དེ་རིང་དྷ་སར་བོད་ཀྱི་གློག་བརྙན་དུས་སྟོན་དབུ་འཛུགས་དང་འབྲེལ་བོད་ནང་གི་དངོས་བྱུང་གློག་བརྙན་༼འཇིགས་བྲལ།༽ཞེས་བར་རྗེས་དྲན་ཞུས་སོང་། སྐབས་དེར་མགོ་ལོག་འཇིགས་མེད་ལགས་ཀྱིས་འཇིགས་བྲལ་གློག་བརྙན་ནང་སྐད་ཆ་ཤོད་མཁན་ཡོངས་ལ་རྗེས་དྲན་ཞུ་རྒྱུ་ཡིན་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། སུད་སི་གྲོང་ཁྱེར་ཛུ་རེག་ནང་རྟེན་གཞི་བྱས་པའི་བོད་དོན་གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག བོད་ནང་གི་དངོས་བྱུང་གློག་བརྙན་༼འཇིགས་བྲལ༽བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་སུ་བཀའ་དྲིན་རྗེས་དྲན་ཞུ་ཆེད། དྷ་རམ་ས་ལར་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་བཞི་པ་ཟེར་བ་ཞིག་མགོ་འཛུགས་བྱས་སོང་།
གློག་བརྙན་དུས་སྟོན་དེའི་སྐུ་མགྲོན་གཙོ་བོར་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་ལས་རོགས་ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཕེབས་འདུག་པ་དང་། གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་དང་། དྷ་ས་ཁུལ་གྱི་བོད་མི་དང་ཕྱི་རྒྱལ་བ་མི་ ༢༠༠ ལྷག་འཛོམས་སོང་།
དུས་སྟོན་དབུ་འཛུགས་ཐོག་མགོ་ལོག་འཇིགས་མེད་ལགས་ཀྱིས་གློག་བརྙན་དུས་སྟོན་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། ༢༠༠༨ ལོར་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་འདོན་བྱས་པའི་གློག་བརྙན་འདིའི་ཕབ་སྐྲུན་དང་སྒྲིག་སྦྱོར། སྒྲ་ལེན་སྟངས་སོགས་གང་ཐད་ནས་སྤུས་ཚད་ཧ་ཅང་ཞན་པོ་རེད། གང་ཡིན་ཟེར་ན་སྐབས་དེར་རྒྱ་ནག་དམར་ཤོག་འོག་བོད་ནང་གི་གནས་ཚུལ་ཞིག་བརྙན་ལེན་དགོས་ན་ཧ་ཅང་དཀའ་ངལ་ཆེན་པོ་ཡོད། ཡིན་ནའང་གློག་བརྙན་འདིའི་ནང་དོན་གྱི་ཆ་ནས་དྲང་བདེན་དང་གནས་ལུགས་ཆེན་པོ་ལྡན་པ་ཞིག་ཆགས་ཡོད། བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཅུང་ཙམ་ཡང་མེད་པ་མ་ཟད། མི་མང་གིས་སྤྱི་དོན་དང་འབྲེལ་བའི་ཚིག་གཅིག་བཤད་ན་ཁྲིམས་ཆད་ཕོག་རྒྱུ་དང་ལག་གཅིག་འགུལ་ན་ཚེ་སྲོག་ཤོར་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། ཕྱིའི་རང་བྱུང་ཁོར་ཡུག་དང་སྐྱེས་ཁམས་སྲོག་ཆགས་ཚུན་ལ་གཏོར་བཤིག་གཏོང་གི་ཡོད། དེ་བཞིན་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། ཡ་ཁོག་གི་སྙིང་བཞིན་གཅེས་པའི་༧གོང་ས་མཆོག་བོད་ནང་ཕེབས་འཇུག་གི་མེད་པ་སོགས་ཀྱི་གནས་སྟངས་འོག བོད་ནང་གི་རོང་འབྲོག་མང་ཚོགས་བརྒྱ་སྐོར་ཞིག་གིས་རང་གི་ཚེ་སྲོག་དམར་པོ་འབེན་ལ་བཞག་སྟེ་མི་ལོ་ ༥༠ རིང་བཤད་མ་ཐུབ་པ་དང་། བཤད་ས་མ་རག་པའི་སྡུག་བསྔལ་དང་སྙིང་གཏམ་མང་པོ་ཞིག་གློག་བརྙན་འདི་བརྒྱུད་ནས་བཤད་ཡོད་པ་རེད། དེ་ནི་འཇིགས་བྲལ་ཞེས་པའི་གློག་བརྙན་འདིའི་རིན་ཐང་གཙོ་བོ་དེ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
མགོ་ལོག་འཇིགས་མེད་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། འཇིགས་བྲལ་གློག་བརྙན་འདི་དོན་འགྲུབ་དབང་ཆེན་ལགས་དང་ངེད་གཉིས་གཅིག་པུས་འཇོན་པ་ཞིག་དང་། གློག་བརྙན་འདིའི་རིན་ཐང་དང་བྱས་རྗེས་ངེད་གཉིས་གཅིག་པུའི་སྟེང་ཡོད་པ་ཞིག་མ་རེད། གློག་བརྙན་འདིའི་ནང་མི་ ༡༠༠ ལྷག་གིས་རང་སྲོག་འབེན་པ་བཞག་ནས་འཇིགས་ཞུམ་མེད་པར་བོད་ནང་གི་དངོས་ཡོད་གནས་སྟངས་དམར་རྗན་དུ་གསུངས་ཡོད་པ་རེད། ཁོང་རྣམ་པའི་སྙིང་སྟོབས་དང་ཆོད་སེམས་ལ་བརྟེན་ཏེ་གྲུབ་འབྲས་འདི་བྱུང་བ་ཞིག་ཡིན་སྟབས། ང་ཚོས་དེ་རིང་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་ཞུ་འོས་པ་ཞིག་ཆགས་ཡོད་ལ། ད་དུང་བོད་ནང་འདི་དང་འདི་ལྟ་བུའི་གློག་བརྙན་མང་པོ་ཞིག་བཟོས་ཡོད་ཀྱང་། རྒྱ་ནག་གི་དམ་དྲག་འོག་ཕྱི་ལོགས་སུ་འཐོན་ཐུབ་ཡོད་པ་མ་རེད། ཁོང་རྣམ་པའི་བྱས་རྗེས་དང་སྙིང་སྟོབས་ལ་ང་ཚོས་དེ་རིང་ཡི་རངས་བསྔགས་བརྗོད་ཞུ་དགོས་པ་ཞིག་ཆགས་ཡོད། ཅེས་བརྗོད་སོང་།
མཇུག་ཏུ་ཁོང་གིས་མ་འོངས་པར་ང་ཚོས་གློག་བརྙན་སྒྱུ་རྩལ་གྱི་ལས་རིགས་འདི་གོང་འཕེལ་གཏོང་ཐུབ་ལ་འབད་བརྩོན་བྱ་དགོས་པ་དང་། གཙོ་བོ་བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་གཞིར་བཟུང་གློག་བརྙན་བཟོ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ད་ལྟ་སྒྱུ་རྩལ་གྱི་ཆ་ནས་ང་ཚོ་ཞན་པོ་ཡིན་སྟབས་ང་ཚོས་སྔར་ལྷག་འབད་བརྩོན་བྱས་ཏེ། གློག་བརྙན་གྱི་ནང་དོན་དང་རྣམ་པ། སྒྱུ་རྩལ་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།
གསར་འགོད་པས་ཁོང་ལ། ད་རེབ་འཇིགས་བྲལ་གློག་བརྙན་བོད་ཀྱི་གློག་བརྙན་དུས་སྟོན་དང་གཟིགས་འབུལ་ཞུས་པར་ཚོར་བ་ཅི་བྱུང་སྐོར་དྲིས་པར་ཁོང་གིས། འཇིགས་བྲལ་གློག་བརྙན་བཟོས་ནས་ད་བར་གློག་བརྙན་དུས་སྟོན་ཞིག་ཏུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བ་དང་པོ་ཡིན། གློག་བརྙན་འདི་ཐོག་མ་ཕབ་སྐྲུན་བྱས་པའི་མི་ཚད་ཕྱི་ལོགས་སུ་གཏོང་ཐུབ་པ་དང་། དེའི་རྗེས་ལ་སོ་སོའང་དཀའ་ངལ་གང་འཚམ་བརྒྱུད་ནས་ཕྱི་ལོགས་སུ་ཐར་ཏེ། མུ་མཐུད་གློག་བརྙན་འདི་དང་འབྲེལ་ནས་སྐད་ཆ་བཤད་པའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་སོང་། ཞེས་བརྗོད་བྱུང་།
མཇུག་ཏུ་གློག་བརྙན་དུས་སྟོན་གྱི་འབྲེལ་མཐུད་པ་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་དོན། བོད་ཀྱི་གློག་བརྙན་དུས་སྟོན་འདི་སུད་སི་གྲོང་ཁྱེར་ཛུ་རེག་ཏུ་མགོ་བཙུགས་ཏེ་ཐེངས་ ༦ པ་དང་། དྷ་རམ་ས་ལར་མགོ་བཙུགས་བྱས་ཏེ་ཐེངས་ ༤ པ་དེ་ཆགས་ཡོད། འདི་གོ་སྒྲིག་བྱེད་དགོས་དོན་གཙོ་བོ་བོད་རིགས་གཞོན་སྐྱེས་ཚོར་གློག་བརྙན་ཐད་སོ་སོའི་སྒྱུ་རྩལ་ངོམ་སའི་སྡིངས་ཆ་ཞིག་བསྐྲུན་པ་དང་། ད་ལོའི་དུས་སྟོན་འདི་བརྒྱུད་དེ་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་སུ་བཀའ་དྲིན་རྗེས་དྲན་ཞུ་ཆེད་༼ལོག་འགྲོ༽ཞེས་པའི་བརྗོད་གཞིའི་འོག་སྐར་མ་ ༥ ཅན་གྱི་གློག་བརྙན་འགྲན་བསྡུར་ཞིག་ཀྱང་ཡོད། ཅེས་སོགས་བརྗོད་སོང་།
བོད་ཀྱི་གློག་བརྙན་དུས་སྟོན་འདི་དེ་རིང་དང་སང་ཉིན་གཉིས་སུ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིར་བོད་ནང་གི་གློག་བརྙན་བཟོ་སྐྲུན་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བཟོས་པའི་༼ཀོ་ཀོ་ནོར༽དང་། མཁའ་བྱམས་རྒྱལ་ལགས་ཀྱིས་བཟོས་པའི་ ༼རི་ལུང་གི་དཔའ་བོ༽། དགེ་ཙུ་རྒྱ་མཚོ་ལགས་ཀྱིས་བཟོས་པའི་༼རྔོན་པ་དང་ཀེང་རུས༽། བཙན་བྱོལ་ནང་གི་སྐལ་བཟང་ཚེ་བརྟན་ལགས་ཀྱི་༼ སྒྲོལ་མ་སྲུང་སྐྱོབ༽དང་། སྐལ་བཟང་རིན་ཆེན་ལགས་ཀྱི་ ༼བཙན་བྱོལ་བོད་མིའི་འཇབ་དམག༽། ངག་དབང་ཆོས་འཕེལ་ལགས་ཀྱི་ ༼དབྱངས་ལ་ཐིམ་པའི་བོད།༽སོགས་གཟིགས་འབུལ་ཞུ་རྒྱུ་ཙམ་མ་ཟད། སང་ཉིན་གློག་བརྙན་ཐུང་གྲས་ཀྱི་འགྲན་བསྡུར་ཁྲོད་ཨང་རིམ་སོན་པ་དག་ལ་བྱ་དགའ་སྤྲོད་རྒྱུ་ཡིན་འདུག
འཇིགས་བྲལ་གློག་བརྙན་བཟོ་མཁན་རྣམ་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་རང་གི་བསམ་ཚུལ་ལྟར་བྱས་ན་བཙན་བྱོལ་བོད་གཞུང་གིས་དོན་འགྲུབ་དབང་ཆེན་ཕྱི་རྒྱལ་ལ་འཐེན་ཐུབ་གནང་དགོས་པ་རེད་བསམ་གྱི་འདུག ཁོ་རང་ད་ལྟ་རྒྱ་ནག་གི་བཙན་འོག་ན་ཡོད་པ་རེད། ཁོ་རང་གི་ཕ་མ་སྤུན་མཆེད་དང་། སྐྱེས་དམན་ཕྲུ་གུ་ཚང་མ་ཕྱི་ལོགས་ན་ཡོད་པ་མ་ཟད། བཟའ་ཚང་དང་ཕ་མ་ཁ་ཁ་ཆགས་ནས་ལོ་བདུན་བརྒྱད་ཅིག་ཕྱིན་པ་རེད། འདི་ལ་རྒྱལ་སྤྱིའི་ཐོག་ནས་རོགས་རིམ་ཞིག་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག