ཡུ་ཅེ་ཡིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།
སྤྱི་ལོ་ ༡༩༨༩ ཟླ་ ༦ པར་ཏྰ་ལའི་བླ་མ་མཆོག་སི་ཊས་སི་བྷག་ཏུ་འཚོགས་པའི་ཡུ་རོབ་གྲོས་ཚོགས་སུ་ཕེབས་པར་གདན་འདྲེན་ཞུས་པ་དང་། སྐབས་དེར་ཁོང་གིས་བོད་དོན་ཐག་གཅོད་པར་དབུ་མའི་ལམ་གྱི་གྲོས་འཆར་དངོས་སུ་བཏོན། གྲོས་འཆར་དེའི་ནང་དུ་མ་འོངས་པའི་བོད་ནི་༼རང་སྲིད་རང་འཛིན་གྱི་དམངས་གཙོའི་ཆབ་སྲིད་ཀྱི་གོང་བུ་ཞིག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ།༽ དེའི་དབང་ཆའི་སྒྲོམ་གཞི་ནི་༼མང་མོས་བདམས་ཐོན་བྱུང་བའི་སྤྱི་ཁྱབ་བློན་ཆེན་དང༌། གྲོས་ཚོགས་རིམ་པ་གོང་འོག་གཉིས། རང་ཚུགས་ཐུབ་པའི་ཁྲིམས་འཛིན་ཚན་ཁག༽བཅས་ཀྱིས་གྲུབ། ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་བཙན་བྱོལ་བོད་མི་མང་ཆེ་བ་དང་། དམངས་གཙོ་དང་རང་དབང་གི་རིན་ཐང་ངོས་ལེན་པའི་རྒྱ་ནག་པ་ཁ་ཅིག བོད་དོན་ལ་དོ་སྣང་ཅན་གྱི་ནུབ་ཕྱོགས་མི་སྣ་བཅས་ཀྱིས་དབུ་མའི་ལམ་ངོས་ལེན་བྱས་ཀྱང་། རྒྱ་ནག་དམར་ཤོག་གཞུང་དང་མི་རིགས་རིང་ལུགས་ཀྱི་བསམ་འཁྱེར་ཤུགས་དྲག་པའི་རྒྱ་ནག་པ་ཚོས་མཐའ་གཅིག་ཏུ་དགག་བྱ་བྱས།
གནས་སྟངས་དེ་འདྲར་འཕྲད་ན། ཏྰ་ལའི་བླ་མས་ཁོང་གི་དོ་ཟླ་བྲལ་བའི་རྒྱལ་སྤྱིའི་ཤུགས་རྐྱེན་མུ་མཐུད་ནས་སྕོལ་བ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་རང་ཉིད་དམངས་གཙོར་འགྱུར་བའི་བྱ་བཞག་རྒྱུན་འཁྱོངས་དང་། རྒྱ་ནག་གི་དམངས་གཙོར་ཕྱོགས་པའི་ཤེས་ཡོན་ཅན་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་ལ་མུ་མཐུད་ནས་དོ་སྣང་བྱེད་པ་བཅས་ཀྱི་ཕན་ཆད་ནས། ད་རུང་སྒྲུབ་ཆོག་པའི་ལས་དོན་གཞན་གང་དག་ཡོད་དམ། ལྟ་བས་འཇིག་རྟེན་སྒྱུར་ཐུབ་པ་དང་། དབུ་མའི་ལམ་ནི་ལྟ་བ་ཁྱད་དུ་འཕགས་པ་ཞིག་ཡིན་པར་གདོན་མི་ཟ། འོན་ཀྱང་ཐོག་མར་ལྟ་བ་ནི་ཁྱབ་བརྡལ་དུ་འགྲོ་དགོས་པ་མ་ཟད། དེ་ལས་ཀྱང་རྒྱ་ཆེ་བའི་ལམ་ལུགས་དང་རིག་གནས་ཀྱི་ངོས་ཐད་ནས་རྒྱབ་སྐྱོར་རག་དགོས། འདིའི་ཕྱོགས་ནས་རྒྱ་ནག་གི་དམངས་གཙོར་ཕྱོགས་པའི་ཤེས་ཡོན་ཅན་ཚོ་ལོགས་སུ་བསྡད་དེ་ལྟད་མོ་བལྟ་མི་རུང་བ་དང་། གང་འཇོན་བསྒྲུབ་རྒྱུ་ཡོད།
དབུ་མའི་ལམ་ལ་ཞིབ་འགྲེལ་གྱི་བར་སྟོང་ཁོད་ཡངས་པོ་ཡོད་ངེས།
ཏྰ་ལའི་བླ་མས་དབུ་མའི་ལམ་ལ་ཐིག་རིས་སྦོམ་པོས་མདུན་ལྗོངས་ཤིག་བྲིས་ཡོད་པ་དང་། དེས་བོད་ཀྱི་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་མི་ཕན་པའི་འདམ་ཁ་གཉིས་ཕུད་འདུག་སྟེ། དང་པོ་ནི་ད་ལྟར་རྒྱ་ནག་དམར་ཤོག་སྲིད་དབང་གིས་བོད་ལ་ལག་ལེན་བྱེད་བཞིན་པའི་དབང་ཆ་གཅིག་སྡུད་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར་དེ་ཡིན་པ་དང་། དབང་སྒྱུ་བྱ་སྟངས་དེ་ནི་ཡུན་རིང་པོར་རྒྱུན་འཁྱོངས་མི་ཐུབ། གཉིས་པ་ནི་བོད་མི་ངར་ཤུགས་ཅན་ཚོས་དྲག་པོའི་ཐབས་ཀྱིས་བོད་རང་བཙན་གཙང་མ་བརྩད་ནས་རྒྱ་ནག་དང་འབྲེལ་བ་གཏན་གཅོད་བྱ་རྒྱུའི་ཐབས་ཇུས་དེ་ཡིན་པ་དང་། བསམ་སྤྱོད་འདི་འདྲ་ནི་འགྲུབ་མི་བཏུབ་པ་མ་ཟད། བོད་ཀྱི་རིག་གནས་ནང་གི་འཚེ་མེད་ཀྱི་ལྟ་བ་དང་ཡང་མི་མཐུན། འོ་ན། དབུ་མའི་ལམ་ནི་ཡང་སྙིང་ཅི་ཞིག་༼ཡིན་༽ནམ། ཏྰ་ལའི་བླ་མ་མཆོག་དང་བཙན་བྱོད་བོད་གཞུང་གིས་དེ་ལས་ཀྱང་ཞིབ་ཚགས་པའི་མཚན་ཉིད་ཅིག་བཞག་མི་འདུག ངས་བལྟས་ན། དེ་ནི་སྲ་ཆགས་པའམ། རེངས་པོར་གྱུར་བའམ། ངོ་བོ་གྲུབ་ཟིན་པའི་ཐ་སྙད་ཅིག་མ་ཡིན་པར། ཞིབ་འགྲེལ་གྱི་བར་སྟོང་ཁོད་ཡངས་པའི་ལྟ་བ་གཡོ་འགུལ་ལྡན་པ་ཞིག་ཡིན་པར་སྙམ།
ཉིས་སྟོང་བཅུ་གསུམ་ལོར་ཐའེ་ཝན་གྱི་ཤེས་ཡོན་ཅན་ཁ་ཅིག་གིས་༼ཐའེ་ཝན་གྱི་དམངས་གཙོའི་སྡིངས་ཆ་སྲུང་བའི༽མིང་ཐོག་ནས་མཚོ་འགྲམ་གཉིས་ཀྱི་འབྲེལ་བར་དམིགས་ཏེ། མི་རང་དབང་ཅན་གྱི་བསྒྲགས་གཏམ་ཞེས་པའི་ཡིག་ཆ་ཞིག་བཀྲམས། བསྒྲགས་གཏམ་དེར་༼༼ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་མན་ཏེ་ལས་༼མི་རང་དབང་ཅན་ཡིན་ན། ད་གཟོད་ཆོད་གན་འཇོག་དགོས༽ཞེས་བཤད་མྱོང་། ང་ཚོས་བལྟས་ན། ཐའེ་ཝན་དང་རྒྱ་ནག་གཉིས་ཀྱིས་ཁྲིམས་ལྡན་རིང་ལུགས་དང་དམངས་ཀྱི་བདག་དབང་ཡོད་ཚད་དངོས་སུ་ལག་ལེན་འཁྱོལ་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་གཙང་མ་ཐོབ་པ་དང་། མཚོ་འགྲམ་གཉིས་ཀྱི་མི་དམངས་ཚང་མ་དོན་དམ་པའི་མི་རང་དབང་ཅན་དུ་གྱུར་བའི་དུས་སྐབས་བྱུང་ན། ད་གཟོད་སོ་སོའི་མི་དམངས་ཀྱིས་རང་ཐག་གཅོད་པའི་ཆ་རྐྱེན་གཞིར་བཞག་སྟེ། རྒྱལ་ཕྲན་མཉམ་འབྲེལ་ལམ། རྒྱལ་ཁག་མཉམ་འབྲེལ་ལམ། རང་བཙན་རྒྱལ་ཁབ་མནའ་འབྲེལ་ལམ། ཤར་ཨེ་ཤ་ཡ་མངའ་ཁུལ་མནའ་འབྲེལ་ལམ། ཡང་ན་ཁྲིམས་ལྡན་རིང་ལུགས་ཀྱི་རྨང་གཞི་ཡོད་པའི་རྣམ་པ་གསར་བ་གཞན་ལ་སོགས་པ་གང་འདྲ་ཞིག་ཏུ་འཕེལ་རྒྱས་འགྲོ་དགོས་མིན་ལ་བསམ་གཞིགས་བྱ་སྲིད་པ་ཡིན།༽༽ ཅེས་བསྟན་འདུག ཐའེ་ཝན་གྱི་ཤེས་ཡོན་ཅན་ཚོ་ནི་མཚོ་འགྲམ་གཉིས་ཀྱི་གླེང་གཞི་ཐག་གཅོད་པ་ལ་མཐོང་རྒྱ་ལྡན་ཞིང་བློ་དཀྱེལ་ཆེ་བ། རིག་པ་མྱུར་བའི་ཉམས་འགྱུར་ལྡན་པ་སོགས་ཡིག་ཆ་འདི་ལས་མངོན་འདུག ཐའེ་ཝན་ལ་དུས་རབས་ཕྱེད་ལྷག་གི་ཡུན་དུ་དོན་ངོ་མའི་རང་བཙན་གྱི་སྲིད་གཞུང་དང་། དམག་དཔུང་དང་། རྒྱལ་ཁབ་ཉུང་ཤས་ཀྱིས་ཁས་བླངས་པའི་རང་བཙན་གྱི་གནས་བབ་ལྡན་པ་དང་། བོད་དང་བསྡུར་ན་ལྡིང་འཁོར་རྒྱག་སའི་བར་སྟོང་ཆེ་ཙམ་འདུག དེ་ལྟ་མོད་ཀྱང་བོད་ཀྱིས་ཐའེ་ཝན་གྱི་ཤེས་ཡོན་ཅན་ཚོའི་བློ་གྲོས་ལས་སྐུལ་ཤུགས་ཆེ་བའི་བསམ་བློའི་རྒྱུ་ཆ་ནི་བླངས་ཆོག ཡང་ཅིག་བཤད་ན། མ་འོངས་པའི་བོད་དང་རྒྱ་ནག་དབུས་གཞུང་གི་འབྲེལ་བ་ནི་རྣམ་པ་གཅིག་ཁོ་ནར་གཏན་འཁེལ་མེད་པ་དང་འབྱུང་སྲིད་པའི་མཐའ་རྣམ་པ་མང་པོ་ཡོད།
དམར་ཤོག་ཚོགས་པ་མེད་ན། ད་གཟོད་དབུ་མའི་ལམ་དོན་དམ་པའི་མངོན་འགྱུར་འབྱུང་།
ཉེ་བའི་ལོ་འགའི་རིང་ནས་ཏྰ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གི་དམངས་གཙོར་ཕྱོགས་པའི་ཤེས་ཡོན་ཅན་ཚོ་དང་། ད་ལྟར་ནར་སོན་བཞིན་པའི་རྒྱ་ནག་གི་འབངས་མིའི་སྤྱི་ཚོགས་གསོན་ཤུགས་ལྡན་ཞིང་བསམ་བློ་གུ་ཡངས་པ་དེ་ལ་འབྲེལ་འདྲིས་ཀྱི་ཤུགས་ཆེ་རུ་བཏང་འདུག འདི་ནི་ཧ་ཅང་དགའ་འོས་པའི་སྣང་ཚུལ་ཞིག་ཡིན། གཞན་ཡང་རྒྱ་ནག་དམར་ཤོག་སྲིད་དབང་ནི་གྲོས་མོལ་བྱ་ཡུལ་དུ་རེ་བ་འཆང་རིན་མེད་པ་དེ་དང་། རྒྱ་ནག་དམར་ཤོག་སྲིད་དབང་གིས་ནམ་ཡང་མེ་མདའི་སྟོབས་ཤུགས་ལ་རྨོངས་དད་བྱེད་པ་དེ་བོད་མི་སྔར་ལས་མང་བ་ཞིག་གིས་ངོས་ཟིན་འདུག རྒྱ་ནག་དམངས་གཙོར་འགྱུར་བ་འབྱུང་ལ་ཉེ་བའི་ཚུན་ཆད་ནས། ད་གཟོད་དབུ་མའི་ལམ་མངོན་དུ་འགྱུར་བ་ལ་སྲིད་མཐའ་མཆིས།
ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་ཚུན་ནས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་རྩུབ་པོ་དེར་བལྟས་ན་གསལ་ཐང་ཐང་དུ་མཐོང་ཐུབ། འཛམ་གླིང་གི་དངུལ་རྩིས་ཚོང་ལས་ཀྱི་ལྟེ་བར་གྱུར་ཅིང་འཛམ་གླིང་ཡོངས་ཀྱི་མིག་གིས་ཅེར་རེ་བལྟས་ཡོད་པའི་ཧོང་ཀོང་ལའང་ལྷོད་ཡངས་སྤུ་ཙམ་གཏོང་འདོད་མེད་ན། རྒྱ་ནག་དམར་ཤོག་གིས་བོད་ལ་གུ་ཡངས་ཤིག་ཇི་ལྟར་སྟེར་སྲིད་དམ། བོད་མི་རང་སྲེག་གི་སྐྱོ་གར་དེ་ལས་མང་བ་བྱུང་ཡང་། རྒྱ་ནག་དམར་ཤོག་གི་དབང་སྒྱུར་བ་ཚོའི་རྒྱུ་འབྲས་ཀྱི་བློ་མིག་ཤི་ཟིན་པ་དེ་སད་དུ་འཇུག་མི་ནུས། བོད་མིའི་མངོན་འདོད་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་མཐའ་གཅིག་ཏུ་སྣང་ཆུང་བྱེད་པ་ནི་རྒྱ་ནག་དམར་ཤོག་གིས་བོད་དབང་སྒྱུར་བྱ་སྟངས་ཀྱི་རིགས་ལམ་ཞིག་ཡིན། ཚེ་རིང་ཤྰཀྱ་ལགས་ཀྱིས་༼གངས་ལྗོངས་ཀྱི་གཡུ་འབྲུག ཆིག་སྟོང་དགུ་བརྒྱ་ཞེ་བདུན་རྗེས་ཀྱི་བོད།༽ཅེས་པའི་དཔེ་དེབ་ཏུ་བསྟན་པ་ལྟར། ༼རྒྱ་ནག་གིས་བོད་ལ་དབང་སྒྱུར་བའི་རྣམ་པ་དང་དབང་སྒྱུར་གྱི་གནས་སྐབས་སོ་སོར་དམ་ལྷོད་ཅི་འོས་སྟངས་འཛིན་བྱ་ཚད་གང་འདྲ་དགོས་པ་སོགས་ནི་བོད་ནང་གི་གནས་སྟངས་ཀྱི་དབང་ན་མེད་པར། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོགས་ཆུང་ལ་འཕྲད་པའི་ལྟ་གྲུབ་འདུ་ཤེས་དང་དབང་ཆའི་འཐབ་རྩོད་ཀྱི་གླེང་གཞི་ཧ་ཅང་རྙོག་འཛིང་ཅན་དེས་ཁ་ལོ་སྒྱུར་བ་ཡིན༽། དེང་སྐབས་རྒྱ་ནག་གི་དབང་སྒྱུར་རུ་ཚོགས་ཀྱི་ནང་འཁྲུག་ཛ་དྲག་པ་དང་། ཞི་ཅིན་ཕིན་གྱིས་སྔར་བཞིན་ཆེས་གཡོན་ལྷུང་དང་ཆེས་རྙིང་ཞེན་དང་ཆེས་གདུག་རྩུབ་ཀྱི་བྱེད་ཐབས་སྤྱད་དེ། ཧོང་ཀོང་དང་ཐའེ་ཝན་དང་ཞིན་ཅང་དང་བོད་སོགས་ཀྱི་གནད་དོན་རྣམས་༼རྒྱ་ནག་ནང་ཁུལ་གྱི་ལས་དོན༽་ཡིན་པར་བསྙད་ནས་ཐག་གཅོད་པ་ཡིན། དེའི་ཕྱིར་རྒྱ་ནག་དམར་ཤོག་སྲིད་དབང་གི༼སྡིག་སྤྱོད༽་ལ་ཚོད་དཔག་གང་ལེགས་ཐུབ་དགོས། གལ་སྲིད་རྒྱ་ནག་དམར་ཤོག་སྲིད་དབང་གི༼སྡིག་སྤྱོད༽་ལ་སྣང་ཆུང་བྱས་ཚེ། ཆིག་སྟོང་དགུ་བརྒྱ་གྱ་དགུའི་སློབ་མ་ཇི་བཞིན་དུ་ཡི་མུག་པའི་གྱོང་གུན་འཆོར་ངེས་ཡིན།
ངས་འདི་ནས་ཏྰ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་ལ་རེ་བ་ཆུང་ཆུང་ཞིག་འདོན་རྒྱུ་ཡིན། ངས་བསམ་ན་ཏྰ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་འཆང་བའི་རེ་ལྟོས་འགྲུབ་དཀའ་བ་དེ་ཀུན་གྱིས་ཐོས་ས་ནས་བརྗོད་མི་འོས། ཞི་ཅིན་ཕིན་སྲིད་དབང་ལ་དྲང་ཕྱོགས་ནས་གདེངས་འཇོག་བྱེད་པའི་༼བཟང་སེམས་༽་སྤྱད་དེ་བོད་ཐོག་འཛིན་པའི་སྲིད་ཇུས་ལ་༼ལྷོད་ཡངས༽་ཤིག་རག་འདོད་ན། དེ་ནི་དངོས་ནས་སྟག་ལ་སྟག་ལྤགས་སློང་བའི་བྱེད་སྟངས་ཤིག་ཡིན། དྲང་མོར་བཤད་ན། དེ་ལས་ཀྱང་ཕན་ནུས་ལྡན་པའི་ལངས་ཕྱོགས་སྟོན་སྟངས་ནི། སྒེར་གཅོད་དང་རུལ་སུངས་ཅན་གྱི་དམར་ཤོག་སྲིད་དབང་དང་རྒྱ་ནག་གཉིས་ཁ་ཁ་སོ་སོར་ཕྱེ་སྟེ། ལོ་རྒྱུས་སྟེང་དུ་བོད་དང་རྒྱ་ནག་བར་ལ་ཡུན་རིང་གནས་པའི་མཛའ་མཐུན་གྱི་འབྲེལ་བ་ནན་བརྗོད་བྱ་དགོས། དེ་ལས་ལྡོག་སྟེ། རྒྱ་ནག་དམར་ཤོག་སྒེར་བདག་ལམ་ལུགས་ལ་འཛེམ་ཟོན་གཏན་ནས་མ་བྱས་ན། རྒྱ་ནག་ནང་ལོགས་ཀྱི་མི་དམངས་ལ་གནོད་འཚེ་ཕོག་པ་མ་ཟད། བོད་མི་མང་གིས་སྔར་མ་གྲགས་པའི་སྡུག་བསྔལ་མྱོང་བའི་དོན་དངོས་ཀྱང་འབྱུང་། བརྗོད་སྟངས་གཞན་བྱས་ན། རྒྱ་ནག་དམར་ཤོག་སྲིད་དབང་ལ་སུན་འབྱིན་དང་དགག་བྱ་བྱས་ཚེ། བོད་མི་མང་གི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། རྒྱ་ནག་པ་ཡོད་ཚད་དང་ཐ་ན་འཛམ་གླིང་མི་མང་གི་རྩ་བའི་ཁེ་ཕན་དང་ཡང་མཐུན་པ་ཡིན།
དབུ་མའི་ལམ་གྱི་འགལ་རྐྱེན་དུ་གྱུར་བའི་ལམ་ལུགས་དང་རིག་གནས་ཀྱི་གཞི་རྩ་སྟེ། གཅིག་གྱུར་ཆེན་མོའི་ཆབ་སྲིད་སྲོལ་རྒྱུན་དང་མི་རིགས་ས་ཁུལ་རང་སྐྱོང་གི་ལམ་ལུགས།
དབུ་མའི་ལམ་མི་སེམས་ལ་ཟབ་པར་འཇུག་དགོས་ན། ལྷག་པར་དུ་རྒྱ་ནག་མི་མང་གི་ཁྲོད་དུ་སྦིར་སྒྲ་ཁྱབ་ཆེ་བ་ཞིག་གྲག་དགོས་ན། ཐོག་མར་དབུ་མའི་ལམ་གྱི་འགལ་རྐྱེན་དུ་གྱུར་བའི་ལམ་ལུགས་དང་རིག་གནས་ཀྱི་གྲུབ་ཆ་གཙང་སེལ་བྱ་དགོས་པ་དང་། དེ་གང་ལགས་ཤེ་ན། གཅིག་གྱུར་ཆེན་མོའི་ཆབ་སྲིད་སྲོལ་རྒྱུན་དང་མི་རིགས་ས་ཁུལ་རང་སྐྱོང་གི་ལམ་ལུགས་གཉིས་ཡིན།
ཐོག་མར་རྒྱ་ནག་གི་གཅིག་གྱུར་ཆེན་མོའི་ཆབ་སྲིད་སྲོལ་རྒྱུན་ལ་བསྐྱར་དུ་བསམ་གཞིགས་དང་གསེད་བཀྲོལ་བྱ་དགོས། ཐན་སི་ཐོང་གི་ངག་ཚིག་ལྟར་བརྗོད་ན། ལོ་ངོ་ཉིས་སྟོང་རིང་ལ་རྒྱ་ནག་གིས་མགོ་ནས་མཇུག་བར་དུ་ལག་ལེན་བྱས་པ་ནི་༼ཆིན་ལམ་ལུགས༽ཡིན། དབང་ཆ་འཕྲེད་དུ་བགོ་ཚུལ་གྱི་སྟེང་ནས། གོང་མ་གནམ་གྱི་བུའི་ཚུལ་དུ་བཞུགས་པ་དང་། ལྷ་དབང་དང་སྲིད་དབང་ཟུང་དུ་འབྲེལ་བ། སྲིད་འཛིན་དང་ཁྲིམས་བཟོ་དང་ཁྲིམས་འཛིན་བཅས་ནི་དབང་གསུམ་གཅིག་འདུས་སུ་གནས་པ་ཡིན། དབང་ཆ་གོང་འོག་ཏུ་བགོ་ཚུལ་གྱི་སྟེང་ནས། གོང་མའི་དབང་ཆས་ཁྱབ་པའི་མངའ་ཁུལ་ཕལ་ཆེ་བར་ཆིན་རྒྱལ་རབས་ཀྱི་ཁུལ་དང་རྫོང་གི་ལམ་ལུགས་ཉམས་སུ་ལེན་པ་དང་། དབུས་གཞུང་གིས་དབང་ཆ་ཕལ་མོ་ཆེ་སྒེར་སྡོམ་བྱེད་ཅིང་ས་གནས་ལ་རང་སྐྱོང་གི་དབང་ཆ་མི་མངའ། ཨ་རིའི་མཁས་པ་ལི་ཁོང་རུས་བརྩམས་པའི་༼རྒྱ་ནག་འཛིན་སྐྱོང་༽ཞེས་པའི་དཔེ་དེབ་ནང་གི་ཚིག་ཇི་བཞིན་དྲངས་ཏེ་དབང་སྒྱུར་བྱ་སྟངས་འདི་ཅི་ཡིན་བཤད་ན། ༼རྒྱ་ནག་གི་སྲོལ་རྒྱུན་ལམ་ལུགས་ཀྱིས་བླ་ན་མེད་པའི་ཁུང་ཙིའི་ལྟ་བ་དང་ཁྲིམས་སྨྲ་བའི་སྡེ་ཡི་བྱེད་ཐབས་ཡ་ང་བ་གཉིས་ཟུང་དུ་སྦྱོར་བ་ཡིན། ཀྲུང་ཧྭ་བཙན་རྒྱལ་གྱིས་ཀྱང་ཕུལ་དུ་བྱུང་བའི་ཚིག་རྒྱན་དང་བཙན་དབང་གི་ཁྱད་ཆོས་ལྡན་པའི་བྱེད་ཐབས་ངོ་གཉིས་མ་སྤྱད་དེ་ཕྱི་ལོགས་ཀྱི་འཇིགས་ཉེན་ལ་ཁ་གཏད་གཅོག་པ་ཡིན། འདུ་ཤེས་འཛིན་སྟངས་འདིས་ཚད་བཟུང་བའི་ཀུན་སྤྱོད་རིང་ལུགས་དང་བཙན་དབང་གི་བྱེད་ཐབས་གདུག་རྩུབ་ཅན་གཉིས་གཅིག་ཏུ་འདྲེས་པའི་ལམ་སྲོལ་འདི་ནི། དེ་ཉིད་བསྐྱེད་མཁན་གྱི་ཀྲུང་ཧྭ་བཙན་རྒྱལ་འཇིག་སོང་ནའང་ད་དུང་ཡུན་རིང་པོར་གནས་པ་ཡིན།༽དམར་ཤོག་ཚོགས་པས་རྒྱུད་འཛིན་བྱས་ཏེ་༼རང་གི་ཆེད་དུ་སྤྱོད་པའི༽་ཆབ་སྲིད་སྲོལ་རྒྱུན་དང་འདུ་ཤེས་འཛིན་སྟངས་ཀྱི་རིགས་འདི་དག་རྩ་གཏོར་བྱ་རྒྱུ་ནི་དབུ་མའི་ལམ་ཁྱབ་གདལ་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནང་གི་གཅིག་ཡིན།
དེའི་འཕྲོར་རྒྱ་ནག་དམར་ཤོག་གིས་སུའུ་ལེན་ནས་འདྲ་བཤུས་བྱས་པའི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ཟེར་བ་དེ་ལ་བསྐྱར་དུ་བསམ་གཞིགས་དང་གསེད་བཀྲོལ་བྱ་དགོས། སུའུ་ལེན་དམར་ཤོག་ཚོགས་པས་ཚྰ་གོང་མའི་ལག་ནས་དབང་ཆ་འཕྲོགས་པ་དང་། མཐའ་མཚམས་དེ་ལས་ཀྱང་རྒྱ་ཆེ་བའི་སུའུ་ལེན་རྒྱལ་ཁབ་བཙུགས་པའི་རྗེས་སུ། མི་རིགས་ལ་བལྟས་ཏེ་སྲིད་འཛིན་མངའ་ཁུལ་དབྱེ་སྟངས་བཙན་ཤེད་གྱིས་ལག་བསྟར་བྱས། མ་བསམ་ས་ནས་༼གྲངས་ཉུང་མི་རིགས་ལ་བཟང་ཁྱད་བཏོད་པར་༽སྣང་བའི་ལམ་ལུགས་དེས་སྔར་ཡོད་པའི་མི་རིགས་བར་གྱི་འབྲེལ་བ་བཟང་པོའང་ཇེ་སྡུག་ཏུ་བཏང་བ་དང་། སུའུ་ལེན་མཐའ་མཇུག་འཐོར་ཞིག་འབྱུང་བའི་རྐྱེན་བཟོས། ཧྥ་རན་སིའི་རྩོམ་པ་པོ་ཧེ་ལེ་ན་ཏན་ཁོ་སིས་༼བཙན་རྒྱལ་ཁ་འཐོར་དགུ་འཐོར་༽ཞེས་པའི་དཔེ་དེབ་ནང་དུ། ༼སུའུ་ལེན་སྲིད་གཞུང་ལ་འཕྲད་པའི་གནད་དོན་ཀུན་གྱི་ནང་ནས། ཆེས་ཁ་ཚ་དགོས་གཏུག་གིས་སེལ་དགོས་ཀྱང་སེལ་ཐབས་མེད་པ་ནི་མི་རིགས་ཀྱི་གནད་དོན་ཡིན་པར་གསལ། སུའུ་ལེན་རྒྱལ་ཁབ་ཀྱང་རང་གི་སྔ་རབས་པ་ཚྰ་བཙན་རྒྱལ་ཇི་བཞིན་དུ་མི་རིགས་གནད་དོན་གྱི་ཤི་མཐའ་ལས་ཐར་མ་ཐུབ་པ་འདྲ།༽ ཞེས་བརྗོད་འདུག དེང་སྐབས་རྒྱ་ནག་གི་མི་རིགས་གནད་དོན་རྒྱུན་མི་ཆད་པར་ཛ་དྲག་ཏུ་འགྱུར་བའི་གནས་བབ་ཀྱང་ཚིག་འདིས་བསྟན་ཆོག ༼གོང་མའི་ན་བཟའ་གསར་བ༽ཡི་དཔེ་དང་ཀུན་ནས་མཚུངས་པའི་མི་རིགས་ས་ཁུལ་རང་སྐྱོང་གི་ལམ་ལུགས་ནི་རྒྱལ་ཁབ་གཞན་ནས་བཙན་གྱིས་ཚུར་སྤོས་པ་དང་། རྒྱ་ནག་༼རང་ཡུལ་༽གྱི་ས་ཆུའི་ཁོར་ཡུག་དང་མི་འཚམ་པ་མ་ཟད། སུའུ་ལེན་དུ་ལག་ལེན་བྱས་པའང་ཡོངས་སུ་ཕམ་ཉེས་བྱུང་། འོན་ཀྱང་། རྒྱ་ནག་ཏུ་དེ་ནི་དོགས་པ་ཟ་ས་མེད་ཅིང་འདོར་དཀའ་བའི༼མགོ་བཙིར་མཐུ་ཤན་༽ཤིག་ཏུ་གྱུར།
དབུ་མའི་ལམ་སྐུལ་འདེད་ཀྱི་ནུས་པར་འགྱུར་བའི་ལམ་ལུགས་དང་རིག་གནས་ཀྱི་གཞི་རྩ་སྟེ། དབང་སྒྱུར་གྱི་ལམ་སྲོལ་སྣ་མང་ཅན་དང་སྤྱི་མཐུན། རྒྱལ་ཕྲན་མཉམ་འབྲེལ་བཅས་ཀྱི་ལམ་ལུགས།
དབུ་མའི་ལམ་གྱི་འགལ་རྐྱེན་ཡིན་པའི་ལམ་ལུགས་དང་རིག་གནས་ཀྱི་གཞི་རྩ་དག་ནི་གསེད་བཀྲོལ་དང་གཙང་སེལ་བྱ་དགོས། དེ་ལས་ལྡོག་སྟེ་དབུ་མའི་ལམ་སྐུལ་འདེད་ཀྱི་ནུས་པར་གྱུར་བའི་ལམ་ལུགས་དང་རིག་གནས་ཀྱི་གཞི་རྩ་ནི་བཟོ་འགོད་དང་དྲིལ་སྒྲོག་བྱ་དགོས།
རྒྱ་ནག་གནའ་རབས་ཀྱི་དུས་སུ། དབང་སྒྱུར་གྱི་ལམ་སྲོལ་བལྟོས་འཇོག་གིས་འཇམ་པོ་དང་སྣ་མང་ཅན་ཞིག་ཡོད་པ་དང་། དེས་གཅིག་གྱུར་ཆེན་མོའི་སྲོལ་རྒྱུན་དང་རྟེན་འབུལ་ལམ་ལུགས་གཉིས་ལ་རམ་འདེགས་བྱེད་པ་ཡིན། ཨ་རིའི་མཁས་པ་ལི་ཨན་ཡུ་ལགས་ཀྱིས་༼བདེ་འཇགས་ཀྱི་ཚོར་སྣང་བསྙེག་པའི་རྒྱ་ནག༽་ཅེས་པའི་དཔེ་དེབ་དུ་བསྟན་པ་ནི། རྒྱ་ནག་གི་སྔར་སྲོལ་ཡིན་ན་རང་ཉིད་མི་རིགས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་མི་བལྟ་བ་དང་། ཐ་ན་མི་སེར་མི་འདྲ་བ་ཡོད་པའི་བཙན་རྒྱལ་ཞིག་ཡིན་སྙམ་མི་བྱེད་པ་དང་། རང་ཉིད་ཤེས་རིག་གི་ལྟེ་གནས་ཤིག་ཏུ་ངོས་འཛིན་པ་ཡིན། ཆིན་རྒྱལ་རབས་ཀྱིས་མཐའ་མཚམས་ཀྱི་༼གྲངས་ཉུང་མི་རིགས་རྒྱལ་ཁག༽་ཟེར་བ་རྣམས་ལ་དབང་ཆ་དམིགས་བསལ་བ་སྟེར་འདོད་པ་དང་། དེ་ཚོར་རྒྱ་ནག་གི་མངའ་ཁོངས་ན་འཚོ་བའི་རིགས་མཐུན་གྱི་མི་སེར་ལ་བདག་གཉེར་དང་། ཚོང་ཁྲལ་བསྡུ་བ་དང་ཁྲིམས་སྡོམ་པ་སོགས་བྱེད་དུ་བཅུག་འདུག བོད་ནི་རིམ་གྱིས་ལྷ་དབང་གི་རྒྱལ་ཁབ་སྒྲིག་གཞི་ཐར་ཐོར་ཅན་ཞིག་ཏུ་གྱུར་བའི་སྐབས་སུ། མན་ཇི་རྒྱལ་རབས་ཀྱི་དབང་སྒྱུར་བ་ཚོས་བོད་གཡོ་འགུགས་བྱ་ཆེད་དུ། རང་གི་ལྷ་འདྲེ་གསོལ་ལུགས་ཀྱི་ཕ་ཆོས་བསྐྱུར་ཏེ། བོད་བརྒྱུད་ནང་བསྟན་སྐྱབས་སུ་བཟུང་། བརྗོད་སྟངས་གཞན་བྱས་ན། བཙན་རྒྱལ་ལམ་ལུགས་སྐབས་ཀྱི་རྒྱ་ནག་དང་དབུས་སྲིད་གཞུང་གིས་རང་གི་སྟོབས་དང་ཤུགས་རྐྱེན་གྱིས་ཁེབས་པའི་མི་རིགས་མི་འདྲ་བ་དང་། ས་ཁུལ་མི་འདྲ་བ། ལོ་རྒྱུས་རིག་གནས་མི་འདྲ་ཚང་མ་ལ་ཆེ་ས་ནས་བརྩི་བཀུར་དང་རང་སྐྱོང་གི་དབང་ཆ་ངེས་ཅན་སྟེར་ནུས་པས། དབང་སྒྱུར་སྲོལ་སྣ་མང་ཅན་ཞིག་གྲུབ། འོན་ཀྱང་རྒྱ་ནག་དམར་ཤོག་གིས་སྲིད་དབང་བཙུགས་པའི་རྗེས་སུ། སྲོལ་རྒྱུན་འདི་ཕར་གཡུགས་ཏེ་དབང་ཆ་གཅིག་སྡུད་རིང་ལུགས་ཡིན་པའི་དབང་སྒྱུར་སྲོལ་སྣ་གཅིག་ཅན་ཞིག་གིས་དེའི་ཚབ་བྱས། རྒྱ་ནག་དམར་ཤོག་སྲིད་དབང་གིས་བོད་དང་ལྷན་དུ་བཞག་པའི་ཆིངས་ཡིག་འཛེམ་བག་མེད་པར་རྩིས་མེད་རྡོག་རོལ་བྱས་པ་དང་། བོད་ཀྱི་སྔར་ཡོད་ཆོས་ལུགས་དད་མོས་དང་རིག་གནས་སྲོལ་རྒྱུན་དང་འཚོ་བའི་གོམས་སྲོལ་བཅས་ལ་གཏོར་བཤིག་བྱས་ཏེ་བོད་ལ་རྩ་གཏོར་རང་བཞིན་གྱི་ཤུགས་རྐྱེན་བཟོས། མ་འོངས་པའི་རྒྱ་ནག་དམངས་གཙོ་ཅན་གྱིས་བོད་ཀྱི་གནད་དོན་སེལ་བའི་དུས་སུ། ༼དམར་ཤོག་རིང་ལུགས་དུས་སྐབས་མ་སླེབས་སྔོན་གྱི་རྒྱ་ནག་༽གི་༼དེང་རབས་འཕོ་འགྱུར་༽ལག་ལེན་བྱར་ནུས་པའི་ཆབ་སྲིད་ཀྱི་ཐོན་ཁུངས་བསྐྱར་དུ་བསྔོག་དགོས་པ་དང་། དེ་དབུ་མའི་ལམ་སྐྱོར་བྱེད་ཅིག་ཏུ་སྒྱུར་དགོས།
དེ་ནས་དེང་རབས་ཀྱི་རྒྱ་ནག་དུ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལམ་ལུགས་འཛུགས་པའི་ཚོད་ལྟ་ཕམ་ཁ་བྱུང་བ་དེ་སླར་གསོན་དུ་འཇུག་དགོས་པ་དང་། དེ་ལྟར་བྱས་ན་དབུ་མའི་ལམ་ལ་སྐྱོར་བྱེད་གཞན་ཞིག་རག་པ་ཡིན། ༡༩༡༡ ལོའི་ཝུའུ་ཁྲང་འོས་ལངས་བྱུང་བ་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་མགོ་ཚུགས། དེ་དུས་ཀྱི་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་ཚོས་རྒྱ་ནག་ཏུ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལམ་ལུགས་ལག་བསྟར་བྱ་རྒྱུའི་ཚོད་ལྟ་ཐེངས་ཤིག་བྱས། ལྷག་པར་དུ་ལོ་ངོ་ཉི་ཤུའི་མངའ་སྡེ་མཉམ་འབྲེལ་གྱི་རང་སྐྱོང་ལས་འགུལ་རེ་ཐག་ཆད་ཆད་ཀྱིས་སྐྱོད་བཞིན་པའི་ལམ་བར་དུ་ཅུང་ཙམ་མིན་ན་ལེགས་འགྲུབ་བྱུང་འདུག སྐབས་དེའི་མི་སྣ་སྟོབས་ལྡན་གྱི་གྲས་ནས་ལྷོ་ཕྱོགས་ཀྱི་ཁྲིན་ཅུང་མིན་ཡིན་ནའང་འདྲ། བྱང་ཕྱོགས་ཀྱི་ཝུའུ་ཕེ་ཧྥི་ཡིན་ནའང་འདྲ། སྐབས་དེའི་ཤེས་ཡོན་པའི་སྡེ་ཡི་མགོ་ཁྲིད་ཀྱི་གྲས་ནས་ས་ཁྱི་དུས་སྐབས་ཀྱི་དཔེ་མཚོན་མི་སྣ་ལིང་ཆི་ཁྲའོ་ཡིན་ནའང་འདྲ། ལྔ་བཞི་དུས་སྐབས་ཀྱི་དཔེ་མཚོན་མི་སྣ་ཧུའུ་ཧྲི་ཡིན་ནའང་འདྲ་སྟེ། ཁོ་ཚོ་ཚང་མ་བསམ་པ་རྣམ་དག་དང་ཞུམ་པ་མེད་པར་མངའ་སྡེ་མཉམ་འབྲེལ་གྱི་རང་སྐྱོང་ལས་འགུལ་ནང་དུ་ཞུགས་མྱོང་འདུག དེ་ལྟ་མོད་ཀྱང་། བློ་ཕམ་དགོས་པ་ཞིག་ནི་སུའུ་ལེན་གྱི་བཙན་སྐུལ་ཐེབས་པའི་གོ་གོང་ཚོགས་པ་༼འགྱུར་མཆན། རྒྱལ་ཁབ་མི་སེར་ཚོགས་པ་དང་དམར་ཤོག་ཚོགས་པ་༽གཉིས་མཉམ་འབྲེལ་གྱིས་བྱང་འདུལ་དམག་འཁྲུག་བསླངས་ཏེ་དྲག་ཤུགས་ཀྱིས་རྒྱ་ནག་གཅིག་གྱུར་བྱས་པ་དང་། མངའ་སྡེ་མཉམ་འབྲེལ་གྱི་རང་སྐྱོང་ལས་འགུལ་དེ་རྒྱལ་ཁ་འཐོབ་ལ་ཉེ་མཚམས་ནས་ཕམ་པར་བྱས། དེང་སང་རྒྱ་ནག་དམངས་གཙོར་འགྱུར་བའི་བརྒྱུད་རིམ་ཁྲོད་དུ། ཕྱོགས་གཅིག་ནས་ལོ་དེར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལག་བསྟར་བྱས་པ་དེ་ལས་བསླབ་བྱ་ལེན་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་དང་ལྷག་པར་དུ་ཨ་མེ་རི་ཁའི་རྒྱལ་ཕྲན་མནའ་འབྲེལ་ལམ་ལུགས་དང་སྤྱི་མཐུན་ལམ་ལུགས་ལེགས་གྲུབ་བྱུང་བའི་ཉམས་མྱོང་ལས་མེ་སོན་ལེན་དགོས། རྒྱ་ནག་ཏུ་དམངས་གཙོའི་འཕོ་འགྱུར་ལག་བསྟར་བྱེད་པ་དང་ཆབས་ཅིག རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་སྤྱི་མཐུན་ལམ་ལུགས་འཛུགས་པའང་དུས་མཚུངས་སུ་ལེགས་པར་འགྲུབ་དགོས། དེ་ལྟར་མ་བྱས་ཚེ། མི་རིགས་རིང་ལུགས་དང་མི་སེར་དཀྱུས་མ་རིང་ལུགས་གཉིས་ཀྱིས་དམངས་གཙོར་བརྟེན་ནས་ཧྥ་ཤི་སིའི་དྲག་རླབས་ཀྱང་འཕྱུར་དུ་འཇུག་སྲིད། དམངས་གཙོ་ནི་རྒྱལ་ཕྲན་མཉམ་འབྲེལ་དང་སྤྱི་མཐུན་གྱི་ལྟ་བ་ལ་མཐུན་སྡེབ་བྱུང་ན། བོད་ཀྱི་གནད་དོན་སེལ་བྱེད་ཀྱི་དབུ་མའི་ལམ་ཡང་༼འགྲོ་བ་མིའི་ཐོབ་ཐང་ནི་བདག་དབང་གི་གོང་ན་ཡོད་པའི་༽རྩ་དོན་འོག་ནས་མོས་མཐུན་དང་ངོས་ལེན་རྒྱ་ཆེ་བ་འཐོབ་ནུས་ངེས་ཡིན།
འགྱུར་མཆན།
རྩོམ་ཡིག་འདི་མ་བསྒྱུར་སྔོན་ལ་རྩོམ་པོར་ཆོག་མཆན་ཞུ་བསམ་ཡང་དེ་ལྟར་མ་བྱུང་བས་རྩོམ་པ་པོ་ལ་བཟོད་གསོལ་ཞུ་བ་དང་། འགྱུར་ལ་དག་མ་དག་གི་ནོར་འཁྲུལ་ཅི་བྱུང་ལ་སྒྱུར་བ་པོས་དགོངས་དག་ཟོལ་མེད་ཞུ། འགྱུར་ལ་དོགས་གཞིའི་རིགས་ཡོད་ཚེ། གཤམ་འཁོད་འབྲེལ་ཐག་བརྒྱུད་དེ་མ་ཡིག་ལ་ཐོད་གཏུགས་རོགས།
གུག་རྟགས༼ ༽འདིའི་ནང་དུ་འཁོད་པ་ནི་རྩོམ་པ་པོས་ལུང་དྲངས་པའི་ཚིག་དང་འགྱུར་མཆན་ཡིན།
མ་རྩོམ་གྱི་འབྲེལ་ཐག http://www.minzhuzhongguo.org/ArtShow.aspx?AID=46009
བདེན་སྐྱོང་ལགས།
བསམ་ཚུལ་གསུངས་པར་དགའ་བསུ་ཞུ།
ཁྱོད་ཀྱིས་བསམ་ན་དགག་སྒྲ་མི་དགོས་ཀྱང་། མ་ཡིག་ན་དགག་སྒྲ་སྦྱར་འདུག་པ་དང་། ཚིག་དོན་གོང་འོག་ལའང་འགལ་བ་མི་མངའ། མ་ཡིག་གི་དུམ་ཚན་ནི་ 反之,毫不回避中共專制制度不僅荼毒中國內地人民,也造成西藏人民亙古未有之苦難的事實。換言之,批判、反對共產黨政權,既符合西藏民眾的根本利益,也符合所有中國人乃至全球民眾的根本利益。
གང་ལྟར་རྩོམ་པ་པོས་རྒྱ་དམར་ལ་རེ་བ་བཟང་ཕྱོགས་ནས་བཅངས་མི་རུང་བ་དང་། དེ་ལ་འཛེམ་ཟོན་བྱ་དགོས་པར་གསལ་འདེབས་བྱས་འདུག
རྒྱ་ཡིག་གི་མ་རྩོམ་མ་མཐོང་རུང་ནང་དོན་གྱི་ཆ་ནས་ལྟ་སྐབས་ དམར་ཤོག་ཚོགས་པ་མེད་ན། ད་གཟོད་དབུ་མའི་ལམ་དོན་དམ་པའི་མངོན་འགྱུར་འབྱུང་། ཅེས་པའི་སྡེ་ཚན་ནང་གི་དུམ་མཚམས་གསུམ་པའི་མཇུག་གི་
(རྒྱ་ནག་དམར་ཤོག་སྒེར་བདག་ལམ་ལུགས་ལ་འཛེམ་ཟོན་གཏན་ནས་མ་བྱས་ན། རྒྱ་ནག་ནང་ལོགས་ཀྱི་མི་དམངས་ལ་གནོད་འཚེ་ཕོག་པ་མ་ཟད། བོད་མི་མང་གིས་སྔར་མ་གྲགས་པའི་སྡུག་བསྔལ་མྱོང་བའི་དོན་དངོས་ཀྱང་འབྱུང་། བརྗོད་སྟངས་གཞན་བྱས་ན། རྒྱ་ནག་དམར་ཤོག་སྲིད་དབང་ལ་སུན་འབྱིན་དང་དགག་བྱ་བྱས་ཚེ། བོད་མི་མང་གི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། རྒྱ་ནག་པ་ཡོད་ཚད་དང་ཐ་ན་འཛམ་གླིང་མི་མང་གི་རྩ་བའི་ཁེ་ཕན་དང་ཡང་མཐུན་པ་ཡིན།) ཅེས་པའི་ཡིག་ཕྲེང་དང་པོ་ (རྒྱ་ནག་དམར་ཤོག་སྒེར་བདག་ལམ་ལུགས་ལ་འཛེམ་ཟོན་གཏན་ནས་མ་བྱས་ན།) ཞེས་པ་དེ་ (འཛེམ་ཟོན་བྱས་ན།) ཅེས་པར་བསྒྱུར་ན་ནང་དོན་སྔ་ཕྱི་མི་འགལ་བར་བསམ།
ཧོང་ཀོང་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་དང་འཛམ་གླིང་མི་མང་གིས་མིག་གིས་ལྟ་ས་ཞིག་ཡིན་ནའང་ད་ལོའི་སློབ་ཕྲུག་ཚོའི་ཞི་བའི་ཡར་ལངས་སྐབས་ཞི་ཅིན་ཕིང་གིས་མཁྲེགས་འཛིན་སྲིད་བྱུས་བཟུང་བ་དེས་བོད་པའི་གནད་དོན་ཐོག་ལ་སྲིད་བྱུས་གང་འདྲ་ཞིག་འཛིན་མིན་དང་། བོད་མི་ཚོས་རྩོད་གླེང་བྱེད་བཞིན་པའི་རང་སྲིད་རང་སྐྱོང་དབུ་མའི་ལམ་ལ་དང་ལེན་བྱེད་རྒྱུ་མིན་པ་ཟུར་བལྟས་ལེབ་མཐོང་རེད་ཟེར་བ་དེ་ཧ་ཅང་བདེན་མདོག་ཁ་བོ་ཞིག་མཐོང་སོང་།
རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་འདུག་ལ་སྒྱུར་བ་བོས་ཀྱང་ཧ་ཅང་ཚད་ལྡན་བསྒྱུར་འདུག རྩོམ་པ་པོ་དང་སྒྱུར་བ་བོ་གཉིས་ཀར་ཐུགས་རྗེ་ཆེ་ཞུ།
ཡུ་ཅེ་ཟེར་བའི་རྩོམ་པ་པོ་འདི་རྒྱ་ནག་གི་མི་རབས་གསར་བའི་བསམ་བློའི་སྣེ་འཁྲིད་པ་སྐད་གྲགས་ཆེ་ཤོས་ཤིག་རེད། སྔོན་ཆད་ཁོ་རང་རྒྱ་ནག་ནང་ཡོད་པའི་སྐབས་ལ་ཁོའི་ལྟ་བ་དང་བསམ་བློས་ནུས་པའི་རྒྱ་ནག་གི་མཐོ་རིམ་སློབ་མ་དང་ཤེས་ཡོན་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་གཡོ་འགུལ་ཆེན་པོ་ཞིག་བསླངས་ཡོད་པ་རེད། མི་འདིའི་ཤུགས་རྐྱེན་རྒྱ་རིགས་ཚོའི་ཁྲོད་ཙམ་དུ་མ་ཟད་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ན་གཞོན་ཚོའི་ཁྲོད་དུའང་ཐེབས་ཡོད་པ་མ་ཟད། བར་སྐབས་ཤིག་ལ་བོད་ནང་གི་གཞོན་སྐྱེས་ཚོས་དོགས་སློང་དང་དཔྱོད་ཤེས། མིའི་རིན་ཐང་གི་ལྟ་བ་དང་མི་གཞིའི་རིན་ཐང་ཤུགས་ཆེན་པོ་གླེང་བ་དེ་ཡང་ཧ་ལམ་རྒྱ་རིགས་རྩོམ་པ་པོ་འདིའི་ཤུགས་རྐྱེན་ཐེབས་པ་རེད་ཟེར་ཆོག་པ་ཞིག་རེད། བར་མཚམས་ཤིག་ལ་རྒྱ་ནག་གཞུང་གི་ལྐོག་ཇུས་འོག་རྩོམ་པ་པོ་ཡུ་ཅེ་དང་ཁོའི་ཕྱོགས་གཏོགས་ཀྱི་ཤེས་ཡོད་པ་སྐོར་ཞིག་ལ་རྒྱ་ནག་ནང་གླེང་ཕྱོགས་གཞན་ཞིག་བྱུང་སྟེ། སློབ་གྲྭ་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་སུ་ཁོང་ཅག་དང་ཁོང་ཅག་གི་རྩོམ་ཡིག་སོགས་ལ་ངོ་རྒོལ་བྱེད་སྲིད་པའི་ཉེན་ཁ་ཞིག་བྱུང་ཡོད་ཀྱང་། རྩོམ་པ་པོ་ཁོང་ཅག་གིས་ཀྱང་དེ་ནི་རྒྱ་ནག་གཞུང་གི་གཡོ་སྒྱུ་ཞིག་ཡིན་པ་ཧ་གོ་ནས་ཐབས་ལམ་གཞན་ལ་ཞུགས་པ་དང་། ཡུ་ཅེ་སོགས་ཁག་ཅིག་ཕྱི་རྒྱལ་དུ་བསྐྱོད་དེ་རྒྱ་ནག་གཞུང་ལ་ཐད་ཀར་སུན་འབྱིན་དགག་རྒྱག་བྱས་པས་དབང་གིས་མང་ཚོགས་ཀྱི་སེམས་ཕྱིར་བཀུག་སྟེ། ད་ཆར་ཡུ་ཅེ་དང་ཁོ་དང་ལྟ་བ་མཐུན་པའི་རྒྱ་རིགས་གཞོན་སྐྱེས་ཤེས་ཡོན་པ་དེ་དག་རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱི་རང་བཞིན་གྱི་ཤཻས་ཡོན་པ་དང་བསམ་བློ་བ། སློབ་གསོ་བ། དེ་བཞིན་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་རང་དབང་རྩོད་ལེན་པ་ཞིག་ཆགས་ཡོད།
་་་་་་་་་་ དེང་སྐབས་རྒྱ་ནག་གི་དབང་སྒྱུར་རུ་ཚོགས་ཀྱི་ནང་འཁྲུག་ཛ་དྲག་པ་དང་། ཞི་ཅིན་ཕིན་གྱིས་སྔར་བཞིན་ཆེས་གཡོན་ལྷུང་དང་ཆེས་རྙིང་ཞེན་དང་ཆེས་གདུག་རྩུབ་ཀྱི་བྱེད་ཐབས་སྤྱད་དེ། ཧོང་ཀོང་དང་ཐའེ་ཝན་དང་ཞིན་ཅང་དང་བོད་སོགས་ཀྱི་གནད་དོན་རྣམས་༼རྒྱ་ནག་ནང་ཁུལ་གྱི་ལས་དོན༽་ཡིན་པར་བསྙད་ནས་ཐག་གཅོད་པ་ཡིན། ་་་་་་་་་