དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། དབུས་ཀྱི་ངོས་ནས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོཊ་མི་ཚོར་རིམ་པས་འབྲེལ་བ་བྱས་ཏེ། མི་རིང་བར་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཆིག་སྒྲིལ་གྱིས་བོད་ཕྱི་ནང་གི་སྤུན་ཟླ་ཡོངས་བློ་ཕམ་མི་ཡོང་བ་བྱ་རྒྱུའི་འབད་རྩོལ་ལྷོད་མེད་བྱ་རྒྱུ་ཡིན་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ལས་ཁུངས་སུ། དབུས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་མཆོག་དང་། ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས། དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་བཅས་གསུམ་ནས། འགན་ལྷན་ཐེངས་ ༤༥ བའི་ཐོག་གཞོན་ནུའི་ས་གནས་ཁག་བརྒྱད་དང་འབྲེལ་བའི་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་པ་སྒྲོགས་སྦྱང་དང་། ས་གནས་ཁག་བརྒྱད་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་སྒྲོགས་སྦྱང་། གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བཅས་གནང་སོང་།
དེ་རིང་དྲུང་ཆེ་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོགས་སྦྱང་གནང་སྐབས། ༢༠༡༣ ཟླ་ ༦ པའི་ཟླ་མགོར་སྦེལ་ཀོབ་ས་གནས་གཞོན་ལྷན་གྱི་རྒྱུན་ལས་ཚོས་ས་གནས་གཞོན་ལྷན་གྱི་མཚན་བྱང་བརྗེ་བསྒྱུར་བྱས་ཏེ། ས་གནས་མི་དགོས་པར་ཐད་ཀར་སྦེལ་ཀོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཅེས་བཟོ་བཅོས་གནང་བའི་གནས་ཚུལ་ཞིག་གསར་འགྱུར་བརྒྱུད་ལམ་ནས་ཐོས་པར་དབུས་སྤྱི་ཁྱབ་རྒྱུན་ལས་ནས་འཕྲལ་དུ་སྦེང་ལོར་དང་ཀོ་ལི་གྷལ་ས་གཞོན་སོགས་སུ་ཞལ་པར་བརྒྱུད་འབྲེལ་ལམ་ཞུས་ནས་ཆབ་སྲིད་དང་འབྲེལ་བའི་ལས་དོན་གལ་ཆེའི་རིགས་དང་། མཚན་བྱང་བརྗེ་བསྒྱུར་སོགས་ཐལ་ཆེའི་ཐག་གཅོད་རིགས་མི་གནང་བའི་འབོད་སྐུལ་ཞུས་པར་གསན་བཞེས་ཅི་ཡང་མ་གནང་བར། ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་ས་གནས་ཁག་གི་རྒྱུན་ལས་བཅུ་གཅིག་མེ་སོར་གྲོང་ཁྱེར་ནང་ལྷན་འཛོམས་ཀྱིས་ཚོགས་འདུ་ཚོགས་ནས་དོན་ཚན་བདུན་ཅན་གྱི་གྲོས་ཆོད་ཅིག་ག་བཞག་སྟེ་གཞོན་ལྷན་གྱི་སྒྲིག་གཞིར་བཟོ་བཅོས་བྱས་པ་དང་། སྒྲིག་འཛུགས་ཀྱི་མིང་བྱང་ལ་ས་གནས་ཅེས་འབྲི་མི་དགོས་པར། ལས་ཤོག་དང་ལས་དམ། ཡིག་སྣོད་སོགས་སུ་ཡང་སྒྲིག་འཛུགས་ཀྱི་མིང་བྱང་གོང་ཞུས་ཀྱི་ཚིག་དོན་ལྟར་བཀོད་རྒྱུའི་ཐག་གཅོད་བྱས་པ་མ་ཟད། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་བྱུང་བར་དབུས་རྒྱུན་གསར་པ་རྣམས་ལ་ཡིག་འབྲེལ་སོགས་འབྲེལ་བ་ནམ་ཡང་བྱེད་རྒྱུ་མིན་པའི་ཐལ་ཆེའི་ཐག་གཅོད་ཀྱི་གྲོས་ཆོད་བཞག་ཡོད། ཅེས་དང་།
ས་གནས་ཁག་དེ་དག་གིས་དབུས་ནས་འབོད་སྐུལ་ཇི་ཞུས་ལ་མ་ཉན་པར་ཧོལ་རྒྱུག་དང་ཐལ་ཆ་ཆེ་བའི་ཐག་གཅོད་གནང་མིན་ཇི་ལྟར་ཡང་། དབུས་ཀྱི་ངོས་ནས་སྔ་ཕྱི་བར་གསུམ་དུ་ས་གནས་ཁག་གཞན་ལྟར་འབྲེལ་ལམ་ཞུ་མུས་སུ་ཡོད་པ་མ་ཟད། ས་གནས་ཁག་བརྒྱད་ཀྱི་གནད་དོན་གསར་འགྱུར་བརྒྱུད་ལམ་སོགས་སུ་རྙོག་གླེང་འགྲོ་མི་དགོས་པར་བབས་ལྷིང་བརྟན་གསུམ་གྱི་སྒོ་ནས་གཞོན་ལྷན་ནང་ཁུལ་ཕན་ཚུན་འགྲིག་འཇགས་ཡོང་ཐབས་སུ་དབུས་གཞོན་ནུའི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་བྱས་པ་དང་། ནང་ཁུལ་ཚོགས་འདུ་རིམ་པར་ཚོགས་ནས་སྦྱང་བཤད་ཀྱིས་ཉམས་ཞིབ་མཐིལ་ཕྱིན་གནང་རྗེས། ༢༠༡༣ ཟླ་ ༡༠ ཚེས་ ༡༠ ཉིན་ས་གནས་ཁག་བརྒྱད་ལ་ཆེད་དུ་ཡི་གེ་རེ་རེ་ཕུལ་ཏེ་གཞོན་ལྷན་གྱི་གལ་གནད་རང་བཞིན་འབྲེལ་བརྗོད་དང་འབྲེལ། བར་ལམ་གྱི་གླེང་ཕྱོགས་དང་འབྲེལ་བའི་ཚོགས་ཆེན་གྱི་ཟུར་རྒྱན་གྲོས་ཆོད་ཁག་གསལ་འདོན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གསལ་བཤད་དང་ནན་བརྗོད། ས་རྒྱུན་ཁག་ནས་གཞོན་ལྷན་གྱི་སྒྲིག་གཞིའི་དམིགས་ཡུལ་བཟོ་བཅོས་སོགས་ཐལ་ཆེའི་ཐག་གཅོད་རྣམས་གསལ་སྟོན་གྱིས་གཞི་རྩའི་གཞོན་ལྷན་གྱི་སྒྲིག་གཞིའི་འབྲུ་དོན་འགྲེལ་བརྗོད་བྱས་ཡོད། ས་རྒྱུན་ཁག་ནས་ཐལ་ཆེའི་ཐག་གཅོད་གནང་ཡོད་ལ་མ་ལྟོས་པར་མ་འོངས་གཞོན་ལྷན་གྱི་དམིགས་ཡུལ་དགོངས་དོན་རང་གནས་ཐོག་གཞོན་ལྷན་གྱི་ཁྱབ་ཁོངས་འོག་ལས་དོན་ཁག་གི་ནང་སྔར་བཞིན་མཉམ་ཞུགས་གནང་རྒྱུའི་རེ་སྐུལ་ཞུས་པ་མ་ཟད། ས་གནས་ཁག་བརྒྱད་ཀྱི་གནད་དོན་གལ་ཆེར་བརྩིས་ནས་དབུས་གཞོན་ནུའི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ་འབྲེལ་ཡོད་ས་གནས་ཁག་ལ་དངོས་སུ་སོང་སྟེ་ས་རྒྱུན་དང་ཚོགས་མི། མི་དམངས་བཅས་ལ་གོ་བསྡུར་གནང་རྒྱུར་དུས་ཚོད་གཏན་ཁེལ་གནང་རྒྱུའི་རེ་སྐུལ་ཡང་ཞུས་ཡོད་ཀྱང་། སྐབས་དེའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོས་འབྲེལ་མཐུད་བྱ་རྒྱུའི་འདུན་པ་དང་རེ་བ་སྟོང་པ་ཡིན་པ་དང། ཚོགས་ཆེན་ཐོག་ས་གནས་ཁག་བརྒྱད་ཀྱིས་ཕུལ་བའི་ཡིག་ཆར་རྩ་འཛིན་གྱིས་ལག་བསྟར་བྱ་རྒྱུར་ང་ཚོའི་ཐག་གཅོད་ལ་འགྱུར་བ་གང་ཡང་མེད་ཅེས་དབུས་དང་འབྲེལ་ལམ་བྱེད་རྒྱུ་མིན་པ་ཨུ་ཚུགས་མཐར་སྐྱེལ་བྱས་ཡོད། ཅེས་བསྒྲགས་སོང་།
ཡང་ཁོང་གིས། ༢༠༡༤ བོད་མིའི་སྒེར་ལངས་གོམ་བགྲོད་གྲུབ་རྗེས་སླར་ཡང་ས་གནས་ཁག་ལ་འབྲེལ་བ་བྱས་ཏེ། དབུས་གཞོན་ནུའི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ་ས་གནས་ཁག་ཏུ་བཅར་ཏེ་ས་རྒྱུན་དང་ཐུག་འཕྲད་གནང་རྒྱུའི་རེ་སྐུལ་ཞུས་ཀྱང་གསན་འཇོག་མ་གནང་སྟབས། ཟླ་ ༤ ནང་དབུས་གཞོན་ནུའི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། དཔལ་འབྱོར་འགན་འཛིན་བཅས་དངོས་སུ་ལྷོ་ཕྱོགས་སུ་བསྐྱོད་དེ་ས་རྒྱུན་དང་ཐུག་རྒྱུའི་འབད་བརྩོན་བྱས་ཀྱང་། སྐབས་དེའི་སྦེལ་ཀོབ་དང་ཧོན་སུར། ཀོ་ལི་གྷལ་བཅས་ཀྱི་ས་རྒྱུན་ཚོས་རྩ་བ་ནས་ཐུག་འཕྲད་གནང་མེད་ཀྱང་། མོན་གྷོ་དང་། སྦེང་ལོར་ས་རྒྱུན་ལ་ཐུག་འཕྲད་ཀྱིས་ཕན་ཚུན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་ལ། ས་རྒྱུན་ཟུར་པ་དང་གནད་ཡོད་མི་སྣ་གང་མང་དང་ཐུག་འཕྲད་ཀྱིས་གྲོས་བསྡུར་བྱུང་ཡོད། ཟླ་ ༤ ཚེས་ ༢༤ ཉིན་དབུས་གཞོན་ནུའི་དྲུང་ཆེ་དང་སྒྲིག་འཛུགས་འགན་འཛིན་གཉིས་ཌལ་ཧོར་ས་གནས་སུ་ཆེད་སྐྱོད་ཀྱིས་ལས་ཐོག་ས་རྒྱུན་དང་ཐུག་འཕྲད་བྱུང་བ་དང་། ཟླ་ ༥ ཚེས་ ༤ ཉིན་གྱི་དགོང་མོ་དབུས་གཞོན་ནུའི་ཚོགས་གཙོ་དང་ཚོགས་གཞོན། ཟུང་དྲུང་གསུམ་དྷ་ས་ནས་ལ་དྭགས་གླེ་རུ་ཕྱིན་སྟེ། ཚེས་ ༧ ཉིན་ལ་དྭགས་གླེའི་ས་རྒྱུན་དང་རྒྱུན་ལས་ཟུར་པ་ལྷན་ཚོགས་འདུ་ཚོགས་ཕན་ཚུན་དགོངས་ཚུལ་གསུང་བ་དང་། ཟླ་ ༥ བར་དབུས་གཞོན་ནུའི་ཚོགས་གཞོན་དང་ཟུང་དྲུང་གཉིས་པོན་ཊོ་ས་གནས་གཞོན་ནུའི་ཚོགས་གཙོ་དང་ཐུག་འཕྲད་ཀྱིས་ཕན་ཚུན་དགོངས་ཚུལ་གསུངས་ཡོད་སྐོར་དང་།
འདི་ལོའི་འགན་ལྷན་ཚོགས་འདུ་ཐེངས་ ༤༥ པར་ས་གནས་ཚང་མའི་སྐུ་ཚབ་ཚོགས་བཅར་དགོས་པའི་བཀོད་ཁྱབ་ཡི་གེ་ཞིག ཟླ་ ༥ ཚེས་ ༢༡ ཉིན་ས་གནས་ཁག་བརྒྱད་ལ་བཏང་སྟེ་ས་གནས་གཞན་དང་གཅིག་མཚུངས་ཀྱིས་ས་རྒྱུན་གཉིས་རེ་ཚོགས་བཅར་ཡོང་བའི་རེ་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པ་དང། ཟླ་ ༧ ཚེས་ ༢༡ ཉིན་ཡང་བསྐྱར་ཡི་གེ་རེ་རེ་ཕུལ་ཏེ་འགན་ལྷན་ཐེངས་ ༤༥ པའི་གྲོས་གཞི་དོན་ཚན་བདུན་པའི་འོག་ས་གནས་ཁག་བརྒྱད་དང་འབྲེལ་བའི་གཞོན་ལྷན་ནང་ཁུལ་གྱི་གནད་དོན་ཐོག་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་ལྷུག་པོར་གནང་ཐུབ་པ་ཡོང་ཐབས་སུ་དུས་ཡུན་ཉིན་གཅིག་གི་དུས་ཚོད་གཏོང་གཏན་ཁེལ་བར་ས་གནས་ཁག་གི་སྐུ་ཚབ་ཕེབས་གནང་ཡོང་བའི་འབོད་སྐུལ་ཤུགས་ཆེར་ཞུས་པ་མ་ཟད། འགན་ལྷན་གོ་སྒྲིག་ཚོགས་ཆུང་དབུས་རྒྱུན་ལས། སྒང་ཏོག་ས་རྒྱུན་བཅས་ཀྱིས་ཞལ་པར་བརྒྱུད་ནས་འབོད་སྐུལ་ཤུགས་ཆེར་ཞུས་ཀྱང་ཚོགས་བཅར་གནང་མེད། དེ་ལྟར་གཞོན་ལྷན་གྱི་ས་གནས་ཁག་བརྒྱད་དང་འབྲེལ་བའི་གནད་དོན་ནང་ཁུལ་ནས་འགྲིག་འཇགས་ཡོང་ཐབས་ཀྱི་འབད་རྩོལ་ལ་འབྲེལ་ཡོད་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་རྒྱུན་ལས་རྣམས་ནས་ཁོང་རྣམ་པའི་ཐག་གཅོད་ལ་འགྱུར་བ་རྩ་བ་ནས་མེད་པའི་རྣམ་འགྱུར་འོག་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ལ་རེ་བ་ཞིག་མི་མངོན་ཡང། ས་གནས་རྒྱུན་ལས་གསར་པ་དང་། ས་རྒྱུན་ཟུར་པ། ཚོགས་མི་སྒེར་པ་ཁག་ཅིག་གིས་ནང་ཁུལ་འགྲིག་འཇགས་ཡོང་རྒྱུའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པར་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དགའ་གུས་ཆེན་པོས་བསྔགས་བརྗོད་ཞུ་རྒྱུ་དང་། ད་ཐེངས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་ས་གནས་ཁག་བརྒྱད་ནས་གཞོན་ལྷན་གྱི་སྒྲིག་གཞི་དང་འགལ་བའི་ཐལ་ཆེའི་ཐག་གཅོད་དང་འབྲེལ་བའི་གྲོས་ཆོད་ཁག་གསུམ་བཞག་པ་ལག་བསྟར་གྱིས། ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོར་རིམ་པས་འབྲེལ་ལམ་ཞུས་ཏེ་མི་རིང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཆིག་སྒྲིལ་གྱིས་བོད་ཕྱི་ནང་གི་སྤུན་ཟླ་ཡོངས་བློ་ཕམ་མི་ཡོང་བ་བྱ་རྒྱུའི་འབད་རྩོལ་ལྷོད་མེད་བྱ་རྒྱུ་ཡིན། ཞེས་བསྒྲགས་སོང་།
མཇུག་ཏུ་གསར་འགོད་པས་ཐེངས་འདིའི་འགན་ལྷན་ཐེངས་ ༤༥ པའི་གྲོས་ཆོད་ལ་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོས་ཉན་གི་ཡིན་མིན་དང་། མ་འོངས་པ་ས་གནས་ཁག་བརྒྱད་དང་དབུས་བར་གྱི་རྩིས་སྤྲོད་རྩིས་ལེན་ཇི་ལྟར་གནང་འཆར་ཡོད་མེད་དྲིས་པར་དྲུང་ཆེ་ལགས་ཀྱིས། འགན་ལྷན་གྱི་ཐག་གཅོད་ལ་གསན་མིན་དངོས་ནས་སྒྲིག་འཛུགས་ཤིག་དང་དམངས་གཙོའི་གནས་སྟངས་ལ་གུས་བརྩི་ཞུ་མཁན་ཞིག་གི་ངོས་ནས་སྒྲིག་འཛུགས་འདིས་ཚད་མཐོ་ཤོས་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ལ་ངོས་ལེན་ཞུ་དགོས་ཀྱི་རེད་དྲན་བསྡད་ཡོད། རང་སྣང་གང་དྲན་བྱེད་མཁན་ཚོས་ངོས་ལེན་བྱེད་མི་སྲིད་སྟབས། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག་མ་འོངས་ཐག་གཅོད་གང་འདྲ་བྱས་ཀྱང་དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་ཡོད་ཅེས་ཐག་གཅོད་གནང་ཡོད་པ་རེད། མ་འོངས་པར་ཁོང་ཚོས་ངོས་ལེན་མི་བྱེད་པའི་གནས་ཚུལ་བྱུང་བ་ཡིན་ན་དབུས་ནས་རིམ་པས་ཐག་གཅོད་གནང་གི་རེད། རྩིས་སྤྲོད་རྩིས་ལེན་གྱི་ཐོག་ནས་ང་ཚོས་ས་གནས་ཁག་བརྒྱད་གཞོན་ནུའི་ཁྱབ་ཁོངས་མིན་ལབ་ཀྱི་ཡོད་མ་རེད། གཙོ་བོ་སྔར་ལོ་ལྷོ་ཕྱོགས་ཀྱི་རྒྱུན་ལས་ ༡༡ འཛོམས་ཏེ་གཞོན་ནུའི་སྒྲིག་གཞིར་བཟོ་བཅོས་བརྒྱབ་ཡོད་པ་རེད། དེ་བྱེད་མཁན་གྱི་རྒྱུན་ལས་དེ་ཚོ་གཞོན་ནུའི་ཚོགས་མི་ཡིན་པ་ངོས་ལེན་གནང་གི་མིན་ལབ་ཀྱི་ཡོད་པ་རེད། ད་ལྟའི་ཆར་ས་གནས་ཁག་ཅིག་ནང་རྒྱུན་ལས་བརྗེ་བོ་བརྒྱབ་ཡོད་ཀྱང་། ཁག་ཅིག་ད་ལྟའང་གནས་བསྡད་ཡོད་པ་རེད། དེ་ལྟར་མ་བྱུང་ཚེ་རིམ་པས་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཡོང་གི་རེད། ཅེས་བརྗོད་བྱུང་།
དབུས་རྒྱུན་ལས་ཚོ་ས་གནས་སུ་བཅར་ཏེ་ས་རྒྱུན་དང་ཐུག་འཕྲད་གནང་སྐབས་གནས་སྟངས་གང་འདྲ་བྱུང་ཡོད་མེད་དང་། ས་གནས་དེ་དག་ཐེངས་འདིའི་འགན་ལྷན་ཚོགས་འདུར་མ་ཕེབས་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོང་གིས། མོན་གྷོ་དང་སྦེང་ལོའི་ས་གནས་གཞོན་ནུར་ང་ཚོ་ཐུག་པ་རེད། མོན་གྷོ་ས་གནས་རྒྱུན་ལས་གསར་པ་འདེམས་ཟིན་ཀྱང་། ཕན་ཚུན་རྩིས་སྤྲོད་རྩིས་ལེན་བྱས་མེད་པའི་དབང་གིས་རྒྱུན་ལས་རྙིང་པ་ཚོ་ཐུག་པ་རེད། ཁོང་ཚོར་ཕན་ཚུན་གོ་བསྡུར་བྱས་པ་རེད་མ་གཏོགས། ཁོང་ཚོས་ཐག་གཅོད་ལ་འགྱུར་བ་རྩ་བ་ཉིད་ནས་མེད་ལབ་སོང་། ཕན་ཚུན་གསལ་བཤད་ཀྱི་གོ་སྐབས་ཙམ་ལས་བྱུང་མ་སོང་། སྦེང་ལོར་ཡང་དེ་ལྟར་རེད། ཅེས་བརྗོད་བྱུང་།
འགན་ལྷན་རྗེས་ནས་ས་གནས་ཁག་བརྒྱད་དང་འབྲེལ་བ་བྱུང་ཡོད་མེད་དྲིས་པར། ད་རེས་ཀྱི་གསར་འགོད་གསལ་བསྒྲགས་འདི་འགན་ལྷན་ཐོག་གི་རེ་བ་ལྟར་བྱས་པ་རེད། འགན་ལྷན་གྲུབ་རྗེས་ཞལ་པར་བརྒྱུད་ནས་འབྲེལ་བ་གནང་བཞག་ཡོད། ང་ཚོ་ཐུག་འཕྲད་ཀྱི་དུས་ཚོད་ད་ལྟ་བཟོ་བཞིན་པ་ཡིན། ང་ཚོའི་རེ་བར་གང་མགྱོགས་གཞོན་ནུ་འཐོར་བཞག་པའི་གནས་སྟངས་དེ་ཆིག་སྒྲིལ་བཟོ་རྒྱུ་དང་། ནུས་པ་འཕྲོ་བརླག་མི་གཏོང་བར་འཐབ་རྩོད་རང་གི་ཐོག་གཏོང་ཐབས་བྱ་རྒྱུ་དེ་ཡིན། ང་ཚོའི་ངོས་ནས་ས་གནས་ཁག་གི་དཀའ་ངལ་དེ་ལོ་དང་པོ་འགྲུབ་པའི་རེ་བ་བྱས་པ་ཡིན། ཡིན་ནའང་། ས་གནས་ཁག་གིས་བསམ་ཚུལ་དང་ལྟ་བ་མཁྲེགས་པོ་བཟུང་བའི་གནས་སྟངས་འོག་འགྲུབ་མ་སོང་། ད་ལྟ་ང་ཚོའི་ལོ་གཉིས་པའི་ནང་འགྲུབ་པའི་རེ་བ་རྒྱག་གི་ཡོད། གཙོ་བོ་དཀའ་ངལ་སེལ་བའི་འདུན་པ་མེད་པ་ཡིན་ན། དཀའ་ངལ་ཆེན་པོ་ཆགས་ཀྱི་འདུག ཅེས་བརྗོད་བྱུང་།
ཉེ་ལམ་ས་གནས་ཁག་བརྒྱད་ཀྱིས་གཞོན་ནུ་ནང་ཁུལ་མ་མཐུན་པ་དེ་ལྟ་གྲུབ་ཀྱི་ཐོག་ནས་རེད་ལབ་ཀྱི་འདུག དབུས་ཀྱི་ངོས་ནས་མ་འོངས་པར་ལྟ་གྲུབ་གཅིག་མཐུན་ཡོང་བའི་རེ་བ་གནང་གི་ཡོད་མེད་དྲིས་པར། སྤྱིར་བཏང་དམངས་གཙོའི་འགྲོ་སྟངས་དང་ཚོགས་པ་ཞིག་གི་སྒྲིག་གཞིར་གུས་བརྩི་ཞུ་མཁན་ཞིག་ཡིན་ཚེ་མཐུན་པ་ཡོང་གི་རེད་བསམ་གྱི་འདུག ལྟ་གྲུབ་ལབ་དུས་གཞོན་ནུའི་སྒྲིག་གཞི་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། སྒྲིག་གཞིར་འགྱུར་བ་གཏོང་བར་ཚོགས་ཆེན་ཚོགས་ཏེ་མང་མོས་ཀྱི་ཐག་གཅོད་དགོས་ཀྱི་ཡོད་པ་རེད། མང་མོས་ཀྱི་ཐག་གཅོད་ལ་གུས་བརྩི་ཞུ་བ་ཡིན་ན། ལངས་ཕྱོགས་དང་ལྟ་གྲུབ། དཀའ་ངལ་སེལ་རྒྱུའི་ལམ་ཁ་ཡོད་པ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ