ལ་དྭགས་བྱང་ཐང་ཁུལ་གྱི་བོད་པའི་འབྲོག་པ་ཚོས་ཕྱུགས་ཟོག་འཚོ་སྐྱོང་གི་ཞོར་དུ་རྟ་འཁྲིད་དེ་ཡུལ་སྐོར་སྤྲོ་འཆམ་པ་ཡར་སྐྱེལ་མར་ལེན་སོགས་ཀྱི་གླ་ལས་བྱེད་བཞིན་ཡོད་འདུག
ཉེ་ལམ་ལ་དྭགས་རྒྱལ་ས་སླེ་རུ་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་གནང་བ་དང་བསྟུན་ཏེ། འདི་ག་དུས་བབ་གསར་ཁང་གི་གསར་འགོད་པ་གཉིས་ཆེད་དུ་ས་གནས་ལ་བསྐྱོད་དེ། དུས་འཁོར་དབང་ཆེན་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་དང་འབྲེལ་ཏེ། ལ་དྭགས་ཁུལ་གྱི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་། དགོན་པ་དང་སློབ་གྲྭའི་གནས་སྟངས། དེ་བཞིན་ལ་དྭགས་ཡུལ་མི་དང་བོད་པ་སྐྱབས་བཅོལ་བའི་མཐུན་ལམ་སོགས་ཀྱི་སྐོར་ལ་རྒྱུས་ལོན་བྱས་ཡོད། སྐབས་དེར་བྱང་ཐང་སུམ་མདོ་ནས་ཡིན་པའི་རྒན་འཇིགས་མེད་གྲགས་པ་ལགས་དང་ལ་དྭགས་བྱང་ཐང་ཁུལ་གྱི་བོད་པའི་འབྲོག་པ་ཚོའི་སྐོར་ལ་གླེང་མོལ་བྱས།
རྒན་འཇིགས་མེད་གྲགས་པ་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་གི་ཕ་མ་གཉིས་ང་དགུ་ལོའི་བོད་ནང་གི་དུས་འགྱུར་སྐབས་སྟོད་མངའ་རིས་ས་ཁུལ་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཡོད་འདུག་ལ། ཕྱིས་སུ་ང་ལ་དྭགས་བྱང་ཐང་དུ་གཞི་བཟུང་རྗེས་ཁོ་རང་དེ་གར་སྐྱེས་ཡོད་འདུག འདས་པའི་ལོ་ ༥༤ རིང་ཁོང་གིས་བྱང་ཐང་འབྲོ་སར་འཚོ་བ་སྐྱེལ་ཏེ། དེ་སྔོན་ཁོང་གི་ཁྱིམ་དུ་ར་ལུག་ ༢༠༠ དང་རྟ་ ༢ བཅས་ཡོད་ནའང་། ཁོང་གི་བཟའ་ཟླ་ན་ཚའི་དབང་གིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བུ་སློབ་གྲྭར་མངགས་གཏོང་བྱས་པ་བཅས་ལ་བརྟེན་ནས་ད་ཆར་ཁོང་གི་ཁྱིམ་གྱི་འཚོ་རྟེན་གཙོ་བོ་ར་ལུག་ ༣༠ དང་རྟ་ ༧ ཙམ་ལ་བརྟེན་ཡོད་པ་དང་། ཞོར་དུ་དབྱར་ཟླ་དྲུག་པ་ནས་ཟླ་གཅིག་གི་དུས་ཚིགས་སུ་ཁོང་གིས་རྟ་འཁྲིད་དེ་དབྱིན་ཇིའི་ཡུལ་སྐོར་སྤྲོ་འཆམ་པ་ཡར་སྐྱེལ་མར་ལེན་གྱི་གླ་ལས་བྱས་ཏེ། ལོ་རེའི་ཟླ་གཅིག་ནང་བཙལ་བའི་ཧིན་སྒོར་ ༨༠༠༠ ཡས་མས་ཀྱིས་ཁྱིམ་ཚང་གི་ཟ་མ་གཙོས་པའི་འགྲོ་སོང་དང་། ཕྱུག་ཟོག་གི་རྩྭ་སོགས་ཉོས་ཏེ་ལོ་རེའི་འཚོ་བ་སྐྱེལ་བཞིན་ཡོད་འདུག
ཁོང་གིས་བརྗོད་པ་ལྟར་ན། ད་ལྟའི་ཆར་ལ་དྭགས་བྱང་ཐང་སུམ་མདོའི་བོད་པའི་གཞིས་གྲོང་དུ་ཁྱིམ་ཚང་ ༦༧ ཡོད་འདུག་ལ། ཁྱིམ་ཚང་དེ་དག་ལས་ཕྱུགས་ཟོག་མང་ཤོས་ལ་ར་ལུག་ ༥༠༠ ལྷག་དང་ནོར་ནག་ ༥༠ ཡས་མས། རྟ་ ༥ རེ་ཡོད་འདུག ཕྱུགས་ཟོག་ཉུང་ཤོས་ཀྱི་ཁྱིམ་རེར་ར་ལུག་ ༣༠ ཡས་མས་ལས་མེད་སྟབས། ཁྱིམ་ཚང་མང་ཆེ་བས་འཚོ་བའི་ཡོངས་ཁུངས་གཙོ་བོ་དབྱར་དུས་རྟ་འཁྲིད་དེ་ཕྱི་མི་ཡུལ་སྐོར་སྤྲོ་འཆམ་པ་ཡར་སྐྱེལ་མར་ལེན་གྱི་གླ་དངུལ་ལ་བརྟེན་ཡོད་པ་དང་། ཁོང་ལ་མཚོན་ན་རང་གི་བུ་ལ་ཐུག་ཆེད་ལོ་རེར་བྱང་ཐང་ནས་སླེ་རུ་ཐེངས་གཅིག་རེར་ཡོང་གི་ཡོད་ཀྱང་། བོད་མིའི་འབྲོག་པ་ཚོའི་ཁྲོད་ད་ལྟའི་བར་ལ་དྭགས་རྒྱལ་ས་སླེ་རུ་ཡོང་མ་མྱོང་བའི་རིགས་ཀྱང་གང་འཚམ་ཡོད་འདུག
ཡང་ཁོང་གིས་ལ་དྭགས་ཡུལ་མིའི་འབྲོག་པ་དང་བོད་མིའི་འབྲོག་པའི་བར་གྱི་འབྲེལ་འདྲིས་སྐོར་ངོ་སྤྲོད་གནང་བར། ལ་དྭགས་ཡུལ་མིའི་འབྲོག་པ་དང་བྱང་ཐང་བོད་མིའི་འབྲོག་པའི་བར་བོད་ནང་ལྟ་བུར་ས་རྩོད་ཆུ་རྩོད་ཀྱི་དཀའ་ངལ་མེད་ཀྱང་། ནོར་ལུག་ཕན་ཚུན་གྱི་རྩྭ་སར་ཤོར་བ་སོགས་གནས་ཚུལ་ཆུང་ཚགས་ཀྱི་ཐོག་ནས་མཚམས་རེར་མི་འགྲིག་པ་ཡོང་གི་ཡོད་པ་དང་། གནས་ཚུལ་དེ་རིགས་བྱུང་སྐབས་ཡུལ་མིའི་འབྲོག་པ་ཚོས་ས་བདག་ཡུལ་བདག་ཡིན་པའི་དཔུང་ངོམས་ཏེ། བོད་མིའི་འབྲོག་པ་ཚོར་ཕྱུགས་ཟོག་འཚོ་སྐྱོང་གི་ས་ཆ་སྤྲོད་མིན་གྱི་གནས་ཚུལ་ཙག་ཙིག་རེ་རྒྱུན་པར་ཡོང་གི་ཡོད་འདུག འཇིགས་མེད་གྲགས་པ་ལགས་ཀྱིས་བརྗོད་དོན། “བོད་པའི་འབྲོག་པ་ཚོར་གནས་སྟངས་སྣ་ཚོགས་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། རང་ཉིད་གཞན་གྱིས་ལུང་པར་སྐྱབས་བཅོལ་ཏེ་བསྡད་ཡོད་པ་དང་། དཀའ་ངལ་ཅི་ཅམ་འཕྲད་ཀྱང་དམིགས་བསལ་འགྲོ་ཡུལ་གཞན་མེད་དུས། མགོ་སྒུར་ནས་སྡོད་ཀྱི་ཡོད་པ་རེད། ” ཅེས་བརྗོད་སོང་།
གསར་འགོད་པས་ཁོང་ལ་བོད་མིའི་སྒྲིག་འཛུགས་དང་། ལ་དྭགས་ལྷོ་བྱང་གཞིས་སྤྱི་ལས་ཁུངས་ཀྱི་ངོས་ནས་རོགས་རམ་གང་འདྲ་གནང་གི་ཡོད་མེད་དྲིས་པར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔར་ལོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་རྣམ་གཉིས་ཕེབས་སོང་། སྐབས་དེར་ཁོང་རྣམ་པ་གཉིས་ཀས་ཁྱེད་རང་ཚོ་ལ་དྭགས་ཀྱི་འབྲོག་པ་ཚོར་དཀའ་ངལ་ཆེན་པོ་འདུག མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན། ཕྱི་རྒྱལ་གྱི་ལུང་པ་དེ་འདྲར་གཏོང་རྒྱུའི་ཐབས་ཤེས་གནང་གི་ཡིན་ཞེས་གསུངས་སོང་། གཞིས་སྤྱི་ལས་ཁུངས་ཀྱི་ངོས་ནས་སྐུ་ངོ་དོན་འགྲུབ་བཀྲ་ཤིས་དང་དྲུང་ཆེ། ལས་བྱེད་བཅས་ལོ་རེའི་ཟླ་གཉིས་གསུམ་རེའི་ནང་བྱང་ཐང་ས་ཁུལ་ཚང་མར་ཕེབས་ཏེ། མི་མང་གི་གནས་སྟངས་སྐད་ཆ་དྲིས་རྗེས་ང་ཚོར་ཟ་མ་དང་ཟོག་ཆས། རྩྭ་སོགས་རིན་མེད་ཐོག་སྤྲོད་ཀྱི་འདུག ཁང་པ་དང་གུར་མེད་པའི་རིགས་ཀྱིས་ལས་ཁུངས་ལ་སྙན་ཞུ་ཕུལ་ཚེ་ཁང་པ་རྒྱག་པར་རོགས་རམ་དང་གུར་སོགས་སྤྲོད་ཀྱི་འདུག ཅེས་བརྗོད་བྱུང་།
ཡང་ཁོང་ལ་མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་མི་མང་གི་ངོས་ནས་རོགས་རམ་གནང་དགོས་པ་གང་དག་ཡོད་མེད་དྲིས་པར། ང་ཚོ་སུམ་མདོར་ཡོད་པའི་འབྲོག་པ་མང་ཆེ་བར་དགུན་སར་ཁང་པ་དང་ཞིང་ཁ་ཏོག་ཙམ་ཡོད་པ་རེད། ས་ཞིང་ཐོག་རྩྭ་འདེབས་ཀྱི་ཡོད་པ་རེད། དབྱར་དུས་ཚང་མར་དབྱར་སར་འགྲོ་གི་ཡོད། དཀའ་ངལ་ཆེ་ཤོས་དགུན་ཁ་གངས་བརྒྱབ་རྗེས་རྩྭ་མེད་པའི་དཀའ་ངལ་འཕྲད་དེ། འབྲོག་པ་ཚོའི་ཕྱུགས་ཟོག་མང་པོ་ཤི་འགྲོ་ཡི་འདུག དེ་ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་ཆགས་ཡོད་ཅེས་བརྗོད་སོང་།
ཁོང་གིས་བྱང་ཐང་ཁུལ་གྱི་ཕྲུ་གུ་ཚོའི་སློབ་གྲྭའི་ཐོག་དཀའ་ངལ་མེད་པ་དང་། བོད་མིའི་སྒྲིག་འཛུགས་དང་ལ་དྭགས་གཞིས་སྤྱི་ལས་ཁུངས་གཉིས་ཀྱིས་རོགས་རམ་མང་པོ་གནང་ཡོད་སྐོར་ལ། ད་ཆར་སུམ་མདོར་འཛིན་རིམ་གསུམ་པ་བར་དང་། ཧང་ལེར་འཛིན་གྲྭ་དྲུག་པ་བར། ལྕོག་ལམ་ས་བོད་ཁྱིམ་དུ་འཛིན་རིམ་བཅུ་བ་བར་ཡོད། བྱིས་པ་ཚོའི་སློབ་སྦྱོང་གི་ཕྱོགས་ནས་དཀའ་ངལ་མི་འདུག ད་ལྟའི་བར་ང་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་། བོད་མིའི་སྒྲིག་འཛུགས་དང་གཞིས་སྤྱི་ལས་ཁུངས་ཀྱིས་རོགས་རམ་རྒྱབ་སྐྱོར་མང་པོ་གནང་སོང་། ཡིན་ནའང་། ད་དུང་གནས་སྟངས་སྐྱོ་བོ་ཞིག་གི་འོག་ཏུ་བསྡད་ཡོད་སྟབས། མང་ཚོགས་ཚོས་མང་འོངས་པར་དཀའ་ངལ་གང་འདྲ་ཞིག་འཕྲད་ཡོང་དུས་དང་། དཀའ་ངལ་ཛ་དྲག་རིགས་བྱུང་སྐབས་རོགས་པ་བྱེད་མཁན་ཡོད་ན་བསམ་ནས་སེམས་ཁྲལ་ངང་གནས་ཡོད་པ་རེད། ཅེས་སོགས་བརྗོད་བྱུང་།
གསར་འགོད་པ། དོན་གོ
སྤྱིར་བཏང་བྱས་ན་ལ་དྭགས་པ་དང་བོད་པ་གཉིས་ཆོས་དང་ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་བ་ཆེན་པོ་ཡོད་ནའང་། ད་ལྟ་ང་ཚོར་རང་དབང་མེད་པ་དང་། ལ་དྭགས་པ་ཚོར་རང་དབང་ཡོད་པ་རེད། རྒྱུ་མཚན་ཆུང་ངུ་དེ་ལ་བརྟེན་ནས་སྐབས་རེ་ལ་དྭགས་པ་ཚོས་ཁྲོད་ནས་ཉུང་ཤས་ཤིག་གིས་མི་རིགས་དབྱེན་འབྱེད་དང་། རང་དབང་ཡོད་མེད་སོགས་ཀྱི་སྐད་ཆའི་སྟེང་ནས་ལབ་གླེང་བཟོས་དང་བཟོ་བཞིན་པའི་ཚོར་བ་བདག་ལ་ཆེན་པོ་ཡོད། དེ་ནི་བདག་ལ་མཚོན་ན་བློ་ཕམ་ཆེ་ཤོས་ཀྱང་ཡིན།