ཁ་སང་སྔ་དྲོར་རྒྱ་ནག་ཅང་སུའུ་ཞིང་ཆེན་ཁུན་ཧྲང་གྲོང་ཁྱེར་གྱི་བཟོ་གྲྭ་ཞིག་ཏུ་འབར་གས་བྱུང་སྟེ་མི་གྲངས་ ༦༩ ཙམ་རྐྱེན་ལམ་དུ་ཤོར་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༧།༣༠ ཐོག རྒྱ་ནག་ཅང་སུའུ་ཞིང་ཆེན་གྱི་ཤར་ཕྱོགས་ཁུན་ཧྲང་གྲོང་ཁྱེར་གྱི་རླངས་འཁོར་འཁོར་ལོ་བཟོ་གྲྭ་ཞིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ། རྒྱ་སྒོར་དུང་ཕྱུར་ ༧ ལྷག་གི་རྒྱུ་དངོས་ལ་གྱོང་གུད་ཐེབས་ཡོད་པ་མ་ཟད། མི་ ༦༩ ཙམ་རྐྱེན་འདས་དང་། ལས་མི་ ༡༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་བཟོ་གྲྭ་དེར་ཁྱོན་ལས་མི་ ༤༥༠ ཙམ་ཡོད་ཀྱང་། འབར་གས་དོན་རྐྱེན་བྱུང་སྐབས་བཟོ་གྲྭའི་ནང་ལས་མི་ ༢༠༠ ལྷག་ལས་མེད་པ་དང་། དོན་རྐྱེན་བྱུང་མ་ཐག་མི་ ༤༠ ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ད་ལྟའི་ཆར་ཉེན་རྟོག་པ་དང་ཉེན་སྐྱོབ་རུ་ཁག་གིས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། མིག་སྔར་འབར་གས་ཀྱི་རྒྱུ་རྐྱེན་ཅི་ཡིན་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་འདུག
རྒྱ་ནག་ནང་རྡོ་སྣུམ་བཟོ་གྲྭ་དང་རླངས་རྫས་བཟོ་གྲྭ་སོགས་སུ་བདེ་འཇགས་སྲུང་སྐྱོབ་ཐད་ལྷོད་གཡེང་བྱས་རྐྱེན། འབར་གས་ཀྱི་དོན་རྐྱེན་རིམ་པར་བྱུང་སྟེ་མི་མང་པོ་རྐྱེན་ལམ་དུ་ཤོར་ཡོད་པ་མ་ཟད། འདི་ལོ་གཅིག་པུར་རྒྱ་ནག་གི་བཟོ་གྲྭ་ཁག་ ༥ ནང་འབར་གས་དོན་རྐྱེན་བྱུང་སྟེ། མི་ ༡༠༠ ལྷག་རྐྱེན་ལམ་དུ་ཤོར་ཡོད་འདུག