དེ་རིང་རྒྱ་ནག་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་ཟ་རུལ་སུངས་བྱས་ཏེ་ཡུལ་གྱར་བྲོས་བྱོལ་འགྲོ་མཁན་གྱི་གཞུང་ཞབས་ལས་བྱེད་དང་དོགས་ཡོད་ཉེས་ཅན་ཚོར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་བསྒྲཊ་འདུག
དེ་རིང་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་ཚའོ་ཅན་མེན་གྱིས་སྐབས་ ༡༢ པའི་རྒྱ་ནག་དམངས་འཐུས་ཚོགས་ཆེན་གྱི་ཚོགས་དུས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག འདས་ལོའི་ལས་བསྡོམས་སྙན་ཐོ་སྒྲོགས་སྦྱང་དང་འབྲེལ། གཞུང་རྒྱུ་ཧམ་ཟ་ཧམ་བཟུང་གིས་ཡུལ་གྱར་བྲོས་བྱོལ་ཕྱིན་པའི་གཞུང་གི་ལས་བྱེད་དག་ལ་རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་དང་འབྲེལ་གཏུག་བྱས་ཏེ་རྟོག་ཞིབ་དང་། ད་ལྟ་ཡོད་བཞིན་པའི་དོགས་ཡོད་ལས་བྱེད་ཚོར་ལྟ་སྲུང་ནན་མོ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཐེངས་འདིའི་གནད་དོན་འདི་ནི། སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་དགོས་པའི་སྲིད་ཇུས་གཏན་འབེབས་ཀྱིས་ ༢༠༡༣ ལོར་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲུའུ་ཡཱོང་ཁང་གཙོས་ལས་བྱེད་ ༧༦༢ ཙམ་འཇུ་བཟུང་གིས་ཨ་སྒོར་ཐེར་འབུམ་ ༡།༦༥ ལྷག་ལྐོག་ཟ་བྱས་ཡོད་པ་དག་ལ་རྒོལ་རྡུང་དང་། མ་འོངས་པར་ལྐོག་ཟ་རུལ་སུངས་འགོག་རྒོལ་བྱ་ཆེད་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་འདུག
གནད་དོན་འདིའི་ཐད་ཚའོ་ཅན་མེན་ (Cao Jianming) གྱིས། གཞུང་ཞབས་ལས་བྱེད་ཚོས་ཕྱི་རྒྱལ་དུ་ཡོད་པའི་བཟའ་མི་བུ་ཕྲུག་ཚོར་འབྲེལ་གཏུག་གིས་གཞུང་རྒྱུ་ལྐོག་ཟ་ལྐོག་ལེན་བྱས་ཏེ་རྒྱལ་ཁབ་གཞན་ནང་གནས་སྤོར་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ལྐོག་ཟ་རུལ་སུངས་བྱས་ཏེ་ཨ་རི་དང་ཁེ་ན་ཌ་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་པའི་གཞུང་གི་ལས་བྱེད་ ༥༠༠ ཙམ་ཡོད་པ་དག་ལ་འབྲེལ་ཡོད་གཞུང་དང་འབྲེལ་གཏུག་གིས་རྟོག་ཞིབ་ཀྱིས་རྡུང་རྡེག་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
ད་དུང་ཚའོ་ཅན་མེན་གྱིས། རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་ཞིབ་དཔྱོད་ཚན་པས་འདས་པའི་ལོ་གཅིག་རིང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོབ་དང་། ལས་རིགས་ཉེས་གསོག་ཞིབ་གཤེར་ཐག་གཅོད་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་རྒོལ་གཙང་སྤེལ་ལས་དོན་ལ་སྐུལ་འདེད་བྱ་རྒྱུ་ཡིན་པ་དང་། ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་དྲང་པོ་ཡོང་ཐབས། ཞིབ་དཔྱོད་ཀྱི་འགན་ནུས་གོང་འཕེལ་སྐུལ་འདེད་དང་འབྲེལ་སྤྱི་དམངས་ཀྱི་འཚོ་བར་འགན་སྲུང་། གཞུང་དྲང་དང་ཡ་རབས་ཀྱི་ཐོག་ནས་ཁྲིམས་འཛིན་གསར་བཟོ་དང་། ཁྲིམས་འཛིན་ཆུ་ཚད་མཐོ་རུ་བཏང་ཡོད་ཚུལ་སོགས་བརྗོད་འདུག
༢༠༡༤ ལོར་དོན་ཚན་དྲུག་སྟེ། དང་པོ། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ནུས་ཡོད་ཀྱི་ཁྲིམས་འཛིན་འགན་སྲུང་བྱ་རྒྱུ་དང་། གཉིས་པ། ལས་རིགས་ཁག་གི་ཉེས་གསོག་བྱེད་སྒོར་ཁྲིམས་ལྟར་ཆད་པ་ནན་མོ་བཅད་དེ་སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ཧྲིལ་པོར་སྲུང་སྐྱོབ་བྱ་རྒྱུ། གསུམ་པ། ལས་རིགས་ཉེས་གསོག་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། བཞི་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་བཏང་ནས་ཁྲིམས་འཛིན་ནན་པོ་དང་ཁྲིམས་འཛིན་གཞུང་དྲང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྔ་པ། ཞིབ་དཔྱོད་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ། དྲུག་པ། དཔུང་ཁག་འཛུགས་སྐྱོང་ལས་དོན་ཐད་ཤུགས་སྣོན་བརྒྱབ་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ལྐོག་ཟ་རུལ་སུངས་དང་དོགས་ཡོད་ཉེས་ཅན་པར་འགོག་རྒོལ་བྱ་རྒྱུ་བཅས་བསྒྲགས་འདུག
འདིའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་བྱས་ཏེ་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕྱིན་པའི་ལས་བྱེད་ཚོར་འབྲེལ་ཡོད་གཞུང་དང་འབྲེལ་མོལ་བྱས་ཏེ་རྩིས་སྤྲོད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་སྐོར་བརྗོད་ཀྱང་། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གིས་རྒྱ་གཞུང་གི་འབོད་སྐུལ་ལ་དང་ལེན་བྱས་ཏེ་ཕྱིར་སྤྲོད་བྱ་རྒྱུ་དཀའ་ལས་ཁག་པོ་ཡིན་སྐོར་བརྗོད་འདུག
༡༩༧༨ ལོར་ཏིན་ཞོ་ཕིན་གྱིས་རྒྱ་ནག་ནང་དཔལ་འབྱོར་གུ་ཡངས་སྲིད་ཇུས་ལག་བསྟར་གྱིས་ཕྱི་ཕྱོགས་སྒོ་མོ་ཕྱེ་བ་ནས་ ༢༠༠༣ ལོའི་བར་རྒྱ་ནག་ནས་ལྐོག་ཟ་ལྐོག་ལེན་བྱས་ཏེ་རྒྱལ་ཁབ་གཞན་དུ་ཉེན་ཡོལ་འགྲོ་མཁན་ལས་བྱེད་ ༤༠༠༠ ལྷག་བྱུང་ཡོད་པ་དང་། དེ་དག་གིས་ཉུང་མཐར་ཡང་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ ༥༠ ལྷག་མཉམ་འཁྱེར་དང་། ༢༠༡༣ ལོར་ལས་བྱེད་ ༧༦༢ ཙམ་གྱིས་ཨ་སྒོར་ཐེར་འབུམ་ ༡།༦༥ ལྷག་ལྐོག་ཟ་བྱས་ཡོད་ཅིང་། ད་ལྟ་ཨ་རི་དང་ཁེ་ན་ཌ། སུད་སི། དབྱིན་ལན་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་འོག་ཉེན་ཡོལ་བྲོས་བྱོལ་འགྲོ་མཁན་གྱི་རྒྱ་རིགས་ལས་བྱེད་ ༣༥༠༠༠ ལྷག་བྱུང་ཡོད་པ་དང་དེ་དག་གིས་ཕྱོགས་བསྡོམས་བྱས་ན་ཨ་སྒོར་ཐེར་འབུམ་ ༡༢༠ ལྷག་ལྐོག་ཟ་བྱས་ཡོད་འདུག
གསར་འགོད་པ། དོན་གྲུབ།