༄༅།། མཁས་དབང་དམ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛད་པ་ཨང་དང་པོ་བཅུ་ལ་རྗེས་དྲན་ཞུ།
ཆུང་ཚེ་རིང་།
“ངས་རང་ཡུལ་གྱི་གནས་ཚུལ་ལ་ཟུར་ནས་ལྟ་བཞིན་རང་ཉིད་[ཨ་རིའི་གྲོང་ཁྱེར་]སི་ཡ་ཊལ་དུ་དྲོ་སྐྱིད་དང་ལྡན་ལ་ཉེན་ཁ་མེད་པར་སྡོད་པ་འདི། ཚུལ་དང་མཐུན་པ་ཞིག་ཡིན་པར་དག་འབུད་ཇི་ལྟར་བྱེད་ཐུབ་བམ། ་་་ཕྱིན་ཆད་ཅི་ཡོང་སྔོན་དཔག་དཀའ་བའི་བོད་ཀྱི་དོན་དུ། ད་ཡོད་ཀྱི་འཚོ་བ་གསར་པ་འདི་འདོར་རྒྱུའི་སྙིང་སྟོབས་ང་རང་ལ་ཨེ་ཡོད”______བཀྲ་ཤིས་ཚེ་རིང་གི་རང་རྣམ་”ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་”ཞེས་པའི་གླེང་གཞིར་གསལ།
༄༅།། ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༥ ཉིན་བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ཚིག་མཛོད་རྩོམ་སྒྲིག སྤྱི་ཚོགས་གནད་དོན་བཅས་ཀྱི་ཐད་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་གཞིས་བཞུགས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པས་སྐྱོ་གདུང་ཆེ།
མཁས་དབང་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་ནི་ཀྱག་ཀྱོག་མང་བ་ཞིག་རེད་ལ་ཁོང་ལ་ཐོབ་པའི་གྲུབ་འབྲས་ཡོངས་རྫོགས་རང་ཉིད་ཀྱི་ལྷག་བསམ་དང་འབད་བརྩོན། བློས་གཏོང་བཅས་ལ་བརྟེན་ནས་ཐོབ་པ་ཞིག་རེད། ང་ཚོས་དམ་པ་ཁོང་ལ་རྗེས་དྲན་ཞུ་ན། ཁོང་གི་སྙིང་སྟོབས་དང་། དམིགས་ཡུལ། ལྷག་བསམ། བློས་གཏོང་བཅས་ལ་སློབ་སྦྱོང་ཞུ་དགོས་པ་དེ་དོན་གྱི་སྙིང་པོ་རེད། དེར་བརྟེན་གཤམ་དུ་ཁོང་གི་ལོ་རྒྱུས་འགའ་ཞིག་གླེང་གི་ཡིན།
དམ་པ་ཁོང་ ༡༩༢༩ ལོར་གཙང་ཁུལ་གུར་ཕྱོགས་གྲོང་ཚོར་འཁྲུངས་ཤིང་ ༡༩༣༩ ལོར་བོད་གཞུང་གི་མཆོད་སྤྲིན་གར་རོལ་པའི་ཁོངས་སུ་ཚུད། ༡༩༤༧ ལོར་བོད་གཞུང་འཕྲལ་སྡེ་ལས་ཁུངས་ཀྱི་ལས་བྱར་ཡིག་རྒྱུགས་ཀྱི་ལམ་ནས་ཞུགས། ༡༩༥༧ ལོར་རྒྱ་གར་རྡོ་རྗེ་གླིང་དུ་སློབ་གཉེར་གནང་། ༡༩༥༩ ལོར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་མགོ་ཁྲིད་འོག བོད་མི་བཙན་བྱོལ་བའི་ས་ནས་རྒྱ་གཞུང་གིས་བོད་ནང་ཁྲིམས་འགལ་དྲག་སྤྱོད་དང་གཏོར་བཤིག་བཏང་བའི་བདེན་དཔང་ཚིག་ཐོ་བསྡུས་པ་དབྱིན་ཡིག་ཏུ་བསྒྱུར་ཏེ་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་སུ་ཕུལ། དེ་བཞིན་འབྲས་ལྗོངས་སུ་ཡོད་པའི་བོད་གཞུང་གི་གསེར་དངུལ་རྣམས་ཀ་ལི་ཀ་ཏར་འོར་འདྲེན་རྗེས་སྲུང་སྐྱོབས་ཀྱི་འགན་ཁུར། ༡༩༦༠ ལོར་རང་ངོས་ནས་ཐབས་ཤེས་གནང་ནས་ཨ་རིར་སློབ་སྦྱོང་དུ་ཕེབས། ༡༩༦༤ ལོར་བོད་ལ་ལོག་ཀྱང་རྒྱ་ནག་ཏུ་བཀག་སྟེ་བཙོན་འཇུག་དང་དཀའ་ངལ་སྣ་མང་མྱངས་མཐར་ ༡༩༨༢ ལོར་ལྷ་སར་གཏན་ལོག་ཐུབ་པ་བྱུང་། ཁོང་གིས་ད་ཕན་ཤེས་ཡོན་སློབ་ཁྲིད་དང་། ཚིག་མཛོད་རྩོམ་སྒྲིག སློབ་གྲྭ་གསར་འཛུགས། དྲང་བདེན་མིན་པའི་སྲིད་བྱུས་ལ་ངོ་རྒོལ་སོགས་ལས་དོན་སྣ་མང་གནང་ཡོད་ཅིང་། དེ་ཚོའི་ནང་གི་མང་པོ་ཞིག་ནི་བོད་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་སྟེ།
༡ ༽ བཀྲ་ཤིས་ཚེ་རིང་ལགས་ཆུང་དུས་ནས་ཡོན་ཏན་ལ་དོན་གཉེར་ཧ་ཅང་ཆེན་པོ་ཡིན་སྟབས། ཁོང་གིས་བོད་ཡིག་འབྲི་ཀློག་དང་སུམ་རྟགས་ལེགས་བཤད་སོགས་ལ་ཞོར་སྦྱོང་གནང་སྟེ་ ༡༩༤༧ ལོར་བོད་གཞུང་གི་གཞུང་ཞབས་པའི་ནང་ཚུད་རྗེས། རྒྱ་གར་སོགས་སུ་སློབ་སྦྱོང་བྱས་ཏེ་བོད་ལ་ཕྱིར་ལོག་པའི་སྐུ་དྲག་གི་སྲས་སྲོས་མང་པོར་འབྲེལ་བ་བྱུང་བས། བཀྲ་ཤིས་ཚེ་རིང་ལགས་ཀྱང་རྒྱ་གར་ལ་སློབ་སྦྱོང་དུ་ཕེབས་འདུན་བྱུང་། སློབ་ཡོན་གསོག་ཆེད། རྩེ་འཕྲལ་བདེ་ལས་ཁུངས་ནས་དགོངས་པ་ཞུས་ཏེ་ཚོང་ལས་གཉེར། ཚོང་གི་ཁེ་སྤོགས་འཁྱེར་ཏེ་ ༡༩༥༧ ལོར་རྒྱ་གར་རྡོ་རྗེ་གླིང་དུ་ཕེབས་ནས་ཐོག་མར་དབྱིན་ཇི་བ་ཁོམ་མིང་གྷ་ཞེས་པའི་མཉམ་དུ་ཟླ་བ་བརྒྱད་ཙམ་མཉམ་བཞུགས་ཀྱིས་དབྱིན་སྐད་ཀྱི་རྨང་གཞི་སྦྱངས་པ་དང་། དེ་རྗེས་རྡོ་རྗེ་གླིང་གི་སནྜེ་ཇོ་སེབ་མཐོ་སློབ་ཏུ་ཟུར་ཞུགས་སློབ་གཉེར་གནང་བ་རེད། དེ་ནི་ད་ཕན་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རང་ངོས་ནས་སློབ་ཡོན་བཏང་སྟེ་རྒྱ་གར་དུ་དབྱིན་ཡིག་སློབ་སྦྱོང་བྱེད་མཁན་གྱི་ཞིང་པའི་བུ་ཕྲུག་ཐོག་མ་དེ་རེད།
༢ ༽ བོད་པ་ཚོས་བོད་མ་ཤོར་གོང་ནས་ཨ་རིའི་སྐོར་གོ་མྱོང་ཡོད་པ་རེད་ལ། བཀྲ་ཤིས་ཚེ་རིང་ལགས་ཨ་རིར་ཕེབས་པའི་སྐབས་སུ་བོད་པ་མང་པོ་ཞིག་ཨ་རིར་སླེབས་ཚར་ཡོད་པ་རེད། ད་ལྟའི་ཆར་ཨ་རིར་བོད་མི་ཆིག་ཁྲི་ལྷག་ཡོད། ཡིན་ནའང་བོད་ཡིག་ནང་ཨ་རིའི་སྐོར་ཐོག་མར་དེབ་འབྲི་མཁན་དེ་བཀྲ་ཤིས་ཚེ་རིང་ལགས་རེད། བཀྲ་ཤིས་ཚེ་རིང་ལགས་ཀྱིས་རང་ཉིད་ཨ་རིར་སྡོད་རིང་མཐོང་ཐོས་བྱུང་བའི་ཨ་རིའི་གནས་ཚུལ་བཟང་ངན་གཉིས་ཀ་གུང་གསེང་གི་དུས་ཚོད་སྤྱད་དེ་བྲིས་མཐར་རྒྱ་གར་རྡོ་རྗེ་གླིང་ནས་ལོ་རབས་དྲུག་ཅུ་པའི་ནང་རང་དབང་པར་ཁང་གིས་པར་སྐྲུན་བྱས་ཤིང་། ཕྱིས་སུ་དེབ་དེར་སྣོན་འཕྲི་གནང་སྟེ་བོད་ནས་བསྐྱར་པར་བྱས་པའི་མིང་ལ་ཨ་རི་དང་དེའི་མི་དམངས་ཟེར་བ་དེ་རེད།
༣ ༽ གཞིས་ལུས་བོད་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ཨ་རིའི་མཁོ་རྒུ་འཛོམས་པའི་འཚོ་བ་དང་བཟའ་ཟླ་བཞག་སྟེ་ལོག་མཁན་གྱི་བོད་པ་དང་པོ་ཡང་བཀྲ་ཤིས་ཚེ་རིང་ལགས་རེད། དེ་ཡང་བཀྲ་ཤིས་ཚེ་རིང་ལགས་རང་ངོས་ནས་སློབ་ཡོན་ཐབས་འཚོལ་གྱིས་ ༡༩༦༠ ལོར་ཨ་རིར་སློབ་གཉེར་དུ་ཕེབས་ཤིང་། ཨ་རིར་སླེབས་རྗེས་དེང་རབས་ཤེས་ཡོན་གྱི་རྨང་གཞི་ཧ་ལམ་མེད་པའི་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཤེས་ཡོན་གྱི་རྨང་གཞི་ཧ་ཅང་ལེགས་པའི་ཨ་རིའི་སློབ་ཕྲུག་དང་མཉམ་དུ་ཝི་ལི་ཡམ་མཐོ་སློབ་དང་ཝ་ཤིང་ཊོན་གཙུག་ལག་སློབ་ཁང་དུ་དབྱིན་ཡིག་དང་ནོར་སྲིད། ལོ་རྒྱུས། ཨེ་ཤེ་ཡ་དང་བོད་ཀྱི་ལོ་རྒྱུས། ལྟ་གྲུབ། སྲིད་དོན་ཚན་རིག་བཅས་ལ་སློབ་སྦྱོང་བྱེད་སྐབས། དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་སྦྱོང་ལ་བརྩོན་འགྲུས་ཧ་ལས་དགོས་པ་གནང་བས་རིམ་གྱིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ཆོས་ལུགས་སོགས་ཀྱི་ཐད་རང་གི་ལྟ་བ་ཡོད་པར་གྱུར། ཁོང་གིས་རང་གི་ལྟ་ཚུལ་དེ་ཚོ་ལྟ་ཚུལ་ཙམ་དུ་མ་བཞག་པར། རང་ངོས་ནས་དོན་དངོས་ལག་ལེན་གྱི་ནང་དུ་ག་རེ་བྱེད་དགོས་མིན་དེ་ཐག་གཅོད་དགོས་དྲན། ཁོང་གིས་བོད་ལ་མདུན་ལམ་དགོས་ན་ངེས་པར་བསྒྱུར་བཅོས་བྱེད་དགོས་པ་དང་། དེ་ཡང་བཙན་བྱོལ་བོད་མིའི་ཁྲོད་དུ་བསྒྱུར་བཅོས་བྱས་པ་ཙམ་གྱིས་མི་འགྲིག་པར་བོད་ནང་ལ་བསྒྱུར་བཅོས་བྱེད་དགོས། བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱས་ཏེ་བོད་ནང་སྒྱུར་བཅོས་བྱེད་ཐབས་མེད་པས། ཐབས་ཤེས་གཅིག་རང་ཡོད་པ་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དུ་ལོག་སྟེ་བོད་ལ་སྒྱུར་བཅོས་བྱ་དགོས་དྲན། ཁོང་གིས་སྐབས་དེར་སེམས་ཐག་ཉེ་བའི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་སུ་འཕྲིན་ཡིག་ཅིག་ཕུལ་ཡོད་པའི་ནང་“ཡུན་རིང་བསམ་གཞིག་མང་པོ་བྱས་རྗེས་ངས་རྒྱ་མི་བོད་དུ་ཡོང་བ་དང་དམར་ཤོག་གི་ལམ་ལུགས་དང་ལེན་བྱེད་རྒྱུ་དང༌། དེ་ལྟར་བྱས་ན། ང་རང་ལ་ཐོབ་པའི་ཤེས་ཡོན་རྣམས་བེད་སྤྱོད་བྱེད་བཅུག་སྟེ་བོད་དེ་དེང་རབས་ཀྱི་ཁྱད་ཆོས་མང་ཙམ་ལྡན་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུར་རོགས་རམ་བྱེད་ཐུབ་ངེས་ཡིན། བཙན་བྱོལ་ནང་གི་རྒྱལ་ཞེན་རིང་ལུགས་ཙམ་གྱིས་ང་རང་བློ་ཁ་ཚིམ་ཐབས་མི་འདུག ངས་རང་གི་ལུང་པར་རོགས་ཕན་བྱེད་ཐུབ་པའི་ཐབས་ལམ་ཉག་ཅིག་ནི་བོད་ལ་ངོ་བསྐྱོད་བྱེད་རྒྱུ་དེ་རང་ཡིན་པར་ཚོར་བར་བརྟེན། རང་ཉིད་མཐོ་སྒང་དུ་བསྐྱོད་ནས་རང་གི་མི་དམངས་དང་བསྐྱར་འཛོམས་བྱེད་དགོས་ཡོད། ངས་བློ་ཐག་བཅད་ཟིན” ཞེས་བྲིས་ཡོད་པ་རེད། བྲིས་པ་ལྟར་ཁོང་གི་གྲོགས་པོ་དང་བཟའ་ཟླ། ངོ་ཤེས་བཅས་ཀྱིས་ཇི་ལྟར་བཀག་ཀྱང་མ་ཁོགས་པར་ ༡༩༦༤ ལོར་ཨ་རི་ནས་རྒྱ་ནག་ཏུ་བསྐྱོད་པ་རེད། འོན་ཀྱང་རྒྱ་ནག་གིས་ཁོང་བོད་ལ་བཏང་མེད།
༤ ༽ བཀྲ་ཤིས་ཚེ་རིང་ལགས་ནི་ཕལ་ཆེར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ངོ་བཅར་གྱིས་རང་སྒེར་གྱི་གྱོད་དོན་ཞུ་གཏུགས་བྱས་ཏེ་རྒྱལ་ཁ་ཐོབ་མཁན་གྱི་བོད་པ་དང་པོ་དེ་ཡིན་སྲིད་པ་རེད། བཀྲ་ཤིས་ཚེ་རིང་རྒྱ་ནག་ཏུ་ཕྱིན་རྗེས་ཞན་ཡང་ཞེས་པའི་ས་ཁུལ་དུ་དགེ་རྒན་འོས་སྦྱོང་བྱེད་བཅུག་པ་དང་། དེ་རྗེས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཁོང་ལ་གསར་བརྗེའི་ངོ་ལོག་པ་དང་ཕྱི་རྒྱལ་གྱི་གསང་མྱུལ་བ། བོད་རང་བཙན་དོན་གཉེར་བ་སོགས་ཀྱི་ཉེས་འཛུགས་འོག་“འཐབ་འཛིང་”དང་བཙོན་འཇུག་བྱས་ཤིང་ ༡༩༧༣ ལོར་བཙོན་གྲོལ་ཐོབ་ཀྱང་མུ་མཐུད་ཞན་ཡང་དུ་བཀག་སྟེ་འགྲོ་འོང་ལ་ཚོད་འཛིན་དང་སྡུག་ལས་ལ་བཀོལ་སྟབས་མཐར་ཁོང་འུ་ཐུག་སྟེ་ ༡༩༧༨ ལོར་པེ་ཅིན་དུ་ངོ་བཅར་གྱིས་ཞུ་གཏུགས་བྱས་པས་རྒྱལ་ཁ་ཐོབ་སྟེ། ༡༩༨༢ ལོར་ལྷ་སར་གཏན་སྡོད་ཆོག་པ་བྱུང་།
༥ ༽ ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ནང་དབྱིན་ཡིག་སྦྱོང་མཁན་གྱི་བོད་མི་ཕལ་ཆེ་བས་བཀྲ་ཤིས་ཚེ་རིང་གིས་རྩོམ་སྒྲིག་བྱས་ཤིང་ ༡༩༨༨ ལོར་པར་དུ་བསྐྲུན་པའི་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་མཐུག་པོ་དེ་དྲན་གྱི་ཡོད་ཤག ཚིག་མཛོད་དེ་ནི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མཐུན་རྐྱེན་ཤིན་ཏུ་ཞན་པའི་གནས་སྟངས་འོག་དཀའ་ངལ་བརྒྱ་ཕྲག་ཁྱད་གསོད་ཀྱིས་རྩོམ་སྒྲིག་གནང་བ་ཞིག་རེད། ཚིག་མཛོད་འདི་སྒྲིག་དུས། བོད་རྒྱ་ཡིག་རིགས་གང་ཞིག་སྔོན་ལ་འགོད་དགོས་མིན་ཐད་ལའང་ཁོང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་རྩོད་པ་བརྒྱབ་སྟེ། བོད་ཡིག་དེ་རྒྱ་ཡིག་གི་སྔོན་དུ་འཇོག་ཐུབ་པ་བྱུང་ཡོད། ཚིག་མཛོད་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ་དེ་རེད། བཀྲ་ཤིས་ཚེ་རིང་ལགས་དགུང་ལོ་བརྒྱད་ཅུའི་ནང་སོན་རྗེས་སུའང་ཉིན་ལྟར་སྔ་དྲོ་དབྱིན་རྒྱ་བོད་གསུམ་གྱི་གསར་འགྱུར་གསན་ཞོར། ཚིག་གསར་ཐོ་འགོད་གནང་སྟེ་སྔོན་གྱི་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལ་ཁ་གསབ་གནང་ནས། སྐད་གསུམ་ཚིག་མཛོད་གསར་མ་ཞེས་པ་ཞིག་ཁོང་སྒེར་གྱིས་རྒྱ་སྒོར་འབུམ་ལྔ་བཏང་སྟེ་ ༢༠༡༢ ལོར་པར་སྐྲུན་གནང་བའི་ནང་ཁྱོན་ཐ་སྙད་ཆིག་ཁྲི་ལྔ་སྟོང་ལྷག་ལ་འགྲེལ་བརྗོད་དང་བེད་སྤྱོད་དཔེ་མཚོན་བཀོད་ཡོད་པ་རེད།
༦ ༽ ༡༩༨༠ གྱ་གྲངས་ནང་རྒྱ་གཞུང་གི་སྒྱུར་བཅོས་སྒོ་དབྱེའི་སྲིད་བྱུས་འོག བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཡོང་མགོ་ཚུགས་པས། སྐད་སྒྱུར་གྱི་དགོས་མཁོ་ཆེན་པོ་ཡོད་པར་གྱུར། བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྐབས་དེའི་གོ་སྐབས་དམ་འཛིན་གྱིས་ ༡༩༨༥ ལོར་ལྷ་སར་མཚན་མོའི་དབྱིན་ཡིག་སློབ་གྲྭ་ཞིག་བཙུགས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་མཚན་མོའི་དབྱིན་ཡིག་སློབ་གྲྭ་དང་པོ་དེ་རེད།
༧ ༽ མཚན་མོའི་དབྱིན་ཡིག་སློབ་གྲྭ་ནས་བཀྲ་ཤིས་ཚེ་རིང་ལ་ཁེ་འབབ་རྒྱ་སྒོར་ཆིག་ཁྲི་ལྷག་ཙམ་བྱུང་། བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ལ་ཡར་རྒྱས་གཏོང་དགོས་ན་གྲོང་གསེབ་ནས་མགོ་འཛུགས་དགོས་པར་ངོས་འཛིན་གྱིས་མཚན་མོའི་དབྱིན་ཡིག་སློབ་གྲྭའི་ཁེ་འབབ་སྒོར་ཆིག་ཁྲི་ལྷག་དེ་བེད་སྤྱོད་ཀྱིས་རང་གི་ཕ་ཡུལ་གུར་ཕྱོགས་གྲོང་ཚོར་སློབ་གྲྭ་འཛུགས་ཐབས་གནང་བར་འགལ་རྐྱེན་མང་པོ་འཕྲད་ཀྱང་མཐར ༡༩༩༡ ལོར་སློབ་གྲྭ་དེ་འཛུགས་ཐུབ་པ་བྱུང་། དེ་རྗེས་ཕྱོགས་གཅིག་ནས་ཁོང་གིས་ཚོང་ལས་གཉེར་བ་དང་། ཕྱོགས་གཞན་ནས་ཚོང་གི་ཁེ་འབབ་སྤྱད་དེ་གྲོང་གསེབ་ས་ཁུལ་གཞན་མང་པོར་ཡང་སློབ་གྲྭ་ཆེ་ཆུང་ ༦༠ བརྒལ་བ་གསར་དུ་བཙུགས་ཡོད་ཅིང་། དེ་ཚོ་ནི་ ༡༩༥༩ རྗེས་བོད་ཀྱི་ཞིང་ཁུལ་དུ་སྒེར་གྱིས་བཙུགས་པའི་སློབ་གྲྭ་ཐོག་མའི་གྲས་རེད།
༨ ༽ ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་ཐུགས་ཁུར་བཞེས་པའི་བཀའ་དྲིན་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་འབྲེལ་བའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱུང་བ་དེར། རྒྱ་གཞུང་གིས་ ༢༠༠༢ ལོར་འགྱུར་བ་བཏང་སྟེ། དེ་སྔོན་བོད་དུ་བོད་ཀྱི་སྐད་ཡིག་གཙོ་བོར་སྤྱོད་དགོས་པའི་ནང་དོན་དེ། བོད་རྒྱ་ཡིག་རིགས་མཉམ་སྤྱོད་དམ་དེ་གཉིས་ལས་གང་སྤྱད་ནའང་འགྲིག་པར་འགྱུར་བ་བཏང་། བཀྲ་ཤིས་ཚེ་རིང་ལགས་ཀྱིས་བྱེད་སྟངས་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་འདྲ་མཉམ་གྱི་རྩ་དོན་དང་འགལ་བར་དགོངས་ཏེ་བོད་རང་སྐྱོང་ལྗོངས་ཞེས་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་བ་རེད། སྙན་ཞུ་དེ་ནི་གོང་གསལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་ལ་འགྱུར་བ་བཏང་རྗེས་ཡོངས་གྲགས་སུ་མ་འདོད་པའི་རྣམ་འགྱུར་བསྟན་པའི་ཞུ་སྙན་ཐོག་མ་དེ་ཡིན་པ་དང་། ཞུ་སྙན་དེའི་ཐོག་པེ་ཅིན་དུ་ ༢༠༠༧ ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་བོད་ཆོལ་ཁ་གསུམ་གྱི་མཁས་པ་བསྡུས་ཏེ་བསམ་འཆར་བསྡུ་སྐབས། ཚང་མས་མགྲིན་གཅིག་ཏུ་བཀྲ་ཤིས་ཚེ་རིང་ལགས་ཀྱི་དགོངས་འཆར་ལ་རྒྱབ་སྐྱོར་གནང་ཡོད་པ་རེད། བཀྲ་ཤིས་ཚེ་རིང་ལགས་ཀྱིས་དེ་མིན་བོད་ནང་བོད་རྒྱ་མི་རིགས་གཉིས་དབར་སློབ་གསོའི་ཐོབ་ཐང་འདྲ་མཉམ་དང་དྲང་བདེན་མེད་པ་དང་། ལྷ་སའི་ནང་ཁོར་ཡུག་དང་གནའ་ཤུལ་ལ་གནོད་སྐྱོན་ཆེ་བའི་འཛུགས་སྐྲུན་ལས་གཞི་སྤེལ་བར་ངོ་རྒོལ་བཅས་ཀྱི་སྙན་ཞུ་ཡང་རྒྱ་ནག་གཞུང་ལ་འབུལ་མྱོང་ཡོད་པ་རེད།
༩ ༽ བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཞིང་འབྲོག་ཁུལ་གྱི་བོད་ཕྲུག་ཤེས་ཚད་ཡོད་ཀྱང་མཐོ་སློབ་སློབ་ཡོན་མེད་པ་ཚོར་དམིགས་ཏེ། སྐྱེད་ཀ་སྤྲོད་མི་དགོས་པའི་བུ་ལོན་གྱི་ལས་གཞི་བཙུགས་པ་མ་ཟད། ལྷ་སར་སློབ་སྦྱོང་བྱེད་མཁན་ཞིང་པའི་བུ་ཕྲུག་ཚོར་དམིགས་ཏེ་ཉལ་ཁང་ཟུར་དུ་བཙུགས་པ། སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་རིགས་གཅིག་རྐང་འཛིན་གྱི་སློབ་མ་གསོ་སྐྱོང་གི་ཆེད་དུ་སློབ་ཡོན་ཐེབས་རྩ་བཙུགས་པ། ལྷ་སའི་ནང་གི་རྒྱ་བོད་སྐད་གཉིས་ཤེས་པའི་རྒན་རྒོན་སྒྲིག་འཛུགས་བཟོས་ཏེ། དང་བླངས་ངང་སྨན་ཁང་ཆེ་ཁག་ནང་ཞིང་འབྲོག་མི་མང་ལ་སྐད་སྒྱུར་དང་འགྲོ་ལུགས་གཉེར་རོགས་བྱེད་བཅུག་པ་སོགས་གསར་གཏོད་རང་བཞིན་གྱི་ལས་དོན་སྣ་མང་བརྩམས་ཡོད།
༡༠ ༽ བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཞན་དང་མཉམ་དུ་དབྱིན་ཡིག་ཐོག་རང་གི་ལོ་རྒྱུས་བྲིས་ཡོད་པའི་ནང་། བོད་ཀྱི་རབ་བྱུང་བའི་སྡེའི་ནང་མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་ཡོད་པ་རང་གི་ཉམས་མྱོང་ཐོག་ནས་གསལ་འདོན་བྱས་ཡོད་ཅིང་། དེ་ནི་བོད་པ་ཞིག་གིས་དེའི་སྐོར་ཕྱིའི་སྐད་ཡིག་ནང་གསལ་བརྗོད་བྱས་པ་ཐོག་མ་དེ་ཆགས་ཡོད། ཁོང་གི་ལོ་རྒྱུས་དཔེ་དེབ་ནང་དེ་མིན་གྱི་བྱུང་བ་མང་པོ་མ་གསང་དྲང་བརྗོད་བྱས་ཡོད་པ་དེ་ཕྲན་གྱིས་བོད་ཡིག་ཏུ་བསྒྱུར་ཏེ། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་ཡོད་པ་དང་། ཕྱིས་སུ་དམ་པ་ཁོང་གིས་ཁ་གསབ་དང་ཞུ་བཅོས་གནང་སྟེ་བོད་ནང་དུ་ཡང་པར་འགྲེམས་གནང་ཡོད་པ་རེད།
མཇུག་ཏུ་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐད་མཁས་དབང་ཁོང་གི་གསུང་དུམ་བུ་གཅིག་ལུང་དྲངས་ཏེ་མཇུག་བསྒྲིལ་ཞུ་གི་ཡིན། དམ་པ་ཁོང་གིས་ ༡༩༦༣ ལོར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ལ་ཕུལ་བའི་འཕྲིན་ཡིག་ཅིག་གི་ནང་ “ང་ཚོས་བོད་རང་དབང་རང་བཙན་མ་རྩོད་གོང་བོད་འདི་དུས་རབས་ཉི་ཤུ་པའི་རྗེས་ཟིན་པ་བྱེད་དགོས་པ་དང༌། དེ་ལྟར་བྱེད་པར་ང་ཚོས་རྒྱ་མི་གུང་ཁྲན་གྱིས་བསྐྲུན་པའི་གོ་སྐབས་རྣམས་དང་ལེན་དང༌། ཐ་ན་དམ་འཛིན་ལེགས་སྤྱོད་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་བྱུང༌། ངའི་སེམས་ནང༌། བློས་གཏོང་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ་ནི། ང་ཚོའི་མི་རབས་འདིའི་ལས་འགན་དང་ང་ཚོའི་དམིགས་འབེན་རེད་དྲན། བོད་རང་དབང་རང་བཙན་བྱེད་མིན་གྱི་དྲི་བ་འདི་མི་རབས་རྗེས་མས་ཐག་གཅོད་བྱེད་རྒྱུར་བཞག་ན་ལེགས་ཤོས་རེད།” ཞེས་གསལ་ཡོད།། །།
རྩོམ་པ་པོ་དང་ཡིག་བསྒྱུར་བ་ཆུང་ཚེ་རིང་ལགས་ནས། རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་པའི་སྐད་ཡིག་རིག་གཞུང་ཙམ་མ་ཚད་དཔལ་འབྱོར་འཕེལ་རྒྱས་དང་། རྩ་དོན་ཆབ་སྲིད་ཐོག་ལའང་ནུས་པ་ཆེན་པོ་འཐོན་ཡོད། རྒྱ་ནག་དབུས་དང་ས་གནས་གཞུང་ལ་སྙན་ཞུ་དང་འབོད་སྐུལ་རབས་དང་རིམ་པ་ཞུས་ཡོད་པ་དེ་ཙམ་ཞིག་བཙན་བྱོལ་ནང་ནས་ཀྱང་ཧ་ལམ་འཇོན་ཡོད་པ་མ་རེད་ཟེར་ཆོག་གི་རེད། ཁོང་ཨ་རིར་སློབ་སྦྱོང་སྐབས་སྐྱེས་དམན་དང་སློབ་སྦྱོང་གི་གོ་སྐབས་སོགས་བཞག་ནས་བོད་ནང་ཕེབས་མཁར། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བཀག་འགོག་བྱས་ཀྱང་། ཁོང་གིས་ཕྱི་ལོགས་ནས་སྐད་བརྒྱབ་ནས་བསྡད་པ་ལས་བོད་ནང་གི་བོད་མི་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། སོ་སོར་དཀའ་སྡུག་དང་ཉེན་ཁ་ག་ཚོད་ཡོད་མེད་ལ་མ་ལྟོས་པར་དངོས་ཡོད་གནས་སྟངས་ལ་འགྱུར་བ་ཕྲན་བུ་རེ་གཏོང་ཨེ་ཐུབ་སོགས་ལ་འབད་བརྩོན་བྱས་ན་དྲག་གི་རེད་གསུངས་ཏེ། གོ་སྐབས་དང་ལོངས་སྤྱོད་དེ་དག་ཡལ་བར་དོར་ནས་བོད་ནང་གི་ཐབས་སྡུགས་ཀྱི་གནས་སྟངས་དེའི་ནང་དངོས་སུ་ཞུགས་ཤིང་། མཐའ་ན་བཙོན་ཁང་དུའང་སྔ་ཕྱི་མང་པོར་ཚུད་ཅིང་དཀའ་སྡུག་མནར་གཅོད་མང་པོ་མྱངས་མཐར། ཁ་ཡོད་ལག་ཡོད་ཀྱིས་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་དང་། ད་ཆར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་མཐའ་ན་རྒྱ་ནག་གཞུང་ངོས་ནས་ཀྱང་བཀར་འདོན་ལྟ་བུར་ད་ཆར་ཕྱོགས་གཉིས་ཀས་ངོས་ལེན་ཡོད་པ་ཙམ་མ་ཟད། ཁོང་གི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་ཡུལ་ཞིག་ཆགས་ཡོད་པ་རེད།
ཁོངགིས། སློབ་གྲྭ་སུམ་ཅུ་བརྒྱབ་ཞེས་པ་དང་། སློབ་གྲྭ་དྲུག་ཅུ་བརྒྱབ་ཅེས་པའི་ཤོད་ཚུལ་མི་མཐུན་གཉིས་འོང་བཞིན་འདུག་པས། གང་པ་ཡིན་ནམ། ལགས།
་་་་་་་་་་་་ ངའི་སེམས་ནང༌། བློས་གཏོང་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ་ནི། ང་ཚོའི་མི་རབས་འདིའི་ལས་འགན་དང་ང་ཚོའི་དམིགས་འབེན་རེད་དྲན། བོད་རང་དབང་རང་བཙན་བྱེད་མིན་གྱི་དྲི་བ་འདི་མི་རབས་རྗེས་མས་ཐག་གཅོད་བྱེད་རྒྱུར་བཞག་ན་ལེགས་ཤོས་རེད། ་་་་་་་་་་་་་