ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་པེ་ཅིན་གྱི་གསར་འགོད་པ་རྒན་པ་ཀའོ་ཡཱས་ལགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༤ ཉིན། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག པེ་ཅིན་གྱི་གསར་འགོད་པ་རྒན་པ་ཀའོ་ཡཱས་ལགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༨ ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས། ཀའོ་ཡཱས་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཞིག་ཕྱི་རྒྱལ་གྱི་གསར་ཁང་ཞིག་ལ་མཁོ་སྤྲོད་བྱས་ཡོད་ལུགས་དང་། ཁོང་མོར་མུ་མཐུད་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། ཀའོ་ཡིས་རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ངོས་ལེན་བྱས་ཡོད་ལུགས་ཀྱི་བརྙན་ཐུང་ཞིག་ཀྱང་བསྟན་ཡོད་འདུག
གསར་འགོད་པས་རྒྱུས་ལོན་བྱས་ཏེ་བརྗོད་པ་ལྟར་ན། གསང་བའི་ཡིག་ཆ་དེ་འདས་ལོའི་ཕྱི་ཟླ་ ༨ པའི་ནང་མེ་ལོང་ཟླ་རེའི་ཚགས་པར་གྱིས་སྤེལ་བའི་མངའ་ཁོངས་སྐོར་གྱི་བརྡ་ཁྱབ་༼མི་བཤད་པ་བདུན༽ཟེར་བ་ཡིན་ཞིང་། ཡིག་ཆ་དེའི་ནང་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་དང་གསར་འགོད་རང་དབང་། སྤྱི་མང་ཁེ་དབང་། གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ནོར་འཁྲུལ་སོགས་མི་བཤད་པ་བདུན་བཀོད་པའི་གསང་བའི་ཡིག་ཆ་ཞིག་ཡིན་ཡང་། གསར་འགོད་པ་ཀའོ་ཡཱས་ལགས་ཀྱིས་ཡིག་ཆ་དེ་དཔར་བཤུས་བྱས་ནས་ཕྱི་རྒྱལ་གྱི་གསར་ཁང་ཞིག་ལ་མཁོ་སྤྲོད་བྱས་ཡོད་འདུག
ཀའོ་ཡི་གྲོགས་པོ་ཞིག་གིས། རྒྱ་ནག་གཞུང་གིས་ཁོང་མོར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་གཡོགས་པ་དེ་ཁ་གཡར་ས་ཙམ་རེད། དེ་སྔོན་བྷི་བྷི་སི་གསར་ཁང་གིས་ཁོང་མོར་བཅར་འདྲི་བྱེད་སྐབས། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐོར་ཤུགས་ཆེན་གླེང་ཡོད་པ་མ་ཟད། ཞི་ཅིན་ཕིན་གྱིས་ཕ་ཞི་ཀྲུང་སིན་གྱི་ལྷག་བསམ་དང་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་རེ་བ་རྒྱག་བཞིན་ཡོད་ལ། ཞི་ཀྲུང་སིན་གྱིས་དྲུག་བཞིའི་དོན་རྐྱེན་སྐབས་མི་མང་ལ་དྲག་གནོན་བྱེད་པར་ངོ་རྒོལ་བྱས་རྐྱེན་ཕྱིར་འབུད་བཏང་བ་སོགས་འགྲེལ་བརྗོད་བྱས་ཡོད་ལུགས་བརྗོད་འདུག
ཀའོ་ཡཱས་ལགས་རྒྱ་ནག་ཁྲུང་ཆེན་གྲོང་ཁྱེར་དུ་སྐྱེས་ཤིང་། ད་ལྟ་དགུང་ལོ་ ༧༠ ཡིན་ལ། ཁོང་མོས་རྒྱ་ནག་ཞིན་ཧྭ་གསར་ཁང་དུ་ཡུན་རིང་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་དཔལ་འབྱོར་རིག་པའི་བདུན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་གཞོན་པའི་འགན་འཁུར་ཡོད་ཀྱང་། ལོ་དེར་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག འཛིན་བཟུང་བྱས་ནས་ལོ་ ༡ ལ་བཙོན་འཇུག་བྱས། ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༩ ཉིན། པེ་ཅིན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་མོར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་འཛུགས་བྱས་ཏེ། གསང་བའི་ཐོག་ནས་ལོ་ ༦ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་། ཕྱི་ལོ་ ༡༩༩༩ ལོར་ཁོང་མོའི་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཏེ་ཀློད་གྲོལ་བཏང་ཡོད་འདུག དེ་སྔོན་ཀའོ་ཡཱས་ལགས་ལ་རང་དབང་གསེར་སྨྱུག་གི་གཟེངས་རྟགས་དང་གསར་འགོད་སྙིང་སྟོབས་གཟེངས་རྟགས། དེ་བཞིན་དུས་རབས་ ༢༠ པའི་གསར་འགོད་རང་དབང་གི་སྙིང་སྟོབས་གཟེངས་རྟགས་སོགས་རྒྱལ་སྤྱིའི་གསར་འགོད་པའི་གཟེངས་རྟགས་མ་འདྲ་བ་ ༧ ལྷག་ཐོབ་ཡོད་འདུག
གསར་འགོད་པ། པདྨ་མཚོ།