བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་གྱིས་དཔལ་འབྱོར་འདུ་འགོད་ཐད། འཚེ་བ་མེད་པ་དང་རྒྱུན་གནས་ཡོང་ཐབས། ཁོར་ཡུག་ལ་མི་གནོད་པ་བཅས་ཀྱི་སྲིད་བྱུས་དེ་དག་བཀའ་ཤག་སྐབས་བཅུ་བཞི་པས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ཀྱང་། མང་ཚོགས་ཀྱི་ཚོང་ལས་འཕེལ་རྒྱས་ཡོང་ཐབས་ལ་ལས་འཆར་འདྲ་མིན་སྒྲིག་གི་ཡོད་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཚོགས་ཁང་དུ། དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག དྷ་ས་ཁུལ་གྱི་བོད་མི་ཚོང་པ་ཚོར་ཚོང་ལས་གཉེར་ཕྱོགས་ཀྱི་ལས་འཆར་༼ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི།༽ཞེས་པ་ངོ་སྤྲོད་འདུ་འཛོམས་ཤིག་གནང་སོང་། དེར་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དང་། ས་གནས་མགོ་འཛིན་བསོད་ནམས་རྡོར་རྗེ་ལགས་གཙོས་དྷ་ས་ཁུལ་གྱི་ཚོང་པ་དང་དོན་གཉེར་ཅན་མི་ ༤༠ ཡས་མས་འཛོམས་སོང་།
སྐབས་དེར་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་དོན། ༡༩༧༠ ཙམ་ནས་བཟུང་དཔལ་འབྱོར་ལས་ཁུངས་རང་གིས་ཐད་ཀར་ཚོང་ལས་བྱེད་ཀྱིན་ཡོད་པ་མ་ཟད། བལ་ཡུལ་དང་རྒྱ་གར་ནང་ཚོང་ལས་སྡེ་ཁག་མང་པོ་བཙུགས་ཏེ། ཚོང་ལས་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད་གྲུབ་འབྲས་ཀྱང་གང་འཚམ་ཐོན་ཡོད་ཀྱང་། བཀའ་ཤག་སྐབས་ ༡༢ དང་ ༡༣ པས་བོད་མིའི་སྒྲིག་འཛུགས་རང་གིས་ཚོང་ལས་བྱས་ན་ཏག་ཏག་བསྡད་མི་འདུག་དགོངས་ཏེ། དཔལ་འབྱོར་ལས་ཁུངས་འོག་གི་ཚོང་ལས་སྡེ་ཚན་ཁག་སྒེར་བདག་ཅན་དུ་བསྒྱུར་བ་རེད། དཔལ་འབྱོར་ལས་ཁུངས་ངོས་ནས་ཚོང་ལས་གཉེར་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ནང་གི་ཚོང་ལས་དོན་གཉེར་ཅན་གྱི་གཞོན་སྐྱེས་གསོ་སྐྱོང་དང་། ཁོང་ཚོར་ཟབ་སྦྱོང་དང་ཚོང་ལས་འཕེལ་རྒྱས་གཏོང་ཕྱོགས་ཐོག་ཐབས་ལམ་དང་ལས་འགུལ་སྣ་མང་སྤེལ་ཡོད། དཔེར་ན། དཔལ་འབྱོར་ལས་ཁུངས་ངོས་ནས་བོད་མིའི་ཚོང་ལས་བདེ་ཚོགས་དང་སུད་ཚོང་ཚོགས་པ་འཛུགས་ཐུབ་སོགས་བྱས་ཏེ་གྲུབ་འབྲས་ཀྱང་གང་འཚམ་ཐོན་ཡོད། ཅེས་བརྗོད་བྱུང་།
ཁོང་གིས་ད་ལྟའི་བཀའ་ཤག་གིས་ཚོང་ལས་སྐོར་ལ་འཛིན་པའི་སྲིད་བྱུས་ངོ་སྤྲོད་གནང་དོན། ད་ལྟའི་བཀའ་ཤག་སྐབས་ ༡༤ པས་སྔོན་མའི་སྲིད་བྱུས་དེ་རྒྱུན་འཁྱོངས་བྱེད་པའི་ཐོག་ནས་བོད་མི་གནས་སྡོད་ཁག་ནང་འཚོ་ལས་ཡར་རྒྱས་གཏོང་ཕྱོགས་ཐོག་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད། ལྷག་པར་དུ་དམིགས་ཚད་ལྡན་པའི་ལས་དོན་ཞིག་སྤེལ་རྒྱུའི་ཐོག་དཔལ་འབྱོར་ལས་ཁུངས་ངོས་ནས་༼ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི།༽ཟེར་བ་འདི་ཟུར་འཛུགས་བྱས་ཏེ། ད་ལོ་ནས་ལས་གཞི་འདི་མགོ་འཛུགས་དང་འབྲེལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་སྒྲིག་གི་ཡོད། ད་ལྟ་ང་ཚོས་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་དང་སྤེལ་ཀོབ། ཀོ་ལི་གྷལ་བཅས་སུ་བོད་མིའི་ཚོང་ལས་ཡར་རྒྱས་གཏོང་ཐབས་སྐོར་ལ་ངོ་སྤྲོད་བྱས་ཡོད་ཅིང་། དེ་བཞིན་ད་ལྟ་དཔལ་འབྱོར་ལས་ཁུངས་ཀྱིས་ཚོང་རིག་ཐོག་སློབ་སྦྱོང་ཐོན་པའི་ལས་བྱེད་གཉིས་བསྐོ་བཞག་གིས་བོད་མིའི་ཚོང་ལས་ཡར་རྒྱས་གཏོང་བར་ལས་དོན་སྒྲུབ་བཞིན་ཡོད། ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། དཔལ་འབྱོར་ལས་ཁུངས་ངོས་ནས་བོད་མིའི་ཚོང་ལས་ཡར་རྒྱས་ཡོང་ཐབས་དང་འབྲེལ་ཏེ་སྤྱི་ཚོགས་ནང་གཞུང་འབྲེལ་ཚོང་ལས་གཉེར་མཁན་དག་ལ་གང་ཐུབ་མཐུན་རྐྱེན་སྦྱོར་ཐུབ་བྱས་ཏེ། ལས་མེད་ཚོར་ལས་ཀ་སྤྲོད་ཐུབ་པ་ཡོང་ཐབས་དང་། ཚོང་དོན་ལས་གཞི་འདི་འཛིན་རིམ་ ༡༡ དང་ ༡༢ ཀྱི་སློབ་ཚན་ནང་ལ་འཇུག་རྒྱུར་ཡང་ང་ཚོས་འབྲེལ་ཡོད་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་ལ་གོ་བསྡུར་ཞུ་བཞིན་ཡོད། ཅེས་སོགས་བརྗོད་སོང་།
དེའི་རྗེས་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ལས་གཞི་འདི་བཀའ་ཤག་སྐབས་ ༡༣ པ་ནས་འཆར་གཞི་ཡོད་ཀྱང་མིའི་ཆ་རྐྱེན་གྱིས་མ་འདང་ཚུལ་དང་འབྲེལ་ནས་བརྗོད་དོན། ལས་གཞི་འདིའི་ནང་དེབ་སྐྱེལ་བྱས་ཡོད་པའི་ཚོང་པ་ ༤༠ ཙམ་ཞིག་མོམ་བྷེ་ནང་ཡོད་པའི་ཚོང་དོན་མཐོ་སློབ་ (S. P. Jain)ཞེས་པའི་ནང་། བདུན་ཕྲག་གཅིག་ལྷག་ཚོང་འབྲེལ་ཐོག་ཟབ་སྦྱོང་སྤྲད་རྗེས་རྩེ་ཕུད་མི་ལྔ་ལ་ཚོང་ལས་ཐོག་ནུས་པ་འདོན་སྤེལ་བྱ་ཆེད་ཧིན་སྒོར་འབུམ་རེ་གསོལ་རས་སྤྲད་ཡོད་པ་མ་ཟད། ཟླ་ ༨ ཙམ་རིང་ཚོང་ལས་གཉེར་མྱོང་མཁན་ཚོར་ཚོང་ལས་ཐོག་ལམ་སྟོན་དང་། ཚོང་རྒྱག་མྱོང་མེད་མཁན་ཚོར་ཚོང་རྒྱག་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་ལ། དཔལ་འབྱོར་ལས་ཁུངས་ངོས་ནས་མ་འོངས་པར་ཁེ་ལས་ཚོང་པ་གསོ་སྐྱོང་གིས་བོད་མིའི་གཞིས་སྒར་ཁག་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད། ཅེས་སོགས་བརྗོད་སོང་།
མཇུག་ཏུ་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ནོར་བཟང་ལགས་ཀྱིས་བརྗོད་དོན། བོད་པའི་སྤྱི་ཚོགས་ཁྲོད་འབུར་དུ་ཐོན་པའི་ཁེ་ལས་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སིང་གྷ་པུར་རང་བཙན་ཐོབ་ནས་ལོ་ ༥༠ ཙམ་ལས་ཕྱིན་མེད་ཀྱང་། དཔལ་འབྱོར་ཐོག་རྒྱ་གར་ལས་ནུས་སྟོབས་ཆེ་བ་ཆགས་ཡོད། སིང་གྷ་པུར་རང་བཙན་ཐོབ་མ་ཐག་རྒྱལ་ཁབ་ནང་ཚོང་དོན་ཁེ་ལས་པ་གསོ་སྐྱོང་བྱེད་ཚད་མང་དུ་གཏོང་ཐབས་ལ་འབད་བརྩོན་ཤུགས་ཆེན་བྱས་ཡོད་སྟབས། ད་ལྟ་འཛམ་གླིང་ཐོག་སྟོབས་འབྱོར་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་བཞིན། ད་ལྟ་རྒྱ་གར་དབུས་གཞུང་དང་། མངའ་སྡེའི་གཞུང་ཁག་ཅིག་གིས་ཚོང་དོན་ཁེ་ལས་པ་གང་མང་གསོ་སྐྱོང་བྱ་ཆེད་ཚོང་ལས་ཐོག་གུ་ཡངས་སྲིད་ཇུས་མང་པོ་ཞིག་སྤྲོད་བཞིན་ཡོད། དེར་བརྟེན། ལས་གཞི་འདིས་བོད་མི་ཚོང་རྒྱག་མཁན་གསར་པ་ཞིག་ཡིན་ན། དང་པོ། ཁོ་ཚོར་ཚོང་ལས་བྱེད་ཕྱོགས་དང་སྐད་ཆ་ཤོད་སྟངས། མ་རྩ་ཐོབ་སྟངས། ཚོང་གི་འཆར་གཞི་བཟོ་སྟངས་སོགས་སློབ་ཁྲིད་བྱས་ཏེ་བོད་མི་ཚོང་ལས་པ་སྐྱེད་སྲིང་བྱ་རྒྱུ་དང་། གཉིས་པ། སློབ་ཕྲུག་ཚོར་ཚོང་ལས་ལ་དོ་སྣང་ཡོང་ཐབས་ཀྱི་སློབ་སྦྱོང་སྤྲོད་པ། འཛིན་རིམ་ ༡༡ དང་ ༡༢ ཀྱི་སློབ་ཁྲིད་འཆར་བཀོད་ནང་ཚོང་དོན་ཁེ་ལས་ཀྱི་སློབ་ཚན་འཇོག་ཐུབ་ལ་འབད་བརྩོན་སོགས་ཞུ་བཞིན་ཡོད་པ་མ་ཟད། ང་ཚོས་བོད་མི་ཚོང་ལས་པ་སྐྱེད་སྲིང་ཐུབ་ཐབས་ལ་རྒྱ་གར་ཚོང་ལས་མཁས་པ་ཚོའི་ས་ནས་འདེམས་སྒྲུག་ཞུས་པའི་བོད་མི་ཚོང་པ་དག་ལ་ཟབ་སྦྱོང་ཞུ་ཆེད་(Incubation)ཞེས་པར་སློབ་ཡོན་འབུམ་ ༣ ནས་ ༤ བར་དང་། ( Pre-Incubation) ཞེས་པར་འབུམ་ ༡ དང་ཕྱེད་ཀ་ལྷག་གི་རོགས་རམ་བཙལ་ནས་ཁེ་ལས་པ་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་བརྗོད་སོང་།
ལས་གཞི་འདིའི་ནང་འཛུལ་བཞུགས་བྱེད་མཁན་ཚོས་འདི་ལོའི་ཟླ་ ༡༢ ཚེས་ ༡༥ ནང་ཚུད་དུ་སྙན་ཞུ་ཕུལ་ཚར་བ་དགོས་ཤིང་། སྙན་ཞུ་ཕུལ་བ་དག་ལ་ཞིབ་འཇུག་ཚོགས་ཆུང་གིས་རྟོག་ཞིབ་བྱས་རྗེས་འདེམས་སྒྲུག་བྱ་རྒྱུ་ཡིན་འདུག
ངས་དུས་རྟག་ཏུ་རང་རེའི་སྤྱི་ཚོགས་ཁྲོད་བཤད་ཀྱི་ཡོད།
དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཡག་ཤོས་དེ་དང་པོ་རང་རེའི་མི་རིགས་ནང་དུ་ཁ་རྒྱུན་དུ་འཇགས་པའི་བཤད་སྲོལ་”བུ་ལོན་མེད་ན་ཕྱུག་པོ་ཡིན་པ”དང་”འཚོང་རིགས་རྣམས་ནི་ཁྲ་མ་
ཡིན་”པ་སོགས་ཀྱིས་ད་བར་རང་རེའི་སྤྱི་ཚོགས་ཁྲོད་གནོད་སྐྱོན་ཚབ་ཆེན་བཏང་བ་ར་འཕྲོད་བྱེད་དགོས་པ་ཡིན།
དཔལ་འབྱོར་གྱི་ཁོར་རྒྱུག་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་ལྟ་བུ་ཡིན། དཔལ་འབྱོར་ཁོར་རྒྱུག་བྱེད་པར་འཚོང་གཉེར་ལས་དོན་རྒྱ་གང་ཆེ་གཏོང་དགོས་པ་སོགས་གསལ་པོ་རྟོག་པ་བཟོ་དགོས། དེ་མིན་དཔལ་འབྱོར་ལས་ཁུང་ཆུང་ཆུང་ཞིག་གིས་གནས་ཚུལ་འགའ་ཞིག་མཁོ་གྲུབ་བྱས་ནས་མི་མང་ལ་ཁ་ཤུགས་ཆེན་པོས་འཚོང་ལས་ལ་ཤུགས་རྒྱག་དགོས་ལུགས་བཤད་པས་ཅི་ལ་ཕན།
མ་ཟད་དཔལ་ལས་ཀྱི་དྲུང་ཆེས་གཙོས་ཚན་པའི་ལས་བྱེད་རྣམས་ནི་འཚོང་འབྲེལ་གྱི་ལས་དོན་གཉེར་མྱོང་བ་ཅན་དང་འབྱོར་པ་ཅན་ཞིག་ནི་མིན་པས་དེ་ནི་ཟས་གཞན་གྱི་ཟོས་དྲོ་བ་རང་གི་འགྲེལ་བརྗོད་བྱས་པ་དང་གཅིག་མཚུངས་མ་རེད་པས།