ཁ་སང་ཐའེ་ཝན་གྲོས་ཚོགས་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཞིག་དང་སྲིད་བློན་བར་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་ཐུབ་ཡོད་སྐོར་ལ་དྲི་བ་དྲིས་ལན་བྱུང་ཡོད་འདུག
དེ་རིང་ཐའེ་ཝན་གྱི་ཐའེ་བྷེ་དུས་བབ་ (Taipei Times) ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་ཐའེ་ཝན་གྱི་ཆོས་ཚོགས་ ༡༥ ཡི་སྐུ་ཚབ་འཐུས་མི་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ། མ་འོངས་པར་༧གོང་ས་མཆོག་ཐའེ་ཝན་ལ་ཞབས་སོར་འཁོད་རྒྱུའི་སྐོར་ལ་སྙན་སེང་ཞུས་ཡོད་པ་མ་ཟད། ཁ་སང་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཙད་ཧུང་ལིང་ (Tsai Huang-liang) གྱིས་གྲོས་ཚོགས་ཀྱི་དྲི་བ་དྲིས་ལན་སྐབས་ཐའེ་ཝན་སྲིད་བློན་མའོ་ཁྲེ་ཁཱོ་ (Mao Chi-kuo) ལ་གཞུང་ཕྱོགས་ནས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་རྩིས་ཡོད་མེད་དྲིས་པར། ཁོང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཞིགས་ནས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་ལན་འདེབས་བྱས་ཡོད་འདུག
འདིའི་ཐད་སྲིད་བློན་མའོ་ཁྲེ་ཁཱོ་ཡིས་ “གཞུང་གིས་ཐོངས་མཆན་ཕུལ་མིན་དེ་ཐའེ་ཝན་མང་ཚོགས་ལ་ཕན་ཐོགས་གང་ཡོད་མེད་དང་། ཕྱོགས་གཉིས་པོས་མོས་མཐུན་ཡོད་མེད་ལ་གཞིགས་ནས་ཁྲིམས་སྒྲིག་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན”ཞེས་བརྗོད་ཡོད་སྟབས། གྲོས་ཚོགས་འཐུས་མི་ཙད་ཧུང་ལིང་གིས་ཕྱོགས་གཉིས་པོ་ཟེར་བ་དེ་ཐའེ་ཝན་དང་རྒྱ་ནག་རེད་དམ་ཞེས་བསྐྱར་དུ་དྲི་བ་དོན་པའི་ལན་དུ། སྲིད་བློན་གྱིས་ “ཐའེ་ཝན་གཞུང་དང་འབོད་སྐུལ་ཞུ་མི་གཉིས་ཆགས་ཡོད།”ཅེས་བརྗོད་འདུག
དེའི་རྗེས་ཡང་བསྐྱར་ཙད་ཧུང་ལིང་གིས་ཏཱ་ལའི་བླ་མ་མཆོག་གིས་ཁོང་ཐའེ་ཝན་ལ་ཕེབས་འདོད་ཡོད་སྐོར་གསུངས་ཡོད་སྟབས། གཞུང་གིས་ཁོང་ལ་ཐོངས་མཆན་འབུལ་རྒྱུའི་ཐག་གཅོད་གནང་མ་ཐུབ་པ་གང་ཡིན་ནམ་ཞེས་དྲི་བ་བཏོན་པ་དང་འབྲེལ་ཏེ། “ཁོང་ཆིབས་སྒྱུར་བསྐྱང་ཐུབ་ཚེ་ང་ཚོས་བྱམས་བརྩེ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་གུས་བརྩི་ཞུ་གི་ཡོད་པ་མཚོན་པ་མ་ཟད། ཐའེ་ཝན་ལ་ཕན་ཐོགས་དང་ཁེ་ཕན་ཡོད་པ་ཞིག་ཀྱང་ཆགས་ཡོད་སྟབས། ཐོངས་མཆན་དེས་ཐའེ་ཝན་ལ་གནོད་སྐྱོན་ག་རེ་བཟོ་གི་རེད་དམ།”ཞེས་བརྗོད་པར། སྲིད་བློན་མའོ་ཁྲེ་ཁཱོ་ཡིས་ “ཐག་གཅོད་དེ་མི་སྒེར་གྱི་ཐག་གཅོད་ཐོག་འགྲོ་རྒྱུ་མེད་སྟབས། རྒྱལ་ཡོངས་ཀྱི་ཁེ་ཕན་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཆགས་ཡོད”ཅེས་ལན་འདེབས་བྱས་འདུག
ཡང་ (CNA ) བརྙན་འཕྲིན་བརྒྱུད་ལམ་གྱིས་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པ་ཞིག་ཐའེ་ཝན་དུས་བབ་ཀྱིས་ལུང་འདྲེན་བྱས་པའི་ནང་། ༧གོང་ས་མཆོག་གིས། “ངོས་ཀྱིས་རྒྱུན་རིང་འབྲེལ་འདྲིས་ཟབ་མོ་ཡོད་པའི་ཐའེ་ཝན་གྱི་ཆོས་གྲོགས་ཚོ་དང་ཐུག་འཕྲད་བྱ་རྒྱུ་བྱུང་ན་དགའ་ཚོར་ཆེན་པོ་ཡོང་ས་རེད། མ་འོངས་པར་ངོས་ཐའེ་ཝན་ལ་འགྲོ་ཐུབ་སྲིད་པ་ཞིག་ཡིན་ཡང་། ག་དུས་འགྲོ་ཐུབ་མིན་ད་ལྟ་ཁ་ཚོན་ཆད་ནས་ཞུ་ཐུབ་ཀྱི་མི་འདུག”ཅེས་སོགས་གསུངས་འདུག
༧གོང་ས་མཆོག་ ༡༩༩༧ ལོ་དང་ ༢༠༠༡། ༢༠༠༩ ལོ་བཅས་ནང་ཐའེ་ཝན་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་མ་ཟད། ༢༠༡༢ ལོར་སླར་ཡང་ཆིབས་སྒྱུར་བསྐྱང་རྒྱུར་མགྲོན་འབོད་ཞུས་ཡོད་ཀྱང་། ཐའེ་ཝན་གཞུང་གིས་ཆོག་མཆན་སྤྲད་མེད་སྟབས་ཆིབས་སྒྱུར་སྐྱོང་ཐུབ་མི་འདུག
གསར་འགོད་པ། དོན་གྲུབ།