དེ་རིང་ཉི་ཧོང་དང་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་ཐུག་འཕྲད་བྱས་ཏེ་བྱང་ཀོ་རི་ཡས་བཙན་ཁྲིད་བྱས་པའི་ཉི་ཧོང་མི་སེར་གནད་དོན་སྐོར་ལ་གྲོལ་མོལ་བྱེད་བཞིན་ཡོད་འདུག
ཁ་སང་ནས་མགོ་འཛུགས་ཀྱིས་ཉིན་བཞིའི་རིང་ཉི་ཧོང་ཕྱི་འབྲེལ་ལྷན་ཁང་གི་ཨེ་ཤ་ཡ་ཚན་པའི་སྤྱི་ཁྱབ་འགན་འཛིན་ཇུ་ནི་ཆི་ (Junichi Ihara) ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བྱང་ཀོ་རི་ཡའི་ནང་བསྐྱོད་དེ། དེ་རིང་དང་སང་ཉིན་བྱང་ཀོ་རི་ཡའི་མགོ་ཁྲིད་སུང་ (Song Il Ho)དང་ལྷན་དུ། ༡༩༧༠ ལོ་ནས་བརྒྱད་བཅུ་གྲངས་བར་བྱང་ཀོ་རི་ཡས་བཙན་ཁྲིད་བྱས་པའི་ཉི་ཧོང་གི་མི་སེར་རྣམས་ཀློད་གྲོལ་གཏོང་ཕྱོཊ་ལ་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། འདི་ནི་ལོ་ ༡༠ རྗེས་རྒྱལ་ཁབ་གཉིས་བར་གྲོས་མོལ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག
༢༠༠༢ ལོར་ཉི་ཧོང་དང་བྱང་ཀོ་རི་ཡའི་དབུ་ཁྲིད་གཉིས་ཀྱིས་གནད་དོན་འདིའི་སྐོར་ལ་གྲོས་མོལ་བྱས་སྐབས། བྱང་ཀོ་རི་ཡས་ཉི་ཧོང་གི་མི་སེར་ ༥ ཀློད་གྲོལ་གཏོང་རྒྱུ་ཁས་ལེན་དང་གཞན་རྣམས་འདས་གྲོངས་སུ་འགྱུར་ཡོད་ཚུལ་བརྗོད་ཡོད། ཉི་ཧོང་གཞུང་གིས་བྱང་ཀོ་རི་ཡས་ ༡༩༧༠ ལོ་ནས་ ༡༩༨༠ ལོ་ཡས་མས་བར་ཉི་ཧོང་གི་མི་སེར་ ༡༧ ཙམ་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་མི་བརྒྱ་སྐོར་ཞིག་འཇུ་བཟུང་བྱས་ཡོད་སྐོར་སོགས་བརྗོད་ཡོད་སྟབས། བྱང་ཀོ་རི་ཡས་དེ་ལ་ངོས་ལེན་མ་བྱས་པར་རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོན་མེད།
༢༠༡༤ ལོའི་ཟླ་ ༥ པའི་ནང་། བྱང་ཀོ་རི་ཡས་ཉི་ཧོང་གཞུང་གིས་དཔལ་འབྱོར་དང་ཆབ་སྲིད་ཉེས་ཆད་གུ་ཡངས་བཏང་ཚེ། བཙོན་པའི་གནས་སྟངས་གང་འདྲ་ཆགས་མིན་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཟླ་ ༩ ནང་རྒྱ་ནག་གྲོང་ཁྱེར་ཧྲིན་ཡཱང་ (Shenyang)ནང་ཉི་ཧོང་དང་བྱང་ཀོ་རི་ཡའི་མགོ་ཁྲིད་ཐུག་འཕྲད་ཀྱིས་གནད་དོན་དེའི་ཐོག་གྲོས་མོལ་བྱས་ཡོད་དང་། ད་རེབ་གྲོས་མོལ་འདི་བརྒྱུད་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ཡིན་འདུག
ཉེ་ལམ་བྱང་ཀོ་རི་ཡས་ཉི་ཧོང་གཞུང་ལ་ཁོ་ཚོས་བཙན་ཁྲིད་བྱས་པའི་ཉི་ཧོང་གི་མི་སེར་ ༡༣ ལས་མེད་སྐོར་བརྗོད་ཡོད་ཀྱང་། ཉི་ཧོང་གཞུང་གིས་བྱང་ཀོ་རི་ཡས་ ༡༩༧༠ ལོ་ནས་ད་བར་ཉི་ཧོང་གི་ཡུལ་མི་ ༨༠༠ ལྷག་བཙན་ཁྲིད་བྱས་ཡོད་སྐོར་བརྗོད་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བྱང་ཀོ་རི་ཡར་གནོན་ཤུགས་སྤྲད་ཡོད་སྟབས། བདུན་ཕྲག་སྔོན་མའི་ནང་བྱང་ཀོ་རི་ཡས་ཉི་ཧོང་དང་མཉམ་ལས་བྱས་ཏེ་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ངོས་ལེན་བྱས་པ་ཞིག་ཡིན་འདུག
ཁ་སང་ཉི་ཧོང་གི་སྤྱི་ཁྱབ་དྲུང་ཆེ་ཆེན་མོ་སུ་གྷ་ (Yoshihide Suga) ལགས་ཀྱིས། “ ཉི་ཧོང་གཞུང་གིས་ད་རེབ་ཀྱི་གྲོས་མོལ་འདི་གལ་འགངས་ཆེན་པོར་རྩི་བཞིན་ཡོད་པ་མ་ཟད། ང་ཚོས་ད་རེབ་ཀོ་རི་ཡའི་གཞུང་གིས་གནད་དོན་དེའི་ཐོག་ཞིབ་འཇུག་གང་འདྲ་བྱས་ཡོད་མེད་ཀྱི་གནས་སྟངས་གསལ་བོར་སྟོན་རྒྱུར་ཡིད་ཆེས་བྱེད་ཀྱིན་ཡོད།”ཅེས་བརྗོད་འདུག
ཆབ་སྲིད་དབྱེ་ཞིབ་པ་ཚོས། བྱང་ཀོ་རི་ཡས་ཉི་ཧོང་གཞུང་དང་གྲོས་མོལ་བྱས་པ་འདིས་རྒྱལ་ཁབ་གཉིས་བར་གྱི་ཡུན་རིང་དཀའ་ངལ་དག་སེལ་རྒྱུའི་ཐབས་ལམ་ཞིག་ཡིན་ཡང་། བྱང་ཀོ་རི་ཡས་ཉི་ཧོང་གཞུང་ལ་འདོད་བློ་ཁེངས་པའི་བརྡ་ལན་ཞིག་སྤྲོད་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། དོན་གྲུབ།