དེ་རིང་རྒྱ་གར་དམངས་གཙོའི་ཉིན་མོ་དང་བསྟུན་ཏེ་བོད་གཞུང་དམངས་གཉིས་ནས་ཀྱང་དུས་ཆེན་སྲུང་གཙིའི་ཆ་ཤས་བླངས་ཡོད་པ་དང་། གཞོན་ལྷན་གྱིས་རྒྱ་གར་སྲིད་བློན་གྱི་ཁོར་ཡུག་གཙང་བཟོས་ལས་འགུལ་ལ་རྒྱབ་སྐྱོར་དང་ཉམས་ཞུགས་ཆེད་ཁོར་ཡུག་སྐོར་མང་ཚོགས་ལ་གོ་རྟོགས་ལས་འགུལ་ཞིག་སྤེལ་སོང་།
དེ་རིང་རྒྱ་གར་གྱི་དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་དང་བསྟུན་ཏེ། བཞུགས་སྒར་དྷ་རམ་ས་ལར་ཡང་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་མི་མང་བཅས་ནས་དུས་དྲན་གྱི་ཆ་ཤས་བླངས་ཡོད། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་གངས་སྐྱིད་བཀའ་ཤག་མདུན་དུ། སྲིད་སྐྱོང་མཆོག་དང་ལྷན་ཁང་ཁག་གི་བཀའ་བློན་དང་དྲུང་ཆེ་རྣམ་པ་ལྷན་བཞུགས་ཐོག་རྒྱ་གར་དམངས་གཙོའི་དུས་ཆེན་སྲུང་གཙི་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་རྗེས་གསར་འགོད་པར། རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་ཏེ་ལོ་ངོ་རེ་དྲུག་འཁོར་བའི་དུས་དྲན་ཉིན་བཀའ་ཤག་སྐབས་བཅུ་བཞི་པས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ལ། དེ་རིང་གི་དུས་ཆེན་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཐེངས་དང་པོ་སྐུ་མགྲོན་ཕེབས་པ་དེར་འཚམས་འདྲི་དང་དགའ་བསུ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་མེག་གྷན་ཉིན་སློབ་ཐང་ཆེན་དུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་ནང་༼རྒྱ་གར་གཙང་བཟོའི་ལས་འགུལ།༽ཞེས་པ་ཞིག་སྤེལ་ཡོད་ཅིང་། དེར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གི་ངོ་ཚབ་དྲུང་ལས་ཉི་མ་རྒྱལ་མཚན་ལགས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དྷ་ས་ཁུལ་གྱི་མི་མང་བཅས་མཉམ་ཞུགས་གནང་སོང་།
ལས་འགུལ་དབུ་འཛུགས་ཐོག་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བརྗོད་དོན། དེ་རིང་གི་ལས་འགུལ་འདི་སྔ་ལོར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས་མགོ་འཛུགས་གནང་རྗེས་ད་བར་རྒྱ་གར་རྒྱལ་ཡོངས་སུ་མི་མང་ས་ཡ་ ༣ ལྷག་མཉམ་ཞུགས་གནང་ཡོད། ང་ཚོ་བོད་པར་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་ཀྱང་འདིར་གནས་ཡོད་སྟབས། ང་ཚོས་དུས་རྒྱུན་ཁ་ནས་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་ཟེར་ནས་སྡོད་པ་ལས་རྒྱ་གར་སྲིད་བློན་གྱི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱས་ན་ལག་ལེན་དངོས་ཀྱི་བཀའ་དྲིན་རྗེས་དྲན་དེ་ཆགས་ཡོད་པ་མ་ཟད། དེ་དང་མཉམ་དུ་ང་ཚོའི་མང་ཚོགས་ལ་ཁོར་ཡུག་གོ་རྟོགས་སྤེལ་བ་དང་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་པ་ཞིག་རེད། ཅེས་བརྗོད་སོང་།
འཕྲོད་བསྟེན་དྲུང་ལས་ཉི་མ་རྒྱལ་མཚན་ལགས་ཀྱིས། གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་རྒྱ་གར་གཙང་བཟོའི་ལས་འགུལ་འདིའི་དམིགས་ཡུལ་གཉིས་རེད། དང་པོ་རྒྱ་གར་སྲིད་བློན་མཆོག་གིས་གསར་གཏོད་གནང་བའི་ལས་འགུལ་དེར་རྒྱབ་སྐྱོར་དང་། གཉིས་པ་ལས་འགུལ་འདིའི་ནང་བོད་མི་ཚོ་དངོས་སུ་མཉམ་ཞུགས་དང་འགན་འཁུར་ལེན་དགོས་པ་དེ་རེད། ཁོར་ཡུག་གཙང་བཟོའི་ལས་གཞི་འདི་འཕྲོད་བསྟེན་དང་འབྲེལ་བ་ཆེན་པོ་ཡོད། ང་ཚོས་སོ་སོའི་ཉེ་འཁོར་དུ་གད་སྙིགས་གཡུགས་པ་དང་ཁོར་ཡུག་འབགས་བཙོག་བཟོས་ན་མི་ལ་ན་ཚ་མང་པོ་ཡོང་གི་ཡོད། ང་ཚོས་ཆུང་ས་ནས་བྱི་རིལ་ཟོས་པའི་པགས་པ་སོགས་ཀྱང་གང་བྱུང་དུ་མི་གཡུག་པར་གད་སྙིགས་བླུག་སྣོད་ནང་གཡུག་རྒྱུ་དང་། གལ་སྲིད་གད་སྙུགས་བླུག་སྣོད་ཉེ་འཁོར་དུ་མེད་ན་སོ་སོའི་ཨམ་ཕྲག་ནང་ཉར་དགོས། འདི་ང་ཚོ་མི་རབས་རྒན་པ་ཙམ་མ་ཟད་སློབ་གྲྭའི་སྐབས་ནས་གོམས་གཤིས་འཇགས་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ཀྱང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་ཕྲུ་གུ་ཚོ་དང་འདྲ་བར་ཁོར་ཡུག་གཙང་ཉར་ལ་དོ་སྣང་ཡོད་པ་ཞིག་ཆགས་ཀྱི་རེད། མི་སོ་སོའི་ཉེ་འཁོར་སོ་སོས་གཙང་མ་ཉར་ཐུབ་ན་རང་བཞིན་གྱིས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཁོར་ཡུག་ཀྱང་གཙང་མ་ཡོང་གི་ཡོད། ཅེས་བརྗོད་སོང་།
ཁོས་མུ་མཐུད་དུ་བརྗོད་དོན། དྷ་རམ་ས་ལ་འདི་ཞེ་དྲག་གལ་ཆེན་པོ་ཆགས་ཡོད། གཅིག་ནས་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་སྒར་དང་། གཉིས་ནས་འཛམ་གླིང་གི་གནད་ཡོད་མི་སྣ་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཕེབས་ཡུལ་ཆགས་ཡོད། ༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་སྐབས་འགྲོ་བ་མིའི་བཟང་སྤྱོད་དང་ཁོར་ཡུག་གཙང་ཉར་ཐོག་བཀའ་སློབ་གནང་གི་ཡོད་སྟབས།ང་ཚོས་༧གོང་ས་མཆོག་གི་བཞུགས་སྒར་འདི་གཙང་མ་ཉར་མ་ཐུབ་ཚེ། འདིར་ཡོང་མཁན་ཕྱི་རྒྱལ་བ་ཚོས་ང་ཚོར་ལྟ་སྟངས་ཁྱད་མཚར་ཡོང་གི་རེད།དེ་ཙམ་དུ་མ་ཟད་སོ་སོའི་འཕྲོད་སྟེན་ལའང་གལ་འགངས་ཆགས་ཡོད་སྟབས།དབུས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་འདི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མང་ཚོགས་ཀྱིས་ཀྱང་དེ་རིང་གཅིག་པུ་མིན་པར་ནམ་ཞག་རྒྱུན་དུ་ཁོར་ཡུག་གཙང་ཉར་ཐོག་ཐུགས་སྣང་གནང་སྟེ། མ་འོངས་པའི་མི་རབས་ཚོར་ཁོར་ཡུག་གཙང་མ་ཞིག་བརྒྱུད་སྤྲོད་བྱེད་ཐུབ་པ་གནང་དགོས། ཞེས་སོགས་བརྗོད་སོང་།
མཇུག་ཏུ་གསར་འགོད་པས་ཉི་མ་གཡུ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོ་མོས། ང་ཚོས་དུས་རྒྱུན་ཁོར་ཡུག་གཙང་མ་ཉར་རྒྱུ་གལ་ཆེན་པོ་ཡིན། གཞུང་ལམ་གཡས་གཡོན་དུ་གད་སྙིགས་མེད་པར་གཙང་མ་ཡིན་ན་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་པ་མ་ཟད། ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་ཚོའི་མིག་ལའང་མཛེས་པོ་ཡོང་གི་རེད།ཅེས་བརྗོད་བྱུང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བསྟན་པ་རྒྱལ་མཚན་ལགས་ཀྱིས།ང་རང་ཁོར་ཡུག་ལ་དགའ་པོ་ཡོད་ལ་ཁོར་ཡུག་ཐོག་ཉམས་ཞིབ་བྱེད་མཁན་ཞིག་ཀྱང་ཡིན་སྟབས། གཅིག་ནས་རང་འགན་རང་འཁུར་དང་། གཉིས་ནས་མི་མང་པོ་ཞིག་ལ་དྲན་གསོ་ཐེབས་ཆེད་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་པ་ཡིན། ཞེས་བརྗོད་བྱུང་།
གསར་འགོད་པ། དོན་འགྲུབ།
རྒྱ་གར་མང་གཙོ། ཟླ་བ་དང་པོའི་ཚེས་ཉེར་དྲུག
བོད་ཀྱི་མང་གཙོ། ཟླ་བ་དགུ་པའི་ཚེས་གཉིས།
བལ་ཡུལ་མང་གཙོ། ད་ལྟ་གཏན་འབེབས་ཐུབ་མེད།
རྒྱ་ནག་མང་གཙོ། ག་དུས་འོངས་སམ།
རྒྱ་གར་རང་བཙན་དུས་དྲན་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་དང་། མདང་དེ་རིང་ཟླ་བ་དང་པོའི་ཚེས་ཉེར་དྲུག་དེ་ནི། ནང་པའི་དབུ་འཁྲིད་ཆེན་མོ་ཌོར་ཊོར་ཨ་འབད་ཀར་གྱིས་བྲིས་པའི་ཡིག་ཆའི་ཐོག་དམངས་གཙོའི་རྩ་ཁྲིམས་གཏན་འབེབས་ཐུབ་པའི་དུས་དྲན་རེད་ལགས། ཧོར་པ་ཁ་ཆེ་ལགས།
རྒྱ་གར་དམངས་གཙོའི་དུས་དྲན་ཞེས་པ་འདི་རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པའི་ཉིན་མོ་རེད་དམ། དེ་མིན་ཚེ་རྒྱ་གར་དམངས་གཙོའི་ཉིན་མོ་ཟེར་བ་འདིའི་རྒྱུ་མཚན་གནས་ལུགས་བཤད་ཐུབ་མཁན་ཡོད་ན་གསལ་བཤད་ཅིག་ཡོང་བའི་རེ་བ་ཡོད།
་་་་་་་་་་་་ མང་ཚོགས་ཀྱིས་ཀྱང་དེ་རིང་གཅིག་པུ་མིན་པར་ནམ་ཞག་རྒྱུན་ཁོར་ཡུག་གཙང་ཉར་ཐོག་ཐུགས་སྣང་གནང་སྟེ། མ་འོངས་པའི་མི་རབས་ཚོར་ཁོར་ཡུག་གཙང་མ་ཞིག་བརྒྱུད་སྤྲོད་བྱེད་ཐུབ་པ་གནང་དགོས། ་་་་་་་་་་་་་་
རྒྱ་གར་གྱི་ཕྱིའི་ཁོར་ཡུག་ད་གཙང་མ་བཟོ་རྒྱུ་ཅིག་དཀའ་གོ་་་་་་