ཁ་སང་ཚེས་ ༡༠ ཉིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༥ པ་སྲུང་གཙི་གནང་བཞིན་པའི་གནས་ཚུལ་དང་པར་ཁག་ཅིག་འདིར་སྤེལ་ཡོད། ༡) ཟླ་འདིའི་ཚེས་ ༡༠ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་གཉིས་པའི་གཏན་སློབ་ཐང་ཆེན་དུ་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་ ༡༠༠༠ ལྷག་འདུ་འཛོམས་ཀྱིས་གསུམ་དུས་སྲུང་གཙི་གནང་འདུག
༢) ཟླ་འདིའི་ཚེས་ ༡༠ ཉིན་ས་གནས་གཞིས་མགོའི་སྣེ་ཁྲིད་འོག་འབྲས་ལྗོངས་ས་ཁུལ་ཁག་ཏུ་ཡོད་པའི་སྐྱབས་བཅོལ་བོད་མི་ ༨༠༠ ལྷག་ཀ་ལོན་སྤུག་དང་རྡོར་གླིང་དུ་འདུ་འཛོམས་བྱས་ཏེ་ཞི་བའི་གོམ་བགྲོད་གནང་འདུག
༣) ཟླ་འདིའི་ཚེས་ ༡༠ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་གྲོང་དུ་གཞོན་ནུ་དང་བུད་མེད་ཚོགས་པའི་སྣེ་ཁྲིད་འོག་ས་གནས་བོད་མི་ ༦༠༠ ལྷག་སྔགས་པ་གྲྭ་ཚང་མདུན་དུ་འདུ་འཛོམས་ཀྱིས་གསུམ་དུས་སྲུང་གཙི་ཞུས་ཡོད་འདུག
༤) ཟླ་འདིའི་ཚེས་ ༡༠ ཉིན་མ་རྡ་ར་སི་བོད་ཕྲུག་ཚོགས་པའི་མགོ་ཁྲིད་འོག་མ་རྡ་ར་སི་གྲོང་ཁྱེར་གྱི་ཁེར་ཀིཌི་ (Cricket Stadium )ཐང་ཆེན་མདུན་དུ་སློབ་མ་ ༡༥༠ ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་གནང་ཡོད་འདུག
༥) ཟླ་འདིའི་ཚེས་ ༡༠ ཉིན་བྷེང་ལོར་ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ། སློབ་ཕྲུག་ཚོགས་པ་བཅས་ཀྱི་སྣེ་ཁྲིད་འོག བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་མི་ ༤༥༠ ལྷག་འདུ་འཛོམས་ཀྱིས་ཞི་རྒོལ་གནང་ཡོད་འདུག གསར་འགོད་པ། དོན་གྲུབ།