རྒྱ་དཔོན་ལིན་ཅི་ཧྭ་ལ་ཞིབ་བཤེར་མགོ་འཛུགས་བྱས་པ་དང་བསྟུན་ཏེ་ཁོའི་སྐྱེས་དམན་ཀོ་ལི་ཕིན་ཡང་བཀག་བསྐྱིལ་བྱས་ཡོད་པ་དང་། འདིའི་སྐོར་ལ་དཔྱད་བརྗོད་པ་ཚོས་ལིན་ཅི་ཧྭ་དང་ཧུའུ་ཅིན་ཐོ་གཉིས་ལ་འགལ་འབྲེལ་གང་འདྲ་ཡོད་མེད་ཐད་གླེང་སློང་སྣ་ཚོགས་བྱེད་ཀྱིན་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དེའི་སྐོར་ལ་གསལ་བསྒྲགས་གང་ཡང་བྱས་མི་འདུག
ཟླ་སྔོན་མའི་ཚེས་ ༢༢ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དེ་སྔའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་དྲུང་ཡིག་ཟུར་བ་ལིན་ཅི་ཧྭ་(Ling Jihua)ལ་ཞིབ་བཤེར་བྱེད་ཀྱིན་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་ལྟར། ཟླ་འདིའི་ཚེས་༢ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་ཧྥ་རན་སུའི་རྒྱ་ཡིག་གསར་གནས་ལུང་འདྲེན་བྱས་པའི་ནང་། རྒྱ་གཞུང་གིས་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་བཞིན་པ་གསལ་བསྒྲགས་བྱས་པའི་ཉིན་གཉིས་ཀྱི་རྗེས་ལིན་ཅི་ཧྭ་ཡི་སྐྱེས་དམན་ཀོ་ལི་ཕིན་(Gu Liping)ཡང་ཆིན་ཏུའོ་ནས་འཛིན་བཟུང་བྱས་ཡོད་ཚུལ་བཀོད་འདུག
ཕྱིའི་དཔྱད་ཞིབ་པ་ཁ་ཤས་ཀྱིས། ལིན་ཅི་ཧྭ་ལ་ཞིབ་བཤེར་མགོ་འཛུགས་དང་མཉམ་དུ་ཀོ་ལི་ཕིན་ཡང་བཀག་ཉར་གྱིས་འདྲི་ཞིབ་མགོ་འཛུགས་བྱས་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། ཀྲུང་གོའི་གསང་སྙན་(中国密报)ཞེས་པའི་དྲ་ཚིགས་སྟེང་། ལིན་ཅི་ཧྭ་ཡའི་སྐྱེས་དམན་ཀོ་ལི་ཕིན་ཟླ་ ༡༢ ཚེས་ ༡༩ ཉིན་པེ་ཏ་པའོ་ཡ་ (北大博雅酒店)མགྲོན་ཁང་ནས་བྲོས་བྱོལ་བྱས་ཡོད་སྟབས། ལིན་ཅི་ཧྭ་ལ་གནས་ཚུལ་གཞན་པ་བྱུང་བར་དོགས་ཏེ། དེ་མ་ཐག་རྒྱ་གཞུང་གིས་ལིན་ཅི་ཧྭ་ཡི་གྱོད་དོན་ཞིབ་བཤེར་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཏེ་བཀག་བསྐྱིལ་བྱས་ཡོད་འདུག
ཧྥ་རན་སུའི་གསར་ཁང་ཞིག་གིས་ཨ་རིའི་ཨན་ཌའི་ཡ་ན་སློབ་ཆེན་ (Indiana University)གྱི་ཉམས་ཞིབ་པ་རྒྱ་རིགས་བུད་མེད་ཁེ་ཡོ་ཆིན་(Keyu Qian)ལ་བཅར་འདྲི་བྱས་པ་ཞིག་གི་ནང་། གསར་འགོད་པས་ཁེ་ཡོ་ཆིན་ལ། རྒྱ་ནག་གཞུང་གིས་དེ་སྔོན་ནས་ལིན་ཅི་ཧྭ་ཞིབ་བཤེར་བྱེད་མགོ་བཙུགས་ཟིན་ཡོད་ཀྱང་། ད་ལྟའི་གནས་སྐབས་འདི་འདྲ་ཞིག་ལ་ཅིའི་ཕྱིར་གཞི་ནས་གསལ་བསྒྲགས་སྤེལ་བ་རེད་དམ། ཞེས་དྲིས་པའི་ལན་དུ་ཁེ་ཡོ་ཆིན་གྱིས། ཞིབ་བཤེར་ཕྱིར་བསྒྲགས་དེའི་རྩ་བ་ལིན་ཅི་ཧྭ་ཡི་སྐྱེས་དམན་ལ་འབྲེལ་བ་ཡོད་པ་རེད། ཀྲུང་གོའི་གསང་སྙན་དྲ་ཚིགས་སྟེང་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ལིན་ཅི་ཧྭ་ལ་ཞིབ་བཤེར་ཁྱབ་བསྒྲགས་མ་བྱས་སྔོན་ནས་ལིན་ཅི་ཧྭ་ལ་ལྟ་སྲུང་དམ་པོ་བྱས་ཡོད་ཀྱང་། ཁོར་འགྲོ་འདུག་རང་དབང་དང་ཕྱི་ལ་འབྲེལ་བ་བྱེད་པའི་རང་དབང་ཡོད།
ཟླ་ ༡༢ ཚེས་ ༡༩ ཉིན་གྱི་ཞོགས་པར་པེ་ཅིན་གྱི་པེ་ཏ་པའོ་ཡའི་མགྲོན་ཁང་དུ། ཀོ་ལི་ཕིན་དང་པེ་ཏ་མགྲོན་ཁང་གི་སྤྱིན་བདག་ལའུ་ཡའི་ (Li You) གཉིས་ཀྱིས་ཚོགས་འདུ་ཞིག་བསྐོངས་ཡོད་པའི་གོ་སྐབས་དང་བསྟུན་ཏེ། དབུས་ཉེན་རྟོག་མི་སྣས་གློ་བུར་དུ་མགྲོན་ཁང་དེར་འཇབ་རྒོལ་བྱས་ཡོད་ཀྱང་། ཀོ་ལི་ཕིན་གྱིས་གནས་ཚུལ་དེ་ཧ་གོ་སྟེ་ཚོགས་འདུར་ཞུགས་མེད་པར་ལྐོག་ནས་བྲོས་ཡོད་འདུག གནས་ཚུལ་དེ་དག་འོག་ལིན་ཅི་ཧྭ་ཡིས་རང་ཤི་རྒྱག་སྲིད་པ་དང་། ཡང་ན་ལྐོག་ནས་བྲོས་བྱོལ་བྱ་སྲིད་པར་དོགས་ཏེ། རྒྱ་གཞུང་གིས་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ་ཁོ་བཀག་བསྐྱིལ་བྱས་པ་རེད། ཅེས་བརྗོད་འདུག
ཀོ་ལི་ཕིན་ཅིའི་ཕྱིར་ལའུ་ཡི་མགྲོན་ཁང་དེར་འགྲོ་དགོས་པའི་སྐོར་དྲིས་པའི་ལན་དུ་ཁོ་མོས། རྒྱ་གཞུང་གིས་ལྐོག་ནས་ཀོ་ལི་ཕིན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་ཀོ་ལི་ཕིན་གྱིས་དེ་སྔོན་ནས་ཧ་གོ་ཡོད་ཀྱང་། མོས་རང་གི་སྲོག་ལ་གཉེན་ཁ་ཡོད་པའི་གནས་ཚུལ་དེ་ལའུ་ཡའི་ལ་གྲོས་མོལ་བྱེད་ཆེད་དང་། ནུབ་རི་མཐུན་ཚོགས་(西山会)ཀྱི་དཔང་རྟགས་མེད་པ་བཟོ་བའི་ཆེད་མོ་ལའུ་ཡའི་རྩར་མི་འགྲོ་ཐབས་མེད་རེད་འདུག ནུབ་རི་མཐུན་ཚོགས་ཀྱི་སྣེ་འཁྲིད་པ་ཀོ་ལི་ཕིན་རེད། ལིན་ཅི་ཧྭ་ཡི་དབང་ཤུགས་འོག་ནུབ་རི་མཐུན་ཚོགས་ཀྱི་ལས་དོན་ལམ་ལྷུང་དང་གོ་གནས་བརྟན་པོ་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་ཚོང་པ་མང་པོ་ཞིག་གིས་ནུབ་རི་མཐུན་ཚོགས་ལ་མ་དངུལ་རོགས་སྐྱོར་བྱེད་ཀྱིན་ཡོད་ལ། ལའུ་ཡའི་ནི་རོགས་སྐྱོར་བྱེད་མཁན་གྲས་ཀྱི་མི་སྣ་གཙོ་བོ་ཞིག་རེད། ཅེས་བརྗོད་འདུག
རྒྱ་ནག་གི་པེ་ཏོ་ (Baidu)དྲ་ཚིགས་སྟེང་། ནུབ་རི་མཐུན་ཚོགས་ཞེས་པ་ནི་ཕ་ཡུལ་ཧྲན་ཞི་ནས་ཡིན་པའི་པེ་ཅིན་གྱི་དཔོན་རིགས་ཁག་དང་ཧྲན་ཞི་ཡི་ཚོང་པ་ཚོས་མཉམ་འབྲེལ་བྱས་ཡོད་པའི་ལྐོག་གྱུར་གྱི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིར་དབང་ཤུགས་ཆེན་པོ་ཡོད་འདུག
ལིན་ཅི་ཧྭ་ཡི་སྐྱེས་དམན་ཀོ་ལི་ཕིན་ནི། པེ་ཅིན་སློབ་ཆེན་ནས་ཁྲིམས་ལུགས་སློབ་མཐར་ཕྱིན་རྗེས་པེ་ཅིན་ཞིབ་དཔྱོད་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ༢༠༠༣ ལོར་ལིན་ཅི་ཧྭ་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་མགོ་གཙོ་ཆགས་པ་དང་བསྟུན་ཏེ། ཀོ་ལི་ཕིན་གྱིས་རྒྱ་ནག་གི་གཞོན་སྐྱེས་ཚོང་གཉེར་ (Youth Business China) ཞེས་པ་ཞིག་གསར་འཛུགས་བྱས་ཡོད་ཅིང་། སྐབས་དེར་མོ་ཆིན་ཧཱ་སློབ་ཆེན་གྱི་གསར་གཏོད་དང་སྤྱི་ཚོགས་ཉམས་ཞིབ་བསྟི་གནས་ཀྱི་མགོ་གཙོ་ཡང་ཡིན་འདུག མོས་གསར་འཛུགས་བྱས་པའི་ཚོང་གཉེར་ཚོགས་པ་དེའི་ཡན་ལག་འཛམ་གླིང་གི་གྲོང་ཁྱེར་ ༦༡ ནང་ཡོད་ཅིང་། ལམ་སྟོན་པ་ ༡༢༠༠༠ ཙམ་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་འཁོད་ཡོད་འདུག ཀོ་ལི་ཕིན་ ༢༠༡༣ ལོར་རྒྱ་ནག་གི་གཞོན་སྐྱེས་ཚོང་གཉེར་ཞེས་པའི་ཚོགས་པའི་འགན་འཛིན་ལས་དགོངས་པ་ཞུས་ཡོད་འདུག
རྒྱ་གཞུང་གིས་ལིན་ཅི་ཧྭ་འཛིན་བཟུང་བྱས་རྗེས། ཧོང་ཀོང་ཁྲིན་པའོ་(xuanggang Chenbao)ཞེས་པའི་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀོ་ལི་ཕིན་ནུབ་རི་མཐུན་ཚོགས་ནང་འཛུལ་བཞུགས་བྱས་ཡོད་པ་མ་ཟད། ཚོགས་པ་དེའི་ནང་གི་མི་སྣ་གཙོ་གྲས་ཤིག་ཡིན་པ་དང་། མོ་ལ་ཉི་ཧོང་དུ་ཁང་པ་གཉིས་ཡོད་པའི་རིན་གོང་ཨ་སྒོར་ ༥༠༠༠༠༠ ཙམ་ཡིན་སྐོར་སོགས་འཁོད་འདུག
ཟླ་སྔོན་མའི་ཚེས་ ༢༧ ཉིན་ཞིན་ཐང་ཪིན་ཞེས་པའི་དྲ་ཚིགས་སྟེང་། ཀོ་ལི་ཕིན་གྱི་དུས་རྒྱུན་གྱི་འགྲོ་རོགས་འདུག་རོགས་རའུ་ཁྲིན་ཀོང་ (Rui Chenggang)ཟེར་བ་དེ་ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་གིས་བཀག་གཉེར་བྱས་ཡོད་ཅིང་། ཀོ་ལི་ཕིན་ལས་ལོ་ཉི་ཤུ་ཙམ་གྱིས་ཆུང་བའི་རའུ་ཁྲིན་ཀོང་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་དཔལ་འབྱོར་ལེ་ཚན་གྱི་མགོ་འཛིན་ཡིན་པ་དང་། ནམ་རྒྱུན་རའུ་ཁྲིན་ཀོང་དང་ཀོ་ལི་ཕིན་གཉིས་མཉམ་དུ་འགྲོ་སྐབས་མི་ཚོས་ཁོ་གཉིས་མིང་སྲང་ཡིན་པ་བརྗོད་ཡོད་ཀྱང་།རའུ་ཁྲིན་ཀོང་འཛིན་བཟུང་འདྲི་གཅོད་བྱས་སྐབས་ཁོས་ངུ་འབོད་བྱེད་བཞིན་ཀོ་ལི་ཕིན་གྱིས་ཁོ་ལ་བཙན་གཡེམ་བྱས་ཡོད་པ་དང་། ཁོ་ལ་ནག་ཉེས་གང་ཡང་མེད་ཚུལ་སོགས་བརྗོད་ནས་འཁོད་ཡོད་འདུག
ཟླ་འདིའི་ཚེས་ ༦ ཉིན་ཞིན་ཐང་རིན་ཞེས་པའི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ལིན་ཅི་ཧྭ་འཛིན་བཟུང་བྱས་པའི་ཉིན་མོ་སྟེ་ཟླ་སྔོན་མའི་ཚེས་ ༢༢ ཉིན། ལིན་ཅི་ཧྭ་རྒྱ་ནག་སྲིད་གྲོས་མགོ་གཙོའི་ཚོགས་འདུ་ཞིག་གི་སྟེང་དུ་ཡོད་ཅིང་། ཉིན་རྒྱབ་ཆུ་ཚོད་ ༥ ཙམ་ལ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཀྲའོ་ཧོན་ཀྲའུ་ (Zhao Hongzhu)གློ་བར་དུ་བསླེབས་ཏེ། ལིན་ཅི་ཧྭ་བཀག་བསྐྱིལ་ཡིག་ཆ་ཁྱབ་བསྒྲགས་བྱས་སྐབས། ལིན་ཅི་ཧྭ་རྐུབ་སྟེགས་སྟེང་བསྐྱར་འདུག་ཅིག་བྱས་ཏེ་མདུན་གྱི་ཇ་ཕོར་ལེན་སྐབས་ཁོའི་ལག་པ་འདར་བཞིན་ཡོད་པ་དང་། ཁོས་ཞིབ་བཤེར་ཡིག་ཆའི་སྟེང་མིང་རྟགས་འགོད་སྐབས། ཐོག་མར་ལིན་ཅི་ཧྭ་ཞེས་པའི་ཧྭ་དེ་ཡིག་རྙིང་གིས་བྲིས་ཡོད་ཀྱང་། དེ་གསུབ་སྟེ་ཡིག་གསར་གྱི་ཧྭ་དེ་བྲིས་ཡོད་འདུག ལིན་ཅི་ཧྭ་སྒྲིག་ཁྲིམས་ཞིབ་བཤེར་མི་སྣས་འཁྲིད་འགྲོ་སྐབས། ཁོས་ “ ངས་རང་གི་ནག་ཉེས་ངོས་ལེན་བྱས་པ་ཡིན། འདས་པའི་ལོ་གཉིས་དང་ཟླ་དགུའི་རིང་ང་རང་དངངས་སྐྲག་སྐྱེས་ནས་ཉི་མ་འཁྱོལ་ཐབས་མེད་པར་བསྡད་ཡོད” ཞེས་བརྗོད་ཡོད་ཚུལ་ཡང་གྲགས།
ལིན་ཅི་ཧྭ་འཛིན་བཟུང་བྱས་རྗེས། རྒྱ་གཞུང་གི་ཚད་ཞིན་དྲ་བའི་ (财新网)སྟེང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་བོང་ཆེ་ཧྲན་ (Wang Qishan) གྱིས་ “ལིན་ཅི་ཧྭ་དང་ཀྲུའུ་ཡོན་ཁང་། པའོ་ཞི་ལེ་སོགས་མནའ་ཐུན་གང་རུང་ཞིག་ལ་འབྲེལ་བ་ཡོད་པའི་གནས་ཚུལ་གསལ་བོ་སྟོན་པ” ཞེས་བརྗོད་པ་དེ་ནག་གསུབ་བཏང་ཡོད་པ་དང་། དེའི་རྗེས་ “ལིན་ཅི་ཧྭ་ཡིས་རང་གི་བུའི་དོན་རྐྱེན་འགེབས་སྲུང་ཆེད་ཆབ་སྲིད་ཁོངས་གཏོགས་ཀྱི་འགན་ཁུར་མི་སྣ་གང་ཞིག་ལ་ཆབ་སྲིད་ཀྱི་དུས་ཆད་གང་རུང་ཞིག་གི་གྲོས་མོལ་བྱུང་ཡོད་འདུག” ཅེས་འཁོད་ཡོད་པ་དེ་དང་འབྲེལ་ནས་སྤྱི་ཚོགས་ནང་ལིན་ཅི་ཧྭ་དང་ཀྲུའུ་ཡོན་ཁང་གཉིས་ལ་འབྲེལ་བ་ཡོད་སྐོར་གླེང་སློང་བྱུང་སྟབས་ཚིག་རྗེས་མ་དེ་ཡང་མེད་པ་བཟོས་ཡོད་འདུག
ཀྲུང་གོའི་གསང་སྙན་གསར་ཁང་གིས། ལིན་ཅི་ཧྭ་ཡི་ཨ་ཕ་ལིན་ཧོ་ཡའོ་ (Ling Huye)ཧྲན་ཞི་དང་ཀན་སུའུ། ཉེན་ཞྭ་བཅས་ཀྱི་མཐའ་མཚམས་སྨན་ཁང་གི་མགོ་གཙོའི་གོ་གནས་འཁུར་སྐབས། ཁོས་ཕ་ཡུལ་ཧྲན་ཞི་ནས་ཡིན་པའི་པའོ་ཞི་ལེ་ཡི་ཨ་ཕ་དམག་དཔོན་པའོ་ཡའི་ཕའོ་དང་ངོ་ཤེས་ཆགས་ཡོད་ཅིང་། དཔོན་རིགས་རྒན་པ་འདི་དག་གིས་རྒྱབ་སྐྱོར་དང་འབྲེལ་ཏེ། ལིན་ཅི་ཧྭ་ལོ་ཉི་ཤུར་སོན་མ་ཐག་ནས་རྒྱ་ནག་དབུས་གཞུང་གི་ལས་ཀ་བྱེད་མགོ་བཙུགས་ཡོད་པ་མ་ཟད། ལིན་ཅི་ཧྭ་དབུས་གཞུང་སྒྲུབ་ལས་ཁང་གི་མགོ་གཙོའི་གོ་གནས་དེའང་པའོ་ཡའི་ཕའོ་ལ་འབྲེལ་བ་ཡོད་སྐོར་སོགས་བརྗོད་འདུག
ལིན་ཅི་ཧྭ་ཧུའུ་ཅིན་ཐོ་ཡི་དྲུང་ཡིག་ཡིན་སྐབས་ནས་བཟུང་། ཁོས་གུང་གཞོན་མཐུན་ཚོགས་( 共青团派)ཀྱི་དབང་ཆ་གཙོ་བོ་དེ་བཟུང་ཡོད་པ་མ་ཟད། སྐུ་སྲས་ཚོགས་ཁག་པའོ་ཞི་ལེ་ (太子党薄熙来)དང་། སྲིད་ཁྲིམས་གོང་མ་ཀྲུའུ་ཡོན་ཁང་ (政法沙皇周永康)། དམག་དཔོན་མགོ་གཙོ་ཞི་ཚད་ཧོ་ (军头徐才厚)བཅས་ལ་ལྐོག་འབྲེལ་ཟབ་མོ་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་གསལ་བསྒྲགས་བྱས་མ་ཐགཆབ་སྲིད་དཔྱད་བརྗོད་པ་ཚོས་ལིན་ཅི་ཧྭ་ནག་ཉེས་ནང་ཚུད་པ་དེས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་སེམས་འཁྲལ་ནང་ལྷུང་དུ་བཅུག་ཡོད་ཚུལ་བརྗོད་ཀྱང་། ཟླ་འདིའི་ཚེས་ ༡ ཉིན་ཝུན་ཞའོ་ཁྲིན་ཞེས་པའི་དྲ་ཚིགས་སྟེང་། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་དང་འབྲེལ་བ་ཡོད་པའི་མིང་བརྗོད་འདོད་མེད་མཁན་ཞིག་གིས། ཞི་ཅིན་ཕིན་གྱིས་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་པའི་དམིགས་འབེན་དེ་ཧུའུ་ཅིན་ཐོ་མ་རེད། གང་ཡིན་ཞེས་ན། ཞིན་ཅིན་ཕིན་གྱིས་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་རྒྱུ་དེ་ཧུའུ་ཅིན་ཐོ་ལ་གྲོས་མོལ་བྱས་ཏེ། ཧུའུ་ཡི་མོས་མཐུན་དང་རྒྱབ་སྐྱོར་ཐོབ་ཡོད་སྐོར་བརྗོད་འདུག
༢༠༡༢ ལོར་ཧུའུ་ཅིན་ཐོ་ཏང་དང་དམག་དོན་ཀྱི་གོ་གནས་ནས་ཕྱིར་འཐོན་ཡོད་པ་དང་། ༢༠༡༣ ལོའི་ཟླ་ ༣ ཚེས་ ༡༤ ཉིན་རྒྱ་ནག་གི་སྲིད་འཛིན་གོ་གནས་དེ་ཞི་ཅིན་ཕིན་ལ་རྩིས་སྤྲོད་བྱས་ཏེ། རྒྱ་གཞུང་དང་ཏང་གི་མགོ་ཁྲིད་ནས་དགོངས་པ་ཞུས་ཡོད་འདུག ཧུའུ་ཅིན་ཐོ་ནི་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་ནས་བཟུང་ད་བར་དུ་ཆེས་མཐོའི་དཔོན་རིགས་ཁྲོད་ཀྱི་དགོངས་པ་ཞུ་མཁན་ཐོག་མ་དེ་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༢ ལོར་ལིན་ཅི་ཧྭ་ཡི་བུའི་རླངས་འཁོར་དོན་རྐྱེན་བྱུང་སྟེ་ཟླ་དྲུག་གི་རྗེས་སུ། རྒྱ་ནག་གཞུང་གིས་ལིན་ཅི་ཧྭས་རྒྱ་གཞུང་དབུས་བདེ་སྲུང་དམག་མི་སྒེར་གཅོད་བྱས་པའི་ཉེས་མིང་འོག་དབུས་གཞུང་སྒྲུབ་ཁང་གི་མགོ་གཙོའི་གོ་གནས་ནས་ཕབ་ཡོད་ཀྱང་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གྱི་གོ་གནས་མུ་མཐུད་བཞག་ཡོད།
ཟླ་སྔོན་མའི་ཚེས་ ༢༢ ཉིན་རྒྱ་གཞུང་གིས་ལིན་ཅི་ཧྭ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གོ་གནས་ནས་ཕབ་ཡོད་པ་གསལ་བསྒྲགས་བྱས་མ་ཐག ཕྱིའི་གསར་ལམ་ཁག་ཅིག་ཏུ་ཐེན་ཅིན་གྲོང་ཁྱེར་གྱི་རྒྱུན་ལས་ཨུ་ཡོན་མགོ་གཙོ་སོན་ཁྲོན་ལན་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་དུ་བསྐོ་རྒྱུ་ཡིན་པའི་གླེང་སློང་བྱུང་ཡོད་ཀྱང་། དེའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་གང་ཡང་སྤེལ་མེད་ཀྱང་། ཚེས་ ༣༡ ཉིན་རྒྱ་ནག་གི་ཀོང་ཏོན་ཀྲི་ཁྲོང་(Guangdon Zhichuang)ཞེས་པའི་དྲ་ཚིགས་སྟེང་། སོན་ཁྲོན་ལན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་དུ་བསྐོ་བཞག་བྱུང་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོད།
ཞིན་ཅི་ཡོན་ (Xin jiyuan)དྲ་ཚིགས་སྟེང་གི་དཔྱད་ཞིབ་པ་ཚོས། ལིན་ཅི་ཧྭ་གོ་གནས་ནས་ལྷུང་པའི་འབྱུང་རྩ་གཅིག་ནི་ཁོ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་བྱེད་སྐབས། ཞི་ཅིན་ཕིན་རྒྱལ་ཁབ་གཞན་ལ་འཚམས་འདྲིར་སྐྱོད་སྐབས། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས་ཞི་བའི་ངོ་རྒོལ་བྱས་སྐབས། ལིན་ཅི་ཧྭ་ཡིས་གོ་སྐབས་དེ་དང་བསྟུན་ཏེ་ ༦༡༠ གཞུང་སྒྲུབ་ཁང་ (ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་སྟངས་འཛིན་བྱེད་པའི་ལས་ཁུངས།)དང་ཕྱི་རྒྱལ་རྒྱ་ནག་གཞུང་ཚབ་ཁང་དང་མཉམ་འབྲེལ་ཐོག་ཕྱིའི་གསང་མྱུལ་པ་བེད་སྤྱོད་བཏང་སྟེ་ངོ་རྒོད་པ་ཚོའི་ཐོག་དྲག་སྤྱོད་སྤེལ་ཡོད་པ་དང་། གནས་ཚུལ་དེ་འཛམ་གླིང་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཏེ་ཞི་ཅིན་ཕིན་ལ་གནོད་སྐྱོན་ཐེབས་ཡོད་འདུག
གནས་ཚུལ་དེའི་ནང་ལིན་ཅི་ཧྭ་ཡི་གྱོད་དོན་ཞིབ་བཤེར་གྱི་གོ་རིམ་ལ་དབྱེ་ཞིབ་བྱས་ཡོད་པའི་ནང་། ༢༠༡༢ ལོ་ཟླ་ ༡༢ པའི་ནང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལིན་ཅི་ཧྭ་ལ་གྲོས་མོལ་ཐེངས་དང་པོ་བྱས་སྐབས། ལིན་ཅི་ཧྭ་ལོ་རྗེས་མའི་སྲིད་གྲོས་མགོ་གཙོ་གཞོན་པའི་འགན་འཁུར་འཆར་ཡོད་པ་རང་འགུལ་གྱིས་ངོས་ལེན་བྱེད་རྒྱུར་རེ་བ་བྱས་ཡོད་ཀྱང་ཁོས་ཁས་ལེན་བྱས་མེད་ཅིང་། ༢༠༡༣ ལོའི་ཟླ་ ༣ པའི་ནང་འོས་གྲངས་ཉུང་ཤོས་ཡིན་བཞིན་དུ་ལིན་ཅི་ཧྭ་སྲིད་གྲོས་མགོ་གཙོ་གཞོན་པའི་གོ་གནས་ཐོབ་ཡོད་འདུག
༢༠༡༣ ལོ་ཟླ་ ༤ བའི་ཟླ་མགོར་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལིན་ཅི་ཧྭ་ལ་གྲོས་མོལ་ཐེངས་གཉིས་པ་བྱས་སྐབས་ལིན་ཅི་ཧྭ་སྲིད་གྲོས་ལྷན་ཁང་དང་དབུས་ཆབ་སྲིད་ལྷན་ཁང་གཉིས་ནས་ཕྱིར་འཐོན་རྒྱུ་བྱས་ཡོད་འདུག
༢༠༡༣ ལོའི་ཟླ་ ༨ པའི་ནང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལིན་ཅི་ཧྭ་དང་གྲོས་མོལ་ཐེངས་གསུམ་པ་བྱས་སྐབས་ལིན་ཅི་ཧྭ་ཡིས་དབང་ཆ་སྒེར་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཏང་གི་རྩ་དོན་སོགས་ལ་འགལ་ཡོད་པའི་གནད་དོན་ཁ་ཤས་གླེང་སྟེ་ཉེན་བརྡ་བཏང་ཡོད་འདུག
༢༠༡༣ ལོའི་ཟླ་ ༩ པའི་ཟླ་མགོར་ལིན་ཅི་ཧྭ་ལ་དངོས་སུ་ཞིབ་བཤེར་ཐེངས་གསུམ་བྱས་ཡོད་པ་དང་། ཟླ་དེའི་ཟླ་མཇུག་ལ་སྲིད་གྲོས་ཏང་གི་མགོ་གཙོའི་ཚོགས་ཆེན་སྐབས་ལིན་ཅི་ཧྭ་ཡིས་ཁོའི་ཉེས་པ་ངོས་ལེན་བྱས་ཡོད་སྐོར་སོགས་འཁོད་འདུག
ཡང་གནས་ཚུལ་དེའི་ནང་ལིན་ཅི་ཧྭ་ཡི་གོ་གནས་འཕར་སྟངས་ཐད། ཧུའུ་ཅིན་ཐོ་རྒྱ་ནག་སྲིད་འཛིན་ཆགས་རྗེས། ༢༠༠༣ ལོར་ལིན་ཅི་ཧྭ་རྒྱ་ནག་གཞུང་སྒྲུབ་རྒྱུན་ལས་ཨུ་ཡོན་མགོ་གཙོ་གཞོན་པའི་གོ་གནས་ལ་བཞུགས་ཡོད་པ་དང་། ༢༠༠༧ ལོའི་ཟླ་ ༩ པའི་ནང་ལིན་ཅི་ཧྭ་ཡིས་དབུས་གཞུང་སྒྲུབ་མགོ་གཙོ་བའོ་ཀོང་ (Wang Gang)ཡི་ལས་ཚབ་ཀྱི་འགན་འཁུར་ཡོད་འདུག
ལོ་དེའི་ཟླ་ ༡༠ པའི་ནང་།ཏང་གི་ཚོགས་ཆེན་ ༡༧ པའི་དབུས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཐེངས་དང་པོ་བསྐངས་པའི་མགོ་གཙོའི་མིང་ཐོའི་ཁྲོད། ལིན་ཅི་ཧྭ་ནི་རྒྱ་ནག་དབུས་ཆབ་སྲིད་སྡེ་ཁག་གི་མི་སྣར་བདམས་ཡོད་པ་དང་། སྐབས་དེར་ལོ་ན་ ༥༡ སོན་པའི་ལིན་ཅི་ཧྭ་ནི་གུང་ཁྲན་ཏང་གི་མགོ་གཙོའི་ཁྲོད་ཀྱི་ལོ་ན་གཞོན་ཤོས་དེ་ཆགས་ཡོད་འདུག
ཨ་རིའི་ཨིན་ཌི་ཡ་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་ཁེ་ཡོ་ཆིན་གྱིས་བསྐྱར་ཞིབ་བྱས་པ་ལྟར་ན། གསར་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་ཐོན་པ་འདི་དག་གིས་ལིན་ཅི་ཧྭ་ཡི་མཇུག་འབྲས་ར་སྤྲོད་གསལ་བོ་བྱེད་ཐུབ་ཅིང་། རྒྱ་གཞུང་གིས་ཀྲུའུ་ཡོན་ཁང་དང་ལིན་ཅི་ཧྭ། པའོ་ཞི་ལེ། ཞི་ཚད་ཧོ་བཅས་ནི་གུང་ཁྲན་ཏང་ནང་ཁུལ་ནས་ཕན་ཚུན་རྒྱབ་ལངས་དང་རུལ་ཏང་ཚོགས་ཁག་ཅེས་གཏན་ཁེལ་བྱས་ཡོད་པ་མ་ཟད། དབུས་ཆབ་སྲིད་སྡེ་ཚན་གྱིས་ཆེད་དུ་ཚོགས་འདུ་བསྐོངས་ཏེ་སྐྱོན་བརྗོད་བྱས་ཤིང་། གཞུང་འབྲེལ་གསར་ལམ་ཁག་ཏུའང་མནའ་མཐུན་(同盟)དང་རུལ་ཏང་ (朋党)ཞེས་པའི་མིང་ཚིག་ནག་པོ་དག་བེད་སྤྱོད་བཏང་སྟེ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་གསང་སྙན་དྲ་ཚིགས་ཀྱི་གསར་འགོད་པ་ཚོས། ལིན་ཅི་ཧྭ་ཡི་མཇུག་འབྲས་ནི་པའོ་ཞི་ལེ་ཡི་མཇུག་འབྲས་དང་བསྡུར་ན་ཚབས་ཆེན་ཡིན་ཚུལ་གླེང་བཞིན་ཡོད་འདུག
ཕྱི་ཚེས་ ༦ ཉིན་ཀྲུང་གོ་ཚན་རིག་གླིང་ཧྲང་ཧེ་ཡན་ལག་སློབ་གླིང་གིས་མགོ་ཁྲིད་བརྗེ་སྤོར་ཁྱབ་བསྒྲགས་ཚོགས་འདུ་ཞིག་ཚོགས་ཏེ། ཅཱང་ཙེ་མིན་གྱི་བུ་ཆེ་བ་སྟེ་ཀྲུང་གོ་ཚན་རིག་གླིང་ཧྲང་ཧེ་ཡན་ལག་སློབ་གླིང་གི་མགོ་གཙོ་ཅཱང་མཱེན་ཧིན་ལས་གནས་ནས་བརྗེ་སྤོར་བྱས་འདུག དེ་བཞིན། ཕྱི་ཚེས་ ༣ ཉིན་ཅཱང་ཙེ་མིན་ཧེ་ནན་ཞིང་ཆེན་ཏུང་ཧྲན་དུ་སྐོར་བསྐྱོད་བྱས་པའི་གནས་ཚུལ་དང་འདྲ་པར་རྒྱ་ནང་གི་དྲ་རྒྱ་ཁག་ཏུ་སྤེལ་རྗེས། ཆུ་ཚོད་རེ་འགས་རྗེས་སུ་ཡོད་ཚད་ནག་བསུབ་བཏང་བ་དང་། ཕྱི་ཚེས་ ༤ ཉིན་ཧེ་ནན་ཞིང་ཆེན་གྱི་མགོ་གཙོ་ཅཱང་ཏེན་ཀྲི་ལས་གནས་ནས་སྤོར་བ་དང་། ཕྱི་ཚེས་ ༥ ཉིན་ཧྲང་ཧེ་ཕིན་པའོ་གསར་འགྱུར་དྲ་བས་རྒྱ་གཞུང་དམག་ཁུལ་གྱི་མགོ་གཙོ་གཞོན་པ་ཀའོ་པའོ་ཞུང་འབྲེལ་བ་ཟབ་པའི་པེ་ཅིན་དམག་ཁུལ་གྱི་ཟཱི་ལིན་ཡོན་གཞོན་པ་ལིག་ཀྲི་ཀང་ལས་སྤོར་བྱས་པ། དེ་བཞིན། ལོ་སྔོན་ལོ་མཇུག་ཉིན་མཐའ་མར་ཅཱང་གི་ཁྱིམ་ཚང་ལྟ་བུར་གྱུར་བའི་ཧྲང་ཧེ་རུ་དོན་རྐྱེན་བྱུང་བ་མ་ཟད། རྒྱ་གཞུང་དྲ་རྒྱ་ཁག་གིས་གནས་ཚུལ་དེའི་ཁ་རྡུང་ནག་འདེད་བྱས་པ་སོགས། སྔ་ཕྱི་གནས་ཚུལ་འདི་དག་གིས་ཅཱང་རྒན་ད་ལྟ་འགྱེད་ལ་ཉེ་བའི་རྣམ་པ་མངོན་ཡོང་གི་འདུག
དོན་གྲུབ་བཀྲ་ཤིས་མཆོག་གི་མཆན་འདི་ལ་ད་དུང་ཁ་སྣོན་ཏོག་ཙམ་འདུག
འཐབ་ཕྱོགས་གཅིག་གྱུར་ཚང་གི་བཀོལ་སྒྲིག་འོག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མའོ་ཙེ་ཏུང་གི་སྐུ་པར་མཐོང་གྲོལ་ཆེན་མོའི་དྲུང་དུ། ༧པཎ་ཆེན་ཆོས་ཀྱི་རྒྱལ་པོ་རྒྱལ་མཚན་ནོར་བུ་མཆོག་དབུ་བཞུགས་ཐོག ཞི་ཅིན་ཕིང་དང་། ལི་ཁའེ་ཆང་། ཀྲང་ཏེ་ཅང་། ཝང་ཆི་ཧྲན་སོགས་དབུས་རྒྱུན་རྣམ་པ་གཙོ་བོར་བྱས་ཏེ་སེར་སྐྱ་མང་ཚོགས་དང་སློབ་གྲྭ་ཁག་གི་སློབ་ཕྲུག མི་རིགས་དང་ཆོས་ལུགས་ཁག་གི་སྐུ་ཚབ་བཅས་ལྷན་བཞུགས་ཐོག
ལིན་ཅི་ཧ་ཚང་གི་ཚེ་འདས་རྣམས་ཀྱི་བྱས་བསགས་སྡིག་སྟུང་བྱང་ཞིང་དག་སྟེ། རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་བདེ་བླག་ཏུ་འཐོབ་པ་དང་། ཚེ་ལྡན་རྣམས་རྡུང་རྡེག་མནར་གཅོད་འོག་ནས་མྱུར་དུ་ཀློད་ཀྲོལ་རང་དབང་ཐོབ་སྟེ་མི་འདོད་ཉེར་འཚེ་ཞི་ནས་རྣམ་དཀར་ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་པའི་བསྔོ་སྨོན་རྒྱ་ཆེན་པོ་ཞིག་གནང་རྒྱུ་ཡིན།
འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་སྤྱི་ལོ་ ༢༠༡༥ ཟླ་བ་ ༡ ཚེས་ ༧ ཉིན།
ཡིད་སྐྱོའི་གནས་ཚུལ།
ལིན་ཅི་ཧྭ་བཟའ་ཚང་གཉིས་ཀ་འཛིན་བཟུང་བྱས། བཟའ་ཚང་གཉིས་ཀྱི་དགའ་རོགས་གསར་འགོད་པ་ཕོ་གསར་མོ་གསར་དེ་གཉིས་ཀྱང་གར་སོང་ཆ་མེད་ཆགས། ཁོང་རྒན་རྒོན་གཉིས་ཀྱི་གཅེས་ཕྲུག་གཅིག་པུ་རླངས་འཁོར་གྱིས་བསད། གཅེས་ཕྲུག་གི་དགའ་རོགས་མཛེས་མ་གཅིག་བསད་ཅིང་གཞན་དེར་རྨས་སྐྱོན་ཕོག
ལྷ་མོ་རྩིས་གསུམ་གྱི་ལུང་བསྟན་ལྟར་ན། རྒྱ་སྤྱི་མཐུན་གྱི་བསོད་ནམས་ཟད་ཅིང་། ཚོགས་བསགས་ཀྱི་ས་བོན་ཕོངས་པ། ལས་ཀྱི་རྣམ་པར་སྨིན་པ་དུས་སུ་བབས་ཏེ། ཀྲུང་གོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་པེ་ཅིན་གྲོང་ཁྱེར་གྱི་རྒྱལ་སྲས་ལིན་ཅི་ཧྭ་ཚང་གི་གཞིས་ཀ་མི་ཤི་ཁྱིམ་སྟོང་ཆགས་པ་རེད་ཟེར།
ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༨ ཉིན་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་རེད། མི་ཚང་གཅིག་གི་ཆགས་འཇིག་འདིའི་ཆེད་དུ་མང་ཚོགས་གང་མང་ཕེབས་རོགས།