དེ་རིང་རྒྱ་གར་དབུས་གཞུང་གིས་ཕྱི་རྒྱལ་དངུལ་ཁང་ཁག་ཏུ་ཡོད་པའི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ཡོད་མཁན་གྱི་རྒྱ་གར་བ་ཁག་ཅིག་གི་མིང་ཐོ་ཕྱིར་བསྒྲགས་བྱས་འདུག
དེ་རིང་རྒྱ་གར་དབུས་ཁྲིམས་དོན་ཚན་པས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ལ་ཕྱི་རྒྱལ་དངུལ་ཁང་ཁག་ཏུ་རྒྱ་གར་གྱི་ཚོང་བ་དང་སྲིད་དོན་པ་ཚོས་ཁྲིམས་མཐུན་མིན་པའི་དངུལ་བཅོལ་ཡོད་པའི་མིང་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། རྒྱ་གར་དྷ་བྷར་ (Dabur)ཁེ་ལས་ཀྱི་འཛིན་སྐྱོང་འགན་འཛིན་པཱར་ཌིབ་བྷུར་མན་ (Pradip Burman)དང་། རྒྱ་གར་གྷུ་ཅུ་ར་ཌི་ར་ཇི་ཁཱོ་ཌི་ (Rajkot)ནང་རྟེན་གཞི་བྱས་པའི་གསེར་ཚོང་རྒྱག་མཁན་ཅཱ་མན་ལཱལ་ (Pankaj Chimanlal Lodya)། གྷོ་ཝ་ནང་རྟེན་གཞི་བྱས་པའི་ཌེམ་བྷ་ལཱོ་ (Timblo Pvt Ltd) ཁེ་ལས་པ་ར་དྷ་ (Radha S. Timblo)བཅས་ཚུད་ཡོད་པ་མ་ཟད། སྐབས་སྔོན་མའི་རྒྱ་གར་ཀོང་རེ་སི་གཞུང་གི་བློན་ཆེན་ཟུར་བ་གཉིས་གཙོས་པའི་སྲིད་དོན་པ་ཁག་ཅིག་བཅས་ཀྱི་མིང་ཐོ་ཡོད་འདུག
རྒྱ་གར་གཞུང་གི་ཐག་གཅོད་དེར་རྒྱ་གར་གྱི་སྲིད་དོན་པ་དང་ཕྱུག་བདག་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དྷ་བྷར་ཁེ་ལས་འཛིན་སྐྱོང་འགན་འཛིན་པཱར་ཌིབ་བྷུར་མན་གྱིས་གསར་ལམ་དུ། “པཱར་ཌིབ་བྷུར་མན་ལགས་ཀྱིས་ཁྲིམས་མཐུན་ཐོག་ཕྱི་སྡོད་རྒྱ་གར་བ་ཞིག་གི་མིང་ཐོག་ནས་འབྲེལ་ཡོད་དཔྱ་ཁྲལ་ལས་ཁུངས་ལ་ཁྲལ་སྤྲད་ཏེ། ཕྱི་རྒྱལ་དངུལ་ཁང་ནང་དངུལ་བཅོལ་བ་མ་ཟད། ཁྲིམས་ལུགས་གཞིར་བཟུང་ལས་ཀ་བྱེད་བཞིན་ཡོད་སྟབས། ད་རེབ་རྒྱ་གར་དབུས་གཞུང་གིས་ཕྱི་རྒྱལ་དངུལ་ཁང་ཁག་ཏུ་བཅོལ་དངུལ་ཡོད་མཁན་དག་ནག་པོ་རེད་ཅེས་བརྗོད་པ་དེ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད།” ཅེས་བརྗོད་འདུག དེ་བཞིན། གསེར་ཚོང་རྒྱག་མཁན་ཅཱ་མན་ལཱལ་ (Pankaj Chimanlal Lodya) གྱིས། “ངས་ད་བར་ཁྲིམས་མཐུན་ཐོག་ཚོང་ལས་གཉེར་བཞིན་ཡོད་པ་མ་ཟད། རྒྱ་གར་གཞུང་ལ་དཔྱ་ཁྲལ་དུས་ཐོག་སྤྲོད་བཞིན་ཡོད་སྟབས། ངའི་མིང་ཐོ་ཕྱིར་བསྒྲགས་བྱས་པ་དེ་ནི་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་པ་རེད།”ཅེས་བརྗོད་འདུག
རྒྱ་གར་བྷེ་ཇི་པི་ཚོགས་པས་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་སྐབས་ལྐོག་ཟ་རུལ་སུངས་དང་། ཕྱི་རྒྱལ་དངུལ་ཁང་ཁག་གི་རྒྱ་གར་བའི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ལ་ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། ཐོག་མར་གཞུང་འཛིན་སྐབས་ཁྲིམས་མཐུན་མིན་པའི་བཅོལ་དངུལ་དག་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་ཆུང་བསྐོ་བཙུགས་ཀྱིས། ཚོགས་ཆུང་གི་ཚོགས་གཙོ་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཟུར་པ་ཤཱ་ (MB Shah)ཐད་བསྐོས་བྱས་བ་མ་ཟད། སུད་སི་དང་འཇར་མན་གཙོས་ཕྱི་རྒྱལ་ཁག་ཏུ་རྒྱ་གར་གཞུང་ལ་རོགས་འདེགས་བྱས་ཏེ། དངུལ་ཁང་ཁག་ཏུ་བཅོལ་དངུལ་ཡོད་མཁན་གྱི་རྒྱ་གར་བའི་མིང་ཐོ་རྩིས་སྤྲོད་དགོས་པའི་འབོད་སྐུལ་ཞུས་པ་ལྟར། སུད་སི་དང་འཇར་མན་དངུལ་ཁང་ཁག་ཅིག་གིས་མིང་ཐོ་རྩིས་སྤྲོད་བྱས་ཡོད་སྟབས། རྒྱ་གར་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་མི་ ༡༣༨ ལ་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ཡོད་པ་ར་སྤྲོད་བྱུང་ཡོད་འདུག
བདུན་ཕྲག་སྔོན་མའི་ནང་རྒྱ་གར་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཅོལ་དངུལ་ཡོད་མཁན་ཚོས་ལྐོག་ཟ་རུལ་སུངས་དང་ནག་ཚོང་བརྒྱབ་པ་སོགས་མིན་ཚེ་མིང་ཐོ་ཕྱིར་བསྒྲགས་བྱ་རྒྱུ་མིན་སྐོར་བརྗོད་ཡོད་ཀྱང་། དེ་རིང་མིང་ཐོ་ཁག་ཅིག་ཆེས་མཐོའི་ཁྲིམས་ཁང་ལ་སྤྲད་དེ་ཕྱིར་བསྒྲགས་བྱས་ཡོད་སྟབས། རྒྱ་གར་གྱི་སྲིད་དོན་པ་དང་ཚོང་པ་ཚོས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་འདུག
ཟླ་འདིའི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ནང་རྟེན་གཞི་བྱས་པའི་གོ་ལའི་དངུལ་རྩའི་ཆེད་མཁས་ཚོགས་ཆུང་ (Global Financial Integrity)ཞེས་པའི་སྙན་ཐོ་ཞིག་གི་ནང་། ༡༩༤༨ ནས་ ༢༠༠༨ ལོའི་བར་ཕྱི་རྒྱལ་ཁག་ཏུ་རྒྱ་གར་གྱི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ཨ་སྒོར་ཐེར་འབུམ་ ༤༦༢ ཡོད་སྐོར་དང་། དངུལ་དེ་དག་དཔྱ་ཁྲལ་ལས་གཡོལ་ཐབས་དང་ནག་ཉེས་བསགས་པ། ཁྲིམས་མཐུན་མིན་པའི་ས་ཁང་གཞིས་ཀ་དང་གསེར་ཆས་སོགས་ཉོ་ཚོང་བྱས་པ་ལས་བྱུང་སྐོར་བརྗོད་འདུག
ཉེ་ལམ་རྒྱ་གར་དཔལ་འབྱོར་བློན་ཆེན་ཨ་རུན་ (Arun Jaitley) གྱིས་གསར་འགོད་འདུ་འཛོམས་ཤིག་གི་ཐོག་ “རྒྱ་གར་གཞུང་གིས་ཕྱི་རྒྱལ་དུ་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ཡོད་མཁན་ཚོའི་མིང་ཐོ་ཕྱིར་བསྒྲགས་བྱེད་སྐབས་རྒྱ་གར་ཀོང་རེ་སི་ཚོགས་པ་ངོ་ཚ་པོ་ཆགས་རྒྱུ་རེད།”ཅེས་བརྗོད་ཡོད་སྟབས། ཁ་སང་རྒྱ་གར་ཀོང་རེ་སི་ཚོགས་པས། “གལ་ཏེ་བྷེ་ཇི་པི་གཞུང་གིས་དྲང་བཞག་ཐོག་མིང་ཐོ་ཕྱིར་བསྒྲགས་བྱས་པ་ཡིན་ན་ང་ཚོ་ཁོ་ཚོའི་ལྐོག་ཤོམ་ལ་ཞེད་སྣང་སྐྱེ་དགོས་དོན་མེད།”ཅེས་ལན་འདེབས་བྱས་ཡོད་པ་མ་ཟད། དེ་རིང་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པས་བྷེ་ཇི་པི་ཚོགས་པའི་ནང་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ཡོད་མཁན་མང་པོ་ཡོད་ཀྱང་། ད་རེབ་ཕྱིར་བསྒྲགས་བྱས་མེད་པ་དེ་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀར་འགལ་ཡོད་སྐོར་བརྗོད་འདུག