ཁ་སང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཛེ་ཌི་ར་ཧུ་སེན་(Zeid Ra’ad al-Hussein)མཆོག་གིས། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་བོད་དུ་བསྐྱོད་རྒྱུར་མོས་མཐུན་བྱས་ཏེ། ད་ལྟ་དེའི་སྐོར་ལ་རྒྱ་ནག་གཞུང་དང་གོ་བསྡུར་བྱེད་མུས་ཡིན། ད་རེབ་གོ་སྐབས་བྱུང་ན་རྒྱ་ནག་ནང་ཁུལ་གྱི་ས་གནས་གཞན་དུའང་འགྲོ་འདོད་ཡོད་ཅེས་སོགས་བརྗོད་ཡོད་འདུག
སྐུ་ཞབས་ཧུ་སེན་མཆོག་ནི་དེ་སྔོན་ཇོར་ཌན་(Jordan)གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡིན་ཞིང་། ཇོར་ཌན་རྒྱལ་བོའི་རྒྱལ་སྲས་ཀྱང་ཡིན་འདུག ཁོང་བདུན་ཕྲག་སྔོན་མའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་བཞེས་ཡོད་འདུག ཁོང་གིས་དེ་སྔོན་ནས་བོད་དང་རྒྱ་ནག་ནང་འགྲོ་བ་མའི་ཐོབ་ཐང་གནས་སྟངས་ལ་རྟོག་ཞིབ་ཆེད་ཕེབས་རྒྱུར་འབད་བརྩོན་མང་པོ་གནང་མྱོང་ཡོད་འདུག