མཉམ་ཞུགས་ཀྱང་གནང་གི་ཡོད། དཔེར་ན། ཨ་རིའི་གཞུང་ལྟ་བུར་མཚོན་ན། ལོ་མང་སྔོན་ནས་བོད་རྒྱའི་དཀའ་ངལ་སེལ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདོན་གནང་མཛད་པའི་ཐབས་ལམ་དེར་རྒྱབ་སྐྱོར་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་རྗེས་ཨ་རིའི་ཕོ་བྲང་དཀར་པོ་ནས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་དབུ་མའི་ལམ་དངོས་སུ་གསལ་སྟོན་གནང་སྟེ་ཆེས་བསྟོད་དང་རྒྱབ་སྐྱོར་ཡོད་པའི་གནས་ཚུལ་ཁ་གསལ་བཀོད་ཡོད།
འགའ་རེས་རྒྱ་ནག་གཞུང་གིས་ད་ལྟ་བར་ང་ཚོའི་རང་སྐྱོང་གི་དགོས་འདུན་ལ་ངོས་ལེན་བྱས་མེད་སྟབས་དབུ་མའི་ཐབས་ལམ་དེ་ཁུངས་འཁྱོལ་མ་སོང་ཟེར་གྱི་ཡོད། རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་བྱེད་སྐབས་ལོ་དང་ཟླ་བ་ཁ་ཤས་ནང་གྲུབ་འབྲས་ཐོན་གྱི་རེད་སྙམ་པ་སུ་ལའང་མེད། དེ་ལྟར་བསམ་མཁན་ཡོད་ན་ཆབ་སྲིད་ཀྱི་དངོས་ཡོད་གནས་ཚུལ་མ་རྟོགས་པ་རང་རེད། བོད་རྒྱའི་དཀའ་རྙོག་ནི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་གནད་དོན་རྙོག་འཛིང་ཆེ་ལ་ནང་དོན་གཏིང་ཟབ་ལྡན་པ་ཞིག་རེད། ལར་ནས་ད་བར་རྒྱ་ནག་གཞུང་གིས་རིགས་པ་དང་རྒྱུ་མཚན་དྲངས་ཏེ་དབུ་མའི་ལམ་ལ་དགག་པ་རྒྱག་མི་ཐུབ་པར་བརྟེན་ཧམ་བཤད་དང་། ཞྭ་མོ་ནག་པོ་གཡོག་ཐབས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་དབུ་མའི་ལམ་ལ་དགག་པ་བརྒྱབ་པ་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་རྒྱུ་མཚན་འདུག་ཅེས་བརྗོད་མཁན་སུ་ཞིག་ཀྱང་མི་འདུག དེ་དང་དུས་མཚུངས་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་དང་། ལྷག་པར་དུ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་རྒྱ་རིགས་མཁས་དབང་དང་མི་རབས་གཞོན་པ་ཚོའི་ཁྲོད་བོད་མིའི་བདེན་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ངུ་འགྲོ་བཞིན་པ་ཤེས་གསལ་རེད།
ངས་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཚོར་སྐྱོན་བརྗོད་ཞུ་ཡི་མེད། མང་ཆེ་བ་ནི་དངོས་གནས་དྲང་གནས་སེམས་ཤུགས་ཡོད་པ་མ་ཟད། སྤྱི་དོན་གཉེར་མཁན་གཅིག་མཚུངས་རེད། ༧རྒྱལ་བ་རིན་པོ་ཆེར་དད་གུས་མ་གཏོགས་ཁ་གཏད་ལངས་ཀྱི་མེད། རང་ཉིད་ལམ་དབུ་མར་རྒྱབ་སྐྱོར་ཞུ་མཁན་ཡིན་ཁུལ་བྱས་ཏེ་རང་བཙན་རྩོད་མཁན་ཡོངས་ལ་ཞྭ་མོ་ནག་པོ་གཡོག་ན། དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་མ་ཟད། མང་གཙོའི་ལམ་ལུགས་དང་འགལ་ཞིང་། ཡ་རབས་སྤྱོད་བཟང་དང་མི་མཐུན་པ། ལས་རྒྱུ་འབྲས་ལའང་རྩིས་མེད་བཏང་བ་ཆགས་ཀྱི་རེད།
རང་བཙན་རྩོད་ཀྱི་ཡོད་ཟེར་མཁན་ཚོས་ཆོལ་གསུམ་བོད་མི་ཡོངས་རྫོགས་ཀྱི་ཁེ་ཕན་གཞི་ལ་བཞག་སྟེ་རྩོད་ཀྱིན་ཡོད་བཞག་རེད། བཀའ་མོལ་གནང་སྟངས་ལ་བལྟས་ན་ཕལ་ཆེར་དེ་ལྟར་ཡིན་པའི་རྣམ་པ་སྟོན་གྱི་འདུག དེ་འདྲ་སོང་ཙང་དམིགས་ཡུལ་དེ་དག་སྒྲུབ་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་པའི་རེ་བ་གང་འདྲ་འདུག སུ་ལ་གོ་བསྡུར་གནང་མྱོང་། གནས་ལུགས་རྒྱུ་མཚན་གང་དང་གང་དྲངས་པ་དེ་ཚོ་འགྲེལ་བཤད་གསལ་པོ་བྱེད་མཁན་ཞིག་དུས་ད་ལྟ་བར་མཐོང་ཐོས་མ་བྱུང་། གལ་ཏེ་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན། དེ་གནད་འགག་ཧ་ཅང་ཆེན་པོ་རེད།
དཔེར་ན། ཁག་གཅིག་ནས་སྔར་དགའ་ལྡན་ཕོ་བྲང་གཞུང་གིས་ཐད་ཀར་བསྐྱངས་པའི་བོད་ཀྱི་ས་ཁུལ་ཏེ། དེང་སང་གི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྩོད་ན་རྒྱུ་མཚན་ཡོད། ཁྲིམས་ཀྱི་ཐོག་ནས་ཡིན་ནའང་འདྲ། ལོ་རྒྱུས་ཐོག་ནས་ཡིན་ནའང་འདྲ། རྩོད་ས་ཡོད་རེད་ཟེར་བ་དེ་འདྲ་བསམ་གྱི་ཡོད་ན། དེ་གསལ་པོ་བཤད་དགོས། དེ་ལྟར་བཤད་མ་ཆོག་པའི་གནས་ཚུལ་གང་ཡང་མ་རེད། དེ་འདྲ་བཤད་པ་ཙམ་གྱིས་བོད་ས་གཅིག་སྒྲིལ་དང་བོད་རིགས་མཉམ་གནས་ལ་མི་འདོད་པ་བྱེད་མཁན་ཡིན་པས་ཁྱབ་ཀྱི་མ་རེད།
ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་བོད་མི་ཡོངས་རྫོགས་གཅིག་གྱུར་ངང་གནས་ཐུབ་པ་དང་མང་ཚོགས་ནང་བོད་རིགས་གཅིག་གྱུར་གྱི་ལངས་ཕྱོགས་དང་ལྟ་བ་བྱུང་བ་རེད་མ་གཏོགས་གཅིག་ལ་ཁེ་དང་གཞན་དེར་གྱོང་ཕོག་པ་ལྟ་བུའི་ཐོབ་ཤོར་གྱི་གནས་ཚུལ་མིན། འགའ་རེས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཚད་མཐོ་པོ་ཡིན་པ་དང་བོད་པའི་ས་ཁུལ་གཞན་རྣམས་དེའི་ཁོངས་སུ་ཚུད་ཨེ་ཐུབ་ལྟ་ཡི་ཡོད་པའི་བཟོ་འདྲ་བསམ་གྱི་འདུག དེ་འདྲ་མ་རེད། བོད་པའི་ས་ཁུལ་གཞན་མང་ཆེ་བར་ཡང་མིང་ཙམ་གྱི་རང་སྐྱོང་འདྲ་མཚུངས་བཟོས་ཡོད་པ་མ་ཟད། ས་བབས་དང་ལས་བྱེད་པའི་ཤེས་འཇོན། འཛིན་སྐྱོང་བྱེད་སྟངས་སོགས་ཀྱི་རྐྱེན་པས་དེ་ཚོ་མང་ཆེ་བའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་ལས་གནས་སྟངས་བཟང་བ་འདུག
དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གིས་ཐད་ཀར་བསྐྱངས་པའི་བོད་ཀྱི་ས་མཚམས་ཀྱི་གནས་སྟངས་དེ་ང་ཚོའི་སེམས་ནང་བཟོས་བཞག་པ་ནང་བཞིན་ཡོད་མ་རེད། འགའ་རེས་ཕྱི་ལོ་ ༡༩༤༠ ཞེ་གྲངས་གོང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གོང་བུ་གཅིག་གྱུར་ངང་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་བཟོ་འདྲ་བསམ་བློའི་ནང་འཁོར་གྱི་ཡོད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་མི་མང་པོའི་སེམས་ལ་ཡང་དེ་ལྟར་ཡིན་ཚུལ་གོམས་ཡོད།
འོན་ཀྱང་དངོས་ཡོད་གནས་ཚུལ་དེ་འདྲ་རང་མ་རེད། གོང་ཞུས་ལྟར་ང་ཚོའི་སྐྱོན་ཆ་ཆེ་ཤོས་དེ་ལོ་རྒྱུས་ལ་དོ་སྣང་མ་བྱས་པར། སོ་སོའི་སྣང་བ་དག་སྟེ་སྙིང་རྗེ་པོ་དང་སེམས་པ་སྐྱིད་པོ་འདྲ་ཡོང་བ་བཟོ་ཡི་ཡོད། དེ་རང་གཞི་ལ་བཞག་སྟེ་ཕྱིན་ན་དོན་ཐོག་ཏུ་ཁུངས་འཁྱོལ་དཀའ་བ་ཞིག་རེད། ནམ་ཞིག་རྒྱལ་སྤྱིའི་ཁྲོད་ཐོན་ནས་འབད་བརྩོན་བྱ་དགོས་ལ། རྒྱ་གུང་བྲན་དང་མཉམ་དུ་གདོང་ཐུག་ནས་འབད་བརྩོན་བྱ་དགོས་ཀྱི་ཡོད་སྟབས། གནད་འགག་ཆེ་ཤོས་འདི་མཐའ་མ་གང་ལྟར་བོད་རྒྱ་ཆེའི་མི་མང་ལ་གང་ཡིན་ནའང་ཁ་གསལ་གཅིག་བསྟན་རྒྱུ་ཡོད་དགོས་པ་ལས་མི་འདྲ་བ་ཞིག་ཡོད་མདོག་མདོག་གི་ཟོམ་འཇོགས་སུ་བཞག་ན་འགན་བློས་བཟོད་ཀྱི་མ་རེད།
དཔེར་ན། རང་བཙན་རྩོད་མཁན་འགའ་རེའི་བཤད་ཚུལ་འདི་འདྲ་ཞིག་དེ་སྔ་ངས་ཐོས་མྱོང་ཡོད་པ་སྟེ། ང་ཚོས་ཅིའི་ཕྱིར་རང་བཙན་རྩོད་ཀྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྐོར་གྲོས་ཆོད་ཐེངས་གསུམ་བཞག་པའི་ནང་རང་ཐག་རང་གཅོད་བཀོད་ཡོད་ཅེས་བརྗོད་ཀྱི་འདུག གྲོས་ཆོད་གསུམ་ཡོད་པ་དེ་བདེན་པ་རེད། ལྷག་པར་དུ་གྲོས་ཆོད་གཉིས་པའི་ནང་རང་ཐག་རང་གཅོད་སྐོར་བཤད་ཡོད་པའང་དངོས་ཡོད་རེད། འོན་ཀྱང་གྲོས་ཆོད་དེ་གཞི་ལ་བཞག་ནས་རང་བཙན་སྐོར་གླེང་སྐབས་བསམ་བློའི་ནང་དོགས་པ་ཐེ་ཚོམ་ཡོང་གི་འདུག གཅིག་ནས་ལོ་རྒྱུས་ཀྱི་ས་མཚམས་ཤེས་ཀྱི་ཡོད་མེད། གཉིས་ནས་དེ་ལྟར་བཤད་པའི་སྐབས་སུ་ཕལ་ཆེར་རྩོད་གཞིའི་དམིགས་ཡུལ་ཏོག་ཙམ་མ་འདྲ་བ་ཞིག་མིན་ནམ་སྙམ་པ་ཡོང་གི་འདུག
གང་ཡིན་ཞེ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་གསལ་བའི་བོད་དེ་ད་ལྟ་ང་ཚོའི་དམིགས་ཡུལ་དུ་ཡོད་པའི་བོད་དང་གཅིག་མཚུངས་མ་རེད། དེ་ནི་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་གི་དགའ་ལྡན་ཕོ་བྲང་གཞུང་གིས་འཛིན་སྐྱོང་བྱས་པའི་བོད་དེ་རེད། ས་ཁྱོན་གྱི་ཆ་ནས་ཀྱང་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་རེད། རྒྱུ་མཚན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེ་སྐབས་དེའི་བོད་གཞུང་གི་དབུ་ཁྲིད་རྣམ་པས་འབོད་སྐུལ་ཞུས་པའི་འབད་བརྩོན་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་འགུལ་གྱིས་བཞག་པ་གང་ཡང་མ་རེད།
སྐབས་དེ་དུས་བོད་ཀྱི་བདེ་སྡུག་ཞུ་མཁན་ཚོའི་ངོས་ནས་ད་ལྟ་ང་ཚོའི་རེ་འདུན་ནང་ཡོད་པའི་བོད་དེ་བཤད་ཀྱི་ཡོད་མ་རེད། དཔེར་ན། སྐབས་དེར་བོད་གཞུང་གིས་ཀ་སྦུག་ཞྭ་སྒབ་པའི་གཟིམ་ཤག་ནས་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡༡ ཚེས་༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་ནང་འདི་ལྟར་བཀོད་པ་སྟེ། “རྒྱ་མིའི་དཔུང་དམག་རྣམས་ནས་ས་གནས་ཁག་མང་ནས་འབྲི་ཆུ་བརྒལ་བགྲོད་བྱས་ཤིང་། འབྲི་ཆུ་ནི་དུས་ཡུན་གང་འཚམས་རིང་རྒྱ་བོད་ཀྱི་ས་མཚམས་ཡིན།” ཞེས་གསལ་པོ་བྲིས་ཡོད། དེ་དུས་བོད་གཞུང་གི་ངོས་ནས་སྐབས་དེའི་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་དབང་འོག་ཏུ་གནས་པའི་བོད་ཙམ་མ་གཏོགས་ད་ལྟ་ང་ཚོས་བསམ་བཞིན་པའི་བོད་དེ་བཤད་ཀྱི་མེད། དེ་ཡང་ཆེད་དུ་གཉེར་ནས་དབྱེ་འབྱེད་བྱས་པ་ཞིག་མ་རེད། སྐབས་དེ་དུས་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་དེ་འདྲ་རང་ཆགས་ཡོད།
ད་དུང་འགའ་རེས་བོད་དེ་རྒྱལ་སྤྱིའི་ནང་ཚད་ལྡན་གྱི་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་ལེན་ཡོད་བཞིན་པ་དེ་མེད་པ་བཟོས་སོང་ཟེར་ནས་བརྗོད་ཀྱི་ཡོད། རྒྱལ་སྤྱིའི་ཁྲིམས་ལ་མཁས་པའི་མི་སྣ་ཁག་གཅིག་དང་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དེ་ཚོས་ཀྱང་བོད་འདི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་རྩོད་མེད་ཀྱི་རང་བཙན་ཚད་ལྡན་ (Sovereign State) གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོ་སྤྲོད་གཙང་མ་ཞིག་བྱེད་ཐུབ་མེད། འོན་ཀྱང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་ ༡༩༡༣ ལོར་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་གནང་བ་ནས་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་མ་བཞག་བར་དུ་ལོ་ངོ་བཞི་བཅུ་ཙམ་རིང་བོད་འདི་དོན་དངོས་ཐོག་རང་བཙན་གྱི་ངོ་བོ་དང་ལྡན་པ་(de-facto independence) ཞིག་རེད་འདུག་ཅེས་ངོས་ལེན་བྱེད་ཀྱི་ཡོད། དེའི་གོ་དོན་གང་རེད་ཅེ་ན། མཉམ་འབྲེལ་རྒྱལ་ཚོགས་དང་། ཐ་ན་ཁྱིམ་མཚེས་རྒྱལ་ཁབ་སུ་ལའང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་ཁ་གསལ་བཙུགས་མ་ཐུབ་ཀྱང་རྒྱལ་ཁབ་སུ་གང་གི་འོག་ལ་ཡང་མ་ཡིན་པར་སོ་སོའི་ཐག་གཅོད་ཚང་མ་སོ་སོས་བྱས་འདུག་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་བོད་འདི་དོན་དངོས་ཐོག་རང་བཙན་གྱི་ངོ་བོ་དང་ལྡན་པ་ཞིག་ཡིན་པ་ངོས་ལེན་བྱས་ཡོད། དེ་ལྟར་དོན་དངོས་ཐོག་རང་བཙན་ (de-facto independence) རེད་འདུག་ཟེར་བ་དེ་ཡང་ས་ཁྱོན་གྱི་ཆ་ནས་ད་ལྟ་གོང་ཞུས་བཞིན་སྔར་བོད་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་ཁོ་ན་ལ་བརྗོད་ཀྱི་ཡོད།
དེར་བརྟེན་དེ་འདྲའི་རྒྱུ་མཚན་གཞི་ལ་བཞག་ནས་རང་བཙན་རྩོད་དགོས་རེད་གསུངས་དུས་ཕལ་ཆེར་སྔོན་མ་དགའ་ལྡན་ཕོ་བྲང་གཞུང་གིས་འཛིན་སྐྱོང་བྱས་པའི་བོད་དེའི་སྐོར་ཁོ་ན་བཤད་ཀྱི་མེད་དམ་སྙམ་པའི་དོགས་པ་ཡོང་ཆོག་པ་རེད།
དྲུག་པ། མཇུག་སྡོམ།
རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་བགྲོ་གླེང་བྱ་ཆོག་པ་མ་ཟད། བགྲོ་གླེང་ངེས་པར་དུ་ཡོད་དགོས་པ་ཞིག་ཀྱང་རེད། དཔེར་ན། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་ལམ་དབུ་མའི་ལངས་ཕྱོགས་དབར་བགྲོ་གླེང་ཡོང་བཞིན་པ་རེད། གཞི་རྩའི་ཆ་ནས་ཞུས་ན། ཚང་མས་ངར་ངར་ཤུགས་ཤུགས་བྱས་ཏེ་རྩོམ་ཡིག་བྲིས་པ་དང་། རྒྱུ་མཚན་བཀོད་པའི་ཐོག་ནས་རྩོད་པ་བརྒྱབ་པ་དང་བསམ་འཆར་སྤེལ་རེས་བྱེད་ཀྱི་ཡོད། བོད་བསྟན་པ་ཆབ་སྲིད་ཀྱི་འགན་དབང་བོད་མི་མང་གིས་ཁུར་དགོས་ཀྱི་ཡོད་སྟབས་དེ་ལྟར་མ་བྱས་ན་འགྲིག་ཐབས་ག་ལ་ཡོད།
འོན་ཀྱང་གོ་བསྡུར་སྦྱང་བཤད་བྱེད་སྐབས་ལུགས་དང་མཐུན་ཞིང་། ལོ་རྒྱུས་ཁུངས་ལུང་ལྡན་པ། ཡ་རབས་སྤྱོད་བཟང་དགོས་ཀྱི་ཡོད་ལ། ལྷག་པར་དུ་བོད་མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་གྱི་ཐོག་ནས་བྱ་ཐུབ་ན་བསམ་པའི་རེ་བ་བྱེད་བཞིན་ཡོད། འགན་ཁུར་གྱི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་པར་མང་གཙོའི་ཐོབ་ཐང་ཡིན་ཁུལ་གྱིས་གང་བྱུང་ཕོག་ཐུག་བཏང་ཐུབ་ཙམ་བྱས་ན་མང་གཙོའི་ཁེ་དབང་བེད་སྤྱོད་ལོག་སྒྲུབ་བྱས་པ་གོར་མ་ཆག
ཡང་ང་ཚོའི་བྱེད་སྟངས་ཁ་ཤས་ཐབས་སྡུག་པོ་མཐོང་གི་འདུག དཔེར་ན། ཁ་ཤས་ཀྱིས་རྒྱ་གུང་བྲན་ལ་ཕར་ཚིག་གཅིག་མ་གཏོགས་བཤད་ཐུབ་ཀྱི་མེད་ནའང་༧རྒྱལ་བ་རིན་པོ་ཆེས་དབུས་པའི་སོ་སོའི་སྒྲིག་འཛུགས་ཐོག་ལ་ཚིག་དགུ་བཤད་ཐུབ་ཀྱི་འདུག དེ་འདྲ་བྱས་ན་ངོ་ཚོ་པོ་རེད། སོ་སོས་གང་བྱེད་ཐུབ་པ་དེ་འགྱོད་པ་མེད་པ་བྱས་ཡོད་མིན་ལ་མ་བལྟས་པར་སྟབས་བདེ་བྱུས་ཀྱིས་གཞན་ལ་སྐྱོན་བརྗོད་རྐྱང་རྐྱང་བྱས་ན་འགན་ཁུར་གྱི་བསམ་ཤེས་མེད་པ་མ་ཟད། མི་རིགས་ཀྱི་ལ་རྒྱ་ཡང་མེད་པའི་རྟགས་མཚན་གསལ་པོ་རེད།
རྒྱལ་སྤྱིའི་ཐོག་བོད་མིར་ཤ་ཚ་རྒྱབ་སྐྱོར་དང་། བོད་ཀྱི་བདེན་དོན་ལ་གཞན་ལས་ལྷག་པའི་དོ་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པ་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་མིན་ང་ཚོས་ངེས་པར་དུ་ཤེས་རྟོགས་ཐུབ་པ་བྱ་དགོས།
འཛམ་གླིང་ཐོག་རྒྱུ་མཚན་ལྡན་པའི་འཐབ་རྩོད་བྱེད་མཁན་ང་ཚོ་གཅིག་པུ་མ་རེད། གཞན་མང་པོ་ཡོད། ཕྱོགས་གཅིག་ནས་བལྟས་ན། ཁ་ཤས་ཀྱི་གནས་ཚུལ་ང་ཚོ་ལས་ཛ་དྲག་པ་དང་ཉམ་ཐག་པ་ཡོད། ཡིན་ནའང་ང་ཚོར་གཞན་དང་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་དང་ནུས་པ་ཞིག་ཡོད་པ་དེ་ནི། གཞན་སུ་ཞིག་ལའང་མེད་པའི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་པ་དང་། ང་ཚོའི་འཐབ་རྩོད་འདི་ཡ་རབས་བཟང་སྤྱོད་དང་དྲང་བདེན་གཞི་རྩར་བཞག་པ་ཞིག་ཡིན་སྟབས་མི་ཚོས་དགའ་མོས་དང་རྒྱབ་སྐྱོར་གནང་གི་ཡོད། བཟང་པོའི་ཁྱད་ཆོས་དེ་དག་བརླག་ན། བོད་མི་རིགས་ཀྱི་བླ་སྲོག་བརླག་པ་དང་གཅིག་མཚུངས་ཡིན་པས། རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་དེ་ཚོ་ལས་ཀྱང་མཐར་ཐུག་གྱོང་གུན་ཆེ་བར་སྣང་། རང་རེའི་སྒྲིག་འཛུགས་དང་ཆོས་སྲིད་ཀྱི་མཛད་འགན་བཞེས་མཁན་ཚོས་ཁ་མིག་ཡར་བལྟའི་ཚུལ་དུ་མང་ཚོགས་ལ་ཡ་རབས་སྤྱོད་བཟང་སྐོར་སློབ་གསོ་མང་ཙམ་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་མེད་དམ་སྙམ་པ་ཡོང་གི་འདུག
གོང་དུ་ཞུས་པ་ལྟར། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་དང་། ལྷག་པར་དུ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ཆོལ་གསུམ་བོད་མི་ཡོངས་རྫོགས་གཅིག་སྒྲིལ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་འོད་སྟོང་འབར་བ་ཞིག་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་གསེར་གྱི་ཡི་གེར་འབྲི་བར་འོས་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཞིང་། ལྷག་པར་དུ་ད་ལྟའི་ཆར་གཞིས་བཞུགས་བོད་མིའི་ཁྲོད་མི་རབས་བརྗེས་ན་ཡང་ལྷག་བསམ་རྣམ་པར་དག་པའི་ངང་ལོ་རེ་བཞིན་གཅིག་སྒྲིལ་གྱི་འདུ་ཤེས་སྲ་བརྟན་ཐོག་གནས་པ་དང་། འདི་ལྟ་བུའི་གནས་སྟངས་ཐབས་སྡུག་གི་འོག་ཀྱང་སེམས་ཤུགས་དང་སྙིང་སྟོབས་ཞུམ་པ་མེད་པར་གནས་བཞིན་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་ཡོད།
བོད་ས་གཅིག་སྒྲིལ་དང་བོད་རིགས་མཉམ་གནས་ཀྱི་ཕུགས་འདུན་རྨི་ལམ་འདི་མངོན་འགྱུར་ཐུབ་མིན་གཙོ་བོ་བོད་ནང་གི་སྤུན་ཟླ་ཚོར་རག་ལས་ཡོད། སེམས་དགའ་བ་དང་བློ་བདེ་བ་ཞིག་ལ། ད་ལྟའི་ཆར་བོད་ས་སྟོད་སྨད་ཡོངས་སུ་བོད་མི་གཅིག་སྒྲིལ་གྱི་ལ་རྒྱ་དང་འདུ་ཤེས་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དེ་ནི་གཡོལ་ཐབས་དང་སྦས་གསང་ཐུབ་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན་པས། བོད་ནང་གི་སྤུན་ཟླ་ཚོས་དབྱངས་སུ་གྱེར་བའི་གཞས་ཚིག་དང་པིར་རྩེ་ནས་ཐོན་པའི་རྩོམ་ཡིག་ཁག་གི་ཁྲོད་ནས་གསལ་བར་རྟོགས་ཐུབ། འདིར་དཔེ་མཚོན་རང་བཞིན་གྱི་གཞས་ཚིག་གཉིས་ངོ་སྤྲོད་ཞུ་འདོད་བྱུང་།
དེ་ཡང་། “གངས་རིའི་རྭ་བས་སྐོར་བའི་ཞིང་ཁམས་འདི།།
ལྷ་ཨོ་རྒྱན་པད་མའི་ཆོས་རྭ་རེད།།
བློན་ཐོན་མིའི་ཡི་གེ་སྤེལ་ས་རེད།།
གླིང་གེ་སར་རྒྱལ་པོ་འཁྲུངས་ས་རེད།།
སྟོད་ཉི་མ་ལྷ་སའི་མན་ཆད་དང་།།
བར་མང་ཡུལ་ཕྱུག་མོའི་ཚུན་ཆད་ནས།།
སྨད་མདོ་ཁམས་དར་མདོ་ཡན་ཆད་ཀྱི།།
ཆོལ་གསུམ་སྤུན་ཟླ་ཚོ།།
བསམ་པའི་ཁ་ཕྱོགས་གཅིག་དགོས།།
རྡོག་རྩ་གཅིག་སྒྲིལ་མཉམ་དུ་བསྐྱོད་དགོས།།
མ་འོངས་མདུན་ལམ་མཉམ་དུ་འཚོལ་དགོས།།
ཨ་རོགས་བོད་པ་ཚོ་མཉམ་དུ་འགྲོ།” ཞེས་དང་།
གཞན་ཡང་། “མཐུན་སྒྲིལ་གྱི་བརྩེ་སེམས་ཡོད་ན།།
གཞིས་བྱེས་ཀྱི་བོད་རིགས་སྤུན་ཟླ།།
ལྷན་འཛོམས་ཀྱི་ཉི་མ་བསྒུགས་ནས།།
ཆོལ་གསུམ་གྱི་ཕ་ས་ཟིན་ཡོང་།།” ཞེས་སོགས་གསལ།
བོད་མིའི་གཅིག་སྒྲིལ་གྱི་འདུ་ཤེས་འདི་ཉམས་ཆག་མེད་པར་མ་འོངས་པའི་མི་རབས་རྗེས་མ་ཚོར་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་དེ་ད་ལྟའི་མི་རབས་འདིར་འཁྲིས་པའི་ལོ་རྒྱུས་ཀྱི་ལས་འགན་བླ་ན་མེད་པ་ཞིག་ཡིན་སྟབས། ཚང་མས་འཐུས་ཤོར་མེད་པར་སྒྲུབ་ཐབས་བྱ་རྒྱུ་ནི་གནད་ཀྱི་དོན་པོར་སྣང་།
མདོར་ན། ཕྲན་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་མའི་ལངས་ཕྱོགས་ཀྱི་འབྱུང་ཁུངས་དང་། དབུ་མའི་ལམ་ཀྱི་དམིགས་ཡུལ་སྐོར་འགྲེལ་བརྗོད་བྱ་རྒྱུའི་ལས་འགན་དང་འོས་བབས་ཡོད་སྙམ་པའི་ཚོར་བ་ཟབ་མོའི་སྒོ་ནས་གནད་དོན་འདི་རྣམས་སྙན་སྒྲོན་ཞུས་པ་ཡིན་ཞིང་། རང་ཉིད་ལོ་ངོ་བཅུ་ཕྲག་ལྔ་ལ་ཉེ་བའི་རིང་བོད་མིའི་སྒྲིག་འཛུགས་ནང་མཉམ་ཞུགས་བྱས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པ་དང་ཉམས་མྱོང་ཡང་ཕྲན་བུ་བསགས་ཡོད་པར་བརྟེན་འབྲེལ་ཡོད་ཀྱི་གནས་ཚུལ་ཁག་གཅིག་གསལ་རྟོགས་ཡོང་ཆེད་ཁོ་ནར་དམིགས་ཏེ་ཞུས་པ་ལས། དེ་མིན་རྒྱུ་མཚན་གང་ཡང་མེད། འདིར་སྐབས་འབྲེལ་གྱི་སེམས་ཚོར་གང་བྱུང་བ་ཁག་ཞུས་པ་རྣམས་དངོས་ཡོད་གནས་ཚུལ་གསལ་བཤད་ཡོང་ཆེད་ཞུས་པ་ལས། ཕྱོགས་གཅིག་ལ་རྒྱབ་སྐྱོར་དང་ཕྱོགས་གཞན་ཞིག་ལ་སྐྱོན་བརྗོད་བྱ་རྒྱུའི་དམིགས་ཡུལ་བཅངས་ནས་ཞུས་པ་ཞིག་རྩ་བ་ནས་མིན། གལ་ཏེ་འདི་འདྲའི་གཟིགས་ཚུལ་བྱུང་ན་བཟོད་གསོལ་ཞུ་རྒྱུ་ཡིན།
མཐའ་དོན་དུ་ཡང་བསྐྱར་གཞིས་བཞུགས་སྤུན་ཟླ་ཞིག་གི་གཞས་ཚིག་ལ་རྒྱའི་རེ་འབོད་ཅེས་པ་དེ་བཀོད་ནས་མཇུག་བསྡུ་བར་བྱའོ། “
སྤུན་ཟླ་ཚོ། ལ་རྒྱ་དགོས།།
སྔོན་ཐོན་དཔའ་བོའི་མཛད་རྗེས་བསམ་ན་ལ་རྒྱ་དགོས།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
མ་འོངས་བདེ་བའི་མདུན་ལམ་བསམ་ན་ལ་རྒྱ་དགོས།།
ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན།།
སྔོན་ཐོན་སྟོང་གི་འཇུག་སྒོ་ཡིན།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
རིམ་བྱོན་བཙན་པོའི་གདུང་རྒྱུད་བསམ་ན་ལ་རྒྱ་དགོས།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
རྒྱལ་པཎ་ཉི་ཟླའི་གཟི་བརྗིད་བསམ་ན་ལ་རྒྱ་དགོས།།
ལ་རྒྱ་ནི་དྲང་བདེན་འཚོལ་བའི་སྤོབས་པ་ཡིན།།
ཤེས་ལྡན་མི་ཡི་རྒྱན་ཆ་ཡིན།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
དམར་པོ་ཁྲག་གི་རྐང་རྗེས་བསམ་ན་ལ་རྒྱ་དགོས།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
ཚད་མེད་དགྲ་བོའི་བརྙས་སྨོད་བསམ་ན་ལ་རྒྱ་དགོས།།
ལ་རྒྱ་ནི་མི་རིགས་ཤིག་གི་སྙིང་སྲོག་ཡིན།།
མ་འོངས་བདེ་བའི་སྣ་འདྲེན་ཡིན།།”
ཟུར་མཆན། གོང་གསལ་བོད་ནང་གི་གཞས་ཚིག་རྩོམ་མཁན་དང་གཞས་གཏོང་མཁན་གྱི་མཚན་ཆེད་མངགས་བཀོད་མེད།
རྒན་པ་རབས་པ་ཚོས་སོ་སོའི་ཉམས་མྱོང་གཞི་ལ་བཞག་ནས་སྦས་གསང་མེད་པར་བསམ་ཚུལ་མཚོན་པའི་རྩོམ་ཡིག་སྤེལ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། སྔར་བྱུང་བོད་ཀྱི་ལོ་རྒྱུས་མང་པོ་ཞིག་ཀྱང་གབ་སྦས་དང་སྣང་བ་དག་པའི་བསྟོད་ཚོགས་ཏག་ཏག་བྲིས་བསྡད་སྟབས། བོད་འབངས་མི་དམངས་སྤྱིའི་ངོས་ཐད་ནས་བཤད་ན། སོ་སོའི་མགོ་ཐོག་ལ་གཞན་གྱི་མེ་མདའ་བཞག་པའི་བར་དུ། ས་གནས་ལུང་ཀྱོག་དག་གི་དབང་འཛིན་པ་ཚོས་བསླུ་བྲིད་འོག་མགོ་འཐོམ་ནས་ལུས་བསྡད་པ་རེད། ཡིན་ནའང་། ང་ཚོས་སོ་སོའི་ཉམས་རྒུད་ཀྱི་འདས་པའི་ལོ་རྒྱུས་དེར། དུས་ད་ལྟའང་བློ་གཟི་བོས་ཕྱིར་རྟོགས་ཙམ་ཡང་བྱེད་ཐུབ་ཀྱིན་མེད་པར། དཀར་རྩི་རྐྱང་རྐྱང་བྱུགས་ནས་བསྡད་ཡོད་པ་རེད།
ལྟ་གྲུབ་དང་ལངས་ཕྱོགས་མཐུན་མིན་ནི་དོན་དག་གཞན་ཞིག་རེད། ཡིན་ནའང་། འདས་མ་ད་གསུམ་གྱི་དངོས་ཡོད་གནས་ཚུལ་གསལ་བོ་བཟོས་ཏེ། ཕན་ཚུན་གོ་བསྡུར་དང་དཔྱད་གླེང་གི་སྒོ་ནས། སྐྱོན་སེལ་ལེགས་འདོན་བྱ་དགོས་པ་དེ་གནད་ཆེན་པོ་རེད།
གོང་གི་དྲ་གྲོགས་ཤིག་གིས་མཁོ་འདོན་བྱས་ཡོད་པའི་དྲ་ཐག་དེ་གཉིས་སྟེང་བཀོད་པའི་དབྱིན་ཡིག་ཐོག་བྲིས་པའི་རྩོམ་ཡིག་དེ་གཉིས་ཀྱང་བོད་བསྒྱུར་བྱེད་ཐུབ་ན་ལེགས་པོ་འདུག གནད་དོན་གང་ཡིན་ཡང་། ཕྱོགས་ངོས་ཟུར་སྣེ་ནང་པོ་ནས་ལྟ་དགོས་རྒྱུ་གལ་ཆེན་པོ་རེད།
http://tibettruth.com/2014/10/02/a-response-to-the-statement-of-lodi-gyari/
དང་གཞན།
http://www.tibetanpoliticalreview.org/articles/responsetolodigyari
སྐུ་ངོ་རྒྱལ་རི་ལགས་ཀྱིས་ཞིབ་ཅིང་རིང་བའི་བཀའ་མོལ་གཅིག་གསུངས་འདུག་པར་དགའ་པོ་བྱུང། ལྷག་པར་འདི་ནི་དུས་ཡུན་རིང་པོ་ཞིག་གི་རྗེས་སུ་སྐུ་ངོ་མཆོག་གིས་སྤྱི་ཚོགས་ནང་རྩ་དོན་དང་འབྲེལ་བའི་བཀའ་མོལ་གསུངས་པ་དང་པོ་ཞིག་ཆགས་ཡོད་པས་དོ་སྣང་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད།
རྩོམ་ཡིག་འདིའི་ནང་ལེན་དགོས་པ་དང་ཤེས་དགོས་པའི་དོན་གནས་མང་དག་ཞིག་འདུག་ལ། ཐེ་ཚོམ་སྐྱེ་དགོས་པའི་གནད་དོན་རེ་གཉིས་ཀྱང་འདྲེས་འདུག རྩོམ་ཡིག་ཆ་ཚང་ཀློག་ཟིན་རྗེས་ཡང་སྙིང་འདི་ཟེར་གྱི་ཡོད་ནམ་ཡང་ན་ཕ་གི་ཟེར་གྱི་ཡོད་དམ་སྙམ་པའི་གནས་སུ་གྱར་རྒྱུ་ལས་རྡོག་རྡོག་འདི་ཟེར་གྱི་འདུག་ཟེར་བའི་ཁ་གསལ་པོ་ཞིག་མིན་འདུག་སྙམ། ཐོག་མར་ “དེ་ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པའི་ངོ་བོ་ཉམས་ཆག་མེད་པར་རྒྱུན་འཛིན་བྱེད་པར། གཞན་གྱི་བཀོལ་སྤྱོད་དང་གཡམ་རྒྱུག་གི་རྗེས་སུ་འབྲང་པ་མ་ཡིན་པར་རང་ཚུགས་བརྟན་པོར་གནས་ཐུབ་དགོས། ཁྱད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་དབུ་ཁྲིད་འོས་འདེམས་བྱེད་སྐབས་གཞོན་ནུའི་དམིགས་ཡུལ་དང་ལྟ་བ་ལངས་ཕྱོགས་ལ་ཡིད་ཆེས་ཡོད་མཁན་ཞིག་ངེས་པར་དུ་ཡོད་དགོས་པ་དེ་ནི་རྨང་གཞིའི་ཆ་རྐྱེན་འདོར་ཐབས་མེད་པ་ཞིག་རེད” ཅེས་བརྗོད་འདུག་པར་ལྟས་ན་གཞོན་ལྷན་གྱི་ཚོགས་མི་དང་དབུ་ཁྲིད་རྣམས་པར་གཞོན་ལྷན་གྱི་དམིགས་ཡུལ་དང་ལངས་ཕྱོགས་ལ་ཡིད་ཆེས་ཡོད་པ་ཆ་རྐྱེན་དོར་ཐབས་མེད་པ་ཞིག་རེད་ཟེར་བ་དང། ཡང་རྩོམ་ཡིག་ཆ་ཚང་ཞིག་རིམ་པས་ཀློག་སྐབས་རང་བཙན་ལ་དགག་པ་རྒྱབ་པ་འདྲ་པོ་དང་། རང་བཙན་བརྩོད་མཁན་ཚོས་ལོ་རྒྱུས་ཆ་ཚང་བ་ཞིག་ཤེས་ཀྱི་ེམིན་འདུག་མདོག་མདོག འདས་པའི་ལོ་རྒྱུས་ནང་བོད་ཆོལ་ཁ་གསུམ་རང་བཙན་ཨ་ཡིན་ནམ་མདོག་མདོག་གསུངས་འདུག་པས་ང་ཅུང་མགོ་ཐོམ་སོང། གཅིག་བྱས་ན་དེ་ནི་ཟམ་གདོང་རིན་པོ་ཆེའི་སྲིད་ཇུས་ལྟར་གསལ་ཁ་མེད་པ་ཞིག་གསུངས་ནས་སྤྱི་ཚོགས་ནང་གླེང་སློང་བཟོ་ཆེད་དུ་གསུངས་པ་ཞིག་ཀྱང་མིན་ནམ་སྙམ། གང་ལྟར་གོང་གི་རྩོམ་ཡིག་ཐོག་བགྲོ་གླེང་བྱས་ནས་གནད་དོན་མང་པོ་ཞིག་ཁ་གསལ་པོ་ཆགས་རྒྱུར་ཡང་ཕན་ཐོག་ཡོད་སྲིད་པ་ཞིག་རེད། དཔྱོད་ཤེས་ཚོས་ཀྱང་མི་ཆེ་ཆུང་ལ་ལྟས་ནས་སྐད་ཆ་བདེན་མིན་ལ་མ་ལྟས་པར་གནས་ལུགས་དང་རྒྱུ་མཚན་ལ་ལྟས་ནས་སྡོམ་ཚིག་རྒྱག་དགོས་གལ་ཆེ་སྙམ།
གང་ལྟར་ཀྱང་ཤེས་དགོས་པ་ཡང་མང་དག་ཞིག་འདུག་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་ངས་འདི་གར་དབྱིན་ཡིག་ནང་རྒྱ་རི་རིན་པོ་ཆེའི་རྩོམ་ཡིག་ལ་དགག་ལན་བྲིས་པ་ཁག་གཉིས་ཀྱི་ལན་དེ་གཏོང་རྒྱུ་ཡིན་པས་དཔྱོད་ལྡན་ཚོས་ཕྱོགས་གཉིས་ཀྱི་དགོངས་ཚུལ་ལ་དཔྱད་པར་འཚལ།
http://www.tibetanpoliticalreview.org/articles/responsetolodigyarihttp://tibettruth.com/2014/10/02/a-response-to-the-statement-of-lodi-gyari/
གཞོན་ལྷན་གྱིས། རང་བཙན་ཁ་ནང་འཁྱེར་བ་ལས། དབུས་ལམ་སྙིང་ནས་བསྒྲུབས་ན་བཟང་ངོ་སྙམ་ལགས།
གཞོན་ལྷན་གྱིས། རང་བཙན་ཁ་ནང་འཁྱེར་བ་ལས། དབུས་ལམ་སྙིང་ནས་བསྒྲུབས་ན་བཟང་ངོ་སྙམ་ལགས།
༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན།བསྟན་སྲིད་མི་རིགས་ཀྱི་དོན་དུ་ལོ་མང་རིང་དུ་ལྷག་བསམ་ཟོར་མེད་ཀྱི་ངང་ནས་སྐུ་ངལ་སྐྱོན་མྱོང་མཁན་གྱི་མི་རབ་རྒན་པ་ཁ་ཤས་ཡོད་པའི་ནང་རྒྱལ་རི་རིན་པོ་ཆེ་ནི་གཅིག་ཡིན། ཕྱོགས་རིས་འཐེན་འཁྱེར་གྱིས་དབང་ལས་སུ་ཞིག་སྙིང་མ་དགའ་རུང་བདེན་གཏམ་རང་ཡིན། མདོར་ན་རྩོམ་ཡིག་འདི་ནི་ལོ་རྒྱུས་དང་ཉམས་མྱོང་ཟུང་དུ་འབྲེལ་བའི་སྒོ་ནས་སྤེལ་འདུག་པས། སྤྱི་ཚོགས་དྲྭ་བའི་འབུ་ངན་ཚོ་ལ་ནི་ཚེ་འདིར་མི་དགོས་སྐྱེ་བ་ཕྱི་མ་རྣམས་སུ་ཡང་འདི་ལྟ་བུ་སྤེལ་ནུས་པའི་རྣམ་དཔྱོད་དང་། བཟང་སྤྱོད། ཤེས་ཡོན་དང་སྙིང་སྟོབས་སོགས་གང་ཅིའི་ཐད་ནས་ཡོང་སྲིད་པ་དེ་ཡང་ངས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་ཕོད་དོ།།
གནས་ཚང་། མནའ་གན་མཐུ་མོ་ཆེ་མཐོང་མྱོང་ངམ། ངས་བལྟས་ན་ཁྱོད་ཀྱིས་དེ་མཐོང་མྱོང་མི་འདུག མནའ་གན་གྱི་དབུར་༼དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། བསྟན་སྲུང་དམ་ཅན་རྒྱ་མཚོ་དཔང་དུ་བཙུགས། ཕན་བདེའི་འབྱུང་གནས་ལུགས་གཉིས་གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ། ༽ ཞེས་འཁོད་ཡོད་པ་རེད། སྟོན་པ་སངས་རྒྱས་ས་དེ་ཕན་བདེའི་འབྱུང་གནས་ལུགས་གཉིས་གོང་མ་ཁྲིམས་བདག་རིན་པོ་ཆེ་མ་རེད་དོ།
༡ མནའ་གན་འཇོག་ས་རྡོ་རྗེ་གདན་རེད་མ་གཏོགས་རྡ་རམ་ས་ལ་མ་རེད་པ། དེ་བས་གོང་ས་མཆོག་གིས་དབུ་ཁྲིད་ནས་སྟོན་པ་སངས་རྒྱས་ས་དེར་བཞག་པ་ཞིག་ལས་གོང་སའི་མདུན་དུ་བཞག་པ་ཞིག་མ་རེད།
༢ སྟབས་འགྲིག་ནས་རྒྱ་གཞུང་གིས་སད་ཡིག་མ་བསྐྱོན་པས། སུམ་ལའི་ཆིངས་ཡིག་གི་ཟུར་ཆིངས་ནང་དབྱིན་གཞུང་བོད་ཆོལ་གསུམ་གཅིག་གྱུར་གྱི་རྒྱལ་ཁབ་ཡིན་པའི་ངོས་ལེན་ཡོད་པ་རེད། དེ་བས། ཁམས་དང་ཨ་མདོ་སྐབས་དེར་རྒྱ་ནག་མི་སེར་གཞུང་གིས་བཙན་བཟུང་གི་ས་ཁུལ་རེད།
རྒྱ་རི་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་འདི་འདྲ་ཞིག་མཛད་པ་ཐུགས་རྗེ་ཆེ། ཕན་ཐོགས་ཞེ་དྲག་བྱུང་སོང། དེ་བཞིན་ཁ་སང་གན་ངྷེའི་འཁྲུངས་སྐར་མཛད་སྒོ་གྲུབ་ནས་གཙུག་ལ་ག་ཁང་དུ་མདུན་དུ་སླེབས་སྐབས། ཤར་ཕྱོགས་ཁུག་རྟས་བརྩམས་པའི་༼ སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽ཞེས་པ་ཞིག་སྒོར་གསུམ་བརྒྱ་སྤྲད་ནས་ཉོ་ཐུབ་པ་བྱུང་། དེབ་དེའི་ནང་དུའང་ཉེ་བའི་ལོ་འགའི་སྔོན་གྱི་གཞོན་ནུའི་དབུས་རྒྱུན་གྱི་བྱེད་སྟངས་རྙོག་དྲའི་སྐོར་ཞིབ་ཅིང་ཕྲ་བ་གླེང་འདུག་པ་མ་ཟད། དོན་གྲུབ་ལྷ་དར་ཚེ་དབང་ཡེ་ཤེས་གཉིས་དུམ་བུ་ཆགས་ཏེ་གཞོན་ནུའི་སྒྲིག་འཛུགས་ཅི་ལྟར་ལོག་ལམ་དུ་ཁྲིད་ཚུལ་ཁུངས་ལུང་དང་བཅས་པ་འདུག་པས། ཁོམ་པ་ཡོད་ན་རྩོམ་འདི་དང་དེ་གཉིས་ལ་ལྟ་ཐུབ་ན་ཤིན་ཏུ་ཡག་པོ་འདུག་སྙམ།།
རིན་པོ་ཆེ་མཆོག་གིས་སྔ་ཕྱི་བར་གསུམ་ལ་ཐུགས་འདང་མང་པོ་གནང་སྟེ། རྩོམ་ཡིག་ཧ་ཅང་གནད་དུ་སྨིན་པ་ཞིག་ལྗག་རྩོམ་གནང་འདུག སྤྱིར་བཏང་རྩོམ་ཡིག་འདི་བརྒྱུད་ནས་སྔར་མ་གོ་མ་ཐོས་པ་དང་དོ་སྣང་མེད་མ་བྱས་པ་མང་པོ་ཞིག་གསལ་སྟོན་གནང་སོང་། དེ་དག་ལས་གལ་ཆེ་ཤོས་ཤིག་འོག་ཏུ་བཀོད་རྒྱུ་ཡིན།
(འགའ་རེས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་དེ་རང་བཙན་གྱི་ལངས་ཕྱོགས་འཛིན་ཆེད་ཁོ་ནའི་དོན་དུ་བཙུགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག དེ་ཡང་དོན་དངོས་དང་མཐུན་པ་ཞིག་མ་རེད། གཞོན་ནུ་ལྷན་ཚོགས་ཐོག་མར་གསར་བཙུགས་བྱེད་སྐབས་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་རང་སྐྱོང་གི་ལྟ་བ་འཁྱེར་མཁན་ཟེར་བའི་དབྱེ་བ་དེ་མེད་པ་ཚང་མས་ཤེས་གསལ་རེད། ལམ་དབུ་མའི་དགོངས་བཞེད་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེའི་རྗེས་སུ་ཡོངས་གྲགས་ངང་འདོན་གནང་མཛད་པ་ཞིག་རེད།
བོད་མི་འབུམ་ལ་ཉེ་བ་ཐོག་མར་བཙན་བྱོལ་དུ་འབྱོར་མཚམས་སུ་སྐབས་བབས་ཀྱི་ཛ་དྲག་གནས་སྟངས་ནི་མི་མང་གི་འཚོ་གོས་ཀྱི་དཀའ་ངལ་སེལ་རྒྱུ་དང་། ན་གཞོན་ཚོའི་ཤེས་ཡོན་སློབ་གསོ། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། གོམས་སྲོལ་ལ་སོགས་པ་སྲུང་སྐྱོབ་བྱ་ཆེད་གཞིས་ཆགས་དང་སློབ་གྲྭ་ཟུར་འཛུགས་གནང་རྒྱུ། དེ་མཚུངས་དགོན་པ་གྲ་ཚང་བསྐྱར་གསོ་གནང་ཐབས་བཅས་ལ་དམིགས་སུ་བཀར་ནས་འབད་བརྩོན་གཙོ་འདོན་གནང་དགོས་བྱུང་ཡོད།
རྒྱ་ནག་ནང་མཚོན་ན། སྐབས་དེ་དུས་མདུན་མཆོང་ཆེན་པོ་ཟེར་བ་དང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་བའི་སྐབས་འཁེལ་ཡོད་པས། བཙན་བཟུང་བྱས་པའི་བོད་ས་ཚུད་པའི་རྒྱ་ནག་ཁྱོན་ཡོངས་ནང་དུས་ཡུན་གང་ཙམ་རིང་དབང་ཆའི་འཐབ་རྩོད་དང་ཐལ་ཆ་ཆེ་བའི་ལས་འགུལ་རིམ་པ་སྤེལ་བ་ལས་གནས་ལུགས་རྒྱུ་མཚན་དྲངས་ནས་བསམ་ཚུལ་བཤད་ས་མེད་པ་ཀུན་གྱིས་ཤེས་གསལ་རེད།
སྐབས་དེར་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ངེས་ཅན་ཞིག་གཏན་འབེབས་བྱ་རྒྱུའི་གོ་སྐབས་དང་གནས་སྟངས་བྱུང་མེད་སྟབས། རང་བཙན་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་རང་བཞིན་གྱིས་གནས་ཡོད།
དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་སྐབས་དམིགས་ཡུལ་གྱི་ཁོངས་སུ་རང་བཙན་འཁོད་ དགོས་དོན་དེ་ལྟར་ཡིན་པ་ལས། རང་བཙན་གྱི་ལངས་ཕྱོགས་འཛིན་རྒྱུའི་དོན་དུ་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་བ་དེ་འདྲ་མ་ཡིན་པ་ཚང་མས་གསལ་པོ་མཁྱེན་པ་དགོས་ཀྱི་འདུག)