གཟའ་ཕུར་བའི་ཉིན་གྱི་ཕྱི་དྲོ་ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གི་ཚོགས་རའི་ནང་གི་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་ཡིན་འདུག
འདིའི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ནས་བཟུང་ཉིན་ ༢༠ རིང་ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གི་ཚོགས་རའི་ཕྱི་ནང་གཉིས་སུ། ཐའེ་ཝན་གྱི་སློབ་མ་དང་མི་མང་སྟོང་ཕྲག་མང་པོས་ཐའེ་རྒྱ་བར་གྱི་ཚོང་དོན་གྲོས་ཆོད་ལ་ངོ་རྒོལ་བྱས་ཡོད་པ་ལྟར། ཁ་སང་ངོ་རྒོལ་བ་ཚོས་ཆེད་དུ་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཐའེ་ཝན་གྱི་ཆུ་ཚོད་ ༦ པའི་ཐོག་ཐེངས་འདིའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་འདུ་འཛོམས་ཀྱིས། ངོ་རྒོལ་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་འདུག
ཐེངས་འདིའི་ལས་འགུལ་བརྒྱུད་ངོ་རྒོལ་བ་ཚོས་སྤྱི་དམངས་སྲིད་ཁྲིམས་ཚོགས་འདུ་སྐོང་ཚོགས་དང་། ཐའེ་རྒྱ་བར་གྱི་གྲོས་ཆོད་ལ་རྟོག་ཞིབ་ཀྱིས་ཆེད་དམིགས་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། ཚོང་དོན་གྲོས་ཆོད་ལ་བསྐྱར་ཞིབ་བྱེད་དགོས་པ་དང་། རྒྱ་ནག་གཞུང་ལ་གྲོས་ཆོད་ཕྱིར་ལོག་གི་གྲོས་མོལ་བཅས་དགོས་འདུན་དོན་ཚན་བཞི་བཏོན་ཡོད་འདུག
གསར་འགོད་ལྷན་ཚོགས་ཐོག་ངོ་རྒོལ་སློབ་མའི་འཐུས་མི་ཁྲིན་ཝེ་ཐིན་གྱིས། གྲོས་ཆོད་རྟོག་ཞིབ་བཅའ་ཁྲིམས་དང་ཐའེ་ཝན་སྲིད་ཁྲིམས་ལྷན་ཁང་གི་ཚོང་དོན་འཆར་ཟིན་རྣམས་ཁྲིམས་བཟོ་ལྷན་ཁང་ལ་ཕུལ་ཟིན་པ་མ་ཟད། ཁྲིམས་བཟོ་ལྷན་ཁང་གི་མགོ་ཁྲིད་ཝང་ཅིན་ཕིན་གྱིས་ཚོང་དོན་གྲོས་ཆོད་ལ་བསྐྱར་ཞིབ་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་དང་། ད་རེས་ཁྲིམས་བཟོ་ལྷན་ཁང་གི་ཕྱི་ནང་གཉིས་ནས་སྤྱི་དམངས་སྲིད་ཁྲིམས་ཚོགས་འདུ་སྐོང་ཚོགས་བྱས་ཡོད་ལུགས་དང་། ཚོང་དོན་གྲོས་ཆོད་ཕྱིར་ལོག་བྱེད་པའི་དགོས་འདུན་དེར་ཁྲིམས་བཟོ་ལྷན་ཁང་གིས་ཐག་གཅོད་ཡོང་བར་སྒུག་ཡོད་སྐོར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཐའེ་ཝན་གཞུང་ཕྱོགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག སྲིད་འཛིན་མཱ་ཡོན་ཅིག་གིས་ངོ་རྒོལ་བས་བཏོན་པའི་དགོས་འདུན་བཞིར་ཁྲིམས་བཟོ་ལྷན་ཁང་གིས་གྲོས་བསྡུར་བྱ་རྒྱུ་ཡིན་ལུགས་བརྗོད་པ་དང་། སྐབས་དེར་གསར་འགོད་པས་ཐའེ་རྒྱ་བར་གྱི་ཚོང་དོན་གྲོས་ཆོད་དེར་བསྐྱར་དུ་གྲོས་མོལ་བྱེད་པར་ཐའེ་ཝན་གཞུང་ཕྱོགས་ནས་མོས་མཐུན་མེད་པ་ཡིན་ནམ། ཡང་ན་རྒྱ་གཞུང་གིས་མོས་མཐུན་མི་བྱེད་པ་རེད་ཅེས་དོགས་འདྲི་བྱས་པར་མཱ་ཡེན་ཅིག་གིས་དྲིས་ལན་བྱིན་མེད་ཀྱང་། མཱ་ཡིས་ཐའེ་རྒྱ་བར་གྱི་ཚོང་དོན་གྲོས་ཆོད་དེར་ཐའེ་ཝན་གྲོས་ཚོགས་ནང་གྲོས་བསྡུར་རིམ་པ་བྱས་ནས་ཐག་གཅོད་བྱེད་དགོས་སྐོར་བརྗོད་ཡོད་འདུག
མཱ་ཡེན་ཅིག་སྲིད་གཞུང་གི་མགྲིན་ཚབ་པ་ལི་ཅཱ་ཧྥེ་ཡིས། ཐའེ་རྒྱ་བར་གྱི་ཚོང་དོན་གྲོས་ཆོད་ལ་གྲོས་འཆམ་བྱུང་མིན་ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ཐའེ་ཝན་གྱི་ཚོང་འབྲེལ་རང་དབང་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྟབས། ཁྲིམས་བཟོ་ལྷན་ཁང་གིས་གང་མགྱོགས་ཀྱིས་གྲོས་ཞིབ་ལེགས་འགྲུབ་ཡོང་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།