ཨོ་ཅོ་རྒྱའུ།
སྤྱི་ལོ་ ༢༠༡༥ ཟླ་བ་ ༣ ཚེས་ ༡༠ ཉིན་ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ས་གནས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་བཞིས་སྣེ་ཁྲིད་པའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྐབས་མི་མང་ནང་རྙོག་གླེང་བྱུང་བའི་གནས་ཚུལ་དེར་ཚོགས་པ་དང་སྒེར་པ་སོགས་མང་དག་ཞིག་གིས་ཡིག་ཐོག་དང་བརྙན་པར་སོགས་ཅི་རིགས་ཀྱི་ཐོག་ནས་གསལ་བཤད་དང་བསམ་ཚུལ་བརྗོད་བཞིན་འདུག་ལ། གཟུར་གནས་ཀྱི་ཞིབ་ཚགས་པའི་དཔྱད་ཞིབ་གནང་མཁན་ཞིག་ཡིན་ཕྱིན་སུ་བདེན་སུ་རྫུན་གྱི་མཇུག་སྡོམ་ཞིག་རྒྱག་མ་ཐུབ་པ་མེད་པའི་ཚོད་ལ་བསླེབས་ཡོད། འོན་ཀྱང་སྒྲིག་འཛུགས་དང་མི་སྒེར་པ་རེ་ཟུང་གིས་ཤེས་ཀྱང་མ་ཤེས་པའི་ཁུལ་ལམ། ཕྱོགས་སུ་ལྷུང་ཐལ་ཆེ་བའི་དབང་གིས་གནས་ལུགས་མ་འདེངས་བའི་སྐད་ཆ་ཞིག་ཡང་འདེབས་སྐྱར་འདེབས་སུ་ཨུ་ཚུགས་ཀྱིས་བརྗོད་བཞིན་འདུག་པར་བལྟས་ན་རྫུན་བརྒྱ་བཤད་ན་བདེ་པ་ཆགས་ངེས་པའི་རེ་བ་ཞིག་འཆངས་མེད་པའི་ངེས་པ་མིན་འདུག་སྙམ་པ་ཞིག་ཀྱང་འདུག་ན། ད་ཐེངས་ངས་ཀྱང་བོད་མི་རིགས་ཀྱི་ལས་དབང་ལ་སེམས་ཚོར་ཡོད་པའི་མི་བུ་དཀྱུས་མ་ཞིག་གི་ངོས་ནས་གནས་ཚུལ་དེའི་བྱུང་རིམ་ཀྱི་གསལ་བཤད་ཁག་ལ་དཔྱད་བསྡུར་ཞིག་མི་བྱ་ཐབས་མེད་དུ་གྱུར་སོང་།
ནེའུ་ཡོག་གི་རྙོག་གླེང་དེ་ནི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དང་འབྲེལ་བའི་རྙོག་གླེང་ཞིག་ཡིན་པས་ང་ཚོས་ཐོག་མར་གསུམ་བཅུའི་དུས་དྲན་གང་ཞིག་ཡིན་པ་དང་། དེ་ཇི་ལྟར་བྱས་ཏེ་སྲུང་གཙི་ཞུ་དགོས་པའི་ཐོག་ལ་ངེས་ཤེས་གཅིག་བརྙེད་དགོས། དེ་ཡང་གསུམ་བཅུའི་དུས་དྲན་ནི་སྤྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཁྲི་ཚོ་མང་པོས་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་བོད་མི་སྟོང་ཚོ་མང་པོའི་ཚེ་སྲོག་ཤོར་བའི་ཉིན་མོ་ཞིག་ཡིན་པ་དང་། སྐབས་དེ་དུས་བོད་མི་ཚོས་གཞི་རྒྱ་ཆེ་ལ་བློས་གཏོང་རང་བཞིན་གྱི་ལས་འགུལ་དེ་ལྟར་སྤེལ་དགོས་དོན་ནི། གཅིག་ནས་སྐབས་དེ་དུས་རྒྱ་དམར་གྱིས་བོད་མི་རྣམས་ལ་ཐུབ་ཚོད་ཀྱིས་བཙན་གནོན་དང་སྡུག་སྦྱོང་གཏོང་ཤུགས་ཇེ་ཆེར་འགྲོ་བཞིན་པ་མ་ཟད། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་སྤྱི་ནོར་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ཀྱི་སྐུ་ཕྱྭར་འདོ་བའི་ལས་ངན་རྩོམ་བཞིན་ཡོད་པའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་བཞིན་ཡོད་པར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྒེར་ལངས་ལས་འགུལ་དེ་སྤེལ་ཡོད་པ་རེད། སྐབས་དེ་དུས་ལས་འགུལ་གྱི་ངོ་བོ་ནི་བོད་མི་སྒེར་གྱི་ངོས་ནས་མ་སྐུལ་དང་བླངས་ཀྱིས་ཡར་ལངས་བྱས་པའི་མི་མང་རང་བཞིན་གྱི་ལས་འགུལ་ཞིག་ཡིན་པས་ཡོངས་གྲགས་སུ་གསུམ་བཅུའི་བོད་མིའི་སྒེར་ལངས་དུས་དྲན་ཞེས་བརྗོད་བཞིན་ཡོད། ལྷག་པར་སྐབས་དེ་དུས་བོད་མི་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་སྒྲོག་པའི་འབོད་ཚིག་ནི། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕྱིར་ཕུད་བྱེད་ཅེས་པ་དེ་གསུམ་ཡིན་པ་དང་། རེ་ཟུང་གཅིག་གིས་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་པ་དེ་ཡང་སྐབས་དེ་དུས་བསྒྲགས་པར་བརྗོད་ཀྱི་ཡོད། ཉིན་མོ་དེ་ནི་ང་ཚོའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་གི་ཆེས་བརྗེད་དཀའ་བའི་ཉིན་མོ་ཞིག་ཏུ་གྲུབ་པས་དུས་དེ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཞེས་ས་གནས་ཁག་ཏུ་འདུ་འཛོམས་ཀྱིས་དུས་དྲན་སྲུང་གཙི་བྱས་དང་བྱེད་བཞིན་ཡོད།
དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཀྱི་ཐོག་ནས་བརྗོད་ན་དུས་དྲན་ཞེས་པའི་ཚིག་རང་གི་ངོ་གདོང་ནས་གསལ་པོར་ཤེས་ཡོང་བ་ཞིག་ཆགས་ཡོད། དེ་ནི་དམིགས་གསལ་ནམ་གལ་ཆེ། ཡང་ན་བརྗེད་པར་དཀའ་བའི་ཉིན་མོ་དང་དུས་ཚོད་གཅིག་དྲན་པར་བྱེད་པ་ལ་དུས་དྲན་ཅེས་བརྗོད་པ་ཡིན། དེས་ན་ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་སྐབས་ངེས་པར་དུ་སྤྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་གནས་བབ་གང་འདྲ་ཞིག་གི་འོག་ལ་བོད་མི་ཚོས་རང་དབང་སྒེར་ལངས་བྱས་པ་དང་། གང་ཞིག་གི་ཆེད་དུ་བྱས་པ། གང་བྱས་པ་། གང་བརྗོད་པ། གང་འདྲ་བྱས་པ་བཅས་ངེས་པར་དུ་དྲན་པར་བྱས་པའི་ཐོག་ནས་སྲུང་གཙི་ཞུ་དགོས། ཉིན་དེར་ང་ཚོས་ངེས་པར་དུ་སྐབས་དེའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཚོའི་རྒྱལ་གཅེས་ཀྱི་བསམ་བློ་དང་། རིགས་ཞེན་གྱི་ལར་རྒྱ། བཙན་རྒོལ་གྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱ་དགོས་ལ། ཁོང་ཚོའི་པར་རིས་བཤམས་སྟོན་དང་འགྲེམས་སྤེལ། ཁོང་ཚོའི་དགོས་འདུན་ལ་རྗེས་དྲན། ཁོང་ཚོའི་འབོད་ཚིག་ལ་སྐྱར་འདོད་བཅས་བྱས་ཏེ་རང་ཉིད་ནས་མགོ་བཙུགས་ཏེ་ང་ཚོའི་མི་རབས་གསར་པ་ཚོའི་སེམས་ངོགས་སུ་ནམ་ཡང་ཟུབ་པ་མེད་པའི་དཔའ་བོ་དཔའ་མོ་ཚོའི་སྣང་བརྙན་གསོན་པོར་བཞེངས་དགོས་ལ། རྒྱལ་གཅེས་ཀྱི་བསམ་བློ་དང་རིགས་ཞེན་གྱི་ལ་རྒྱ་ལྡན་པའི་ཐོག་ནས་དཔའ་བོ་དཔའ་མོ་དེ་དག་གིས་མགོ་བརྩམས་པའི་ལས་ཀ་དེའི་མཇུག་སྐྱོང་བ་བྱེད་ཐུབ་པའི་ཆོས་སེམས་དང་བློ་སྐྱེད་ཞིག་སེམས་རྒྱུད་ལ་འཇག་ཐུབ་པར་བྱེད་དགོས།
ནེའུ་ཡོག་ཏུ་སྲུང་གཙི་བྱས་པའི་གསུམ་བཅུའི་དུས་དྲན་དེ་ལ་གདངས་ཞིག་བརྒྱབ་ཚེ། ནེའུ་ཡོག་གི་འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་དེ་ནི་ཡང་སྙིང་གསུམ་བཅུའི་དུས་དྲན་ཡིན་ནམ་སྙམ་པའི་ཚོར་བ་ཞིག་སྐྱེ་ངེས་ལ། གནས་ལུགས་ཤེས་ལ་ལྷག་བསམ་ལྡན་པའི་བོད་པ་ཞིག་ཡིན་ཚེ་རང་དབང་མེད་པར་བློ་ཕམ་དང་ཡིད་ཆད་ཀྱི་དབུངས་རིང་ཞིག་ཀྱང་རང་ཤུགས་ཀྱིས་དོན་པར་འདོན་མི་ཟ། སྤྱིར་ཆབ་སྲིད་དམ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་དུས་གཏན་དུ་ཡང་དག་པ་ཡིན་པའི་ཐབས་ལམ་གཅིག་ཧ་ལམ་མེད་ལ། དེ་ཚོ་ནི་སྐབས་དང་དུས་ལ་བསྟུན་ཏེ་འགྱུར་བ་འགྲོ་ངེས་པའི་ལས་དོན་ཞིག་ཡིན་པས། ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཞིག་ལ་བརྟེན་ནས་ང་ཚོའི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་། རྣོ་ངར། གཞི་རྒྱ་སོགས་ལ་ཡང་འགྱུར་བ་གང་ཙམ་ཞིག་སོང་ཡོད་ལ་ད་དུང་འགྱུར་བ་འགྲོ་བཞིན་ཡོད། འགྱུར་བ་དེ་བཟང་ངན་གྱི་འགྱུར་བ་གང་ཞིག་ཡིན་པ་ཚིག་ཐག་གཅོད་དཀའ་ཡང། ཆེས་བློ་འཚབ་རང་བཞིན་གྱི་འགྱུར་བ་ཞིག་ཡིན་པ་ང་ཚོ་ཚང་མས་ཚོར་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་ང་ཚོའི་སྣེ་ཁྲིད་པ་ཚོར་སྤྱི་སེམས་ཀྱི་འགན་ཁུར་མ་གདངས་བ་དང་། མི་མང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་ཞན་པའི་དབང་གིས་འགྱུར་བ་འདི་དག་གི་ཕྲོད་ནས་ང་ཚོར་ཁེ་ཕན་ཐོབ་རྒྱུ་ལས་ལྡོག་ཏེ་གྱོང་གུད་མང་དག་ཞིག་ཕོག་བཞིན་ཡོད། ད་ནི་ངས་བརྗོད་མ་ཚར་བའི་ལེའུ་སྐྱུར་མོ་འདི་བརྗོད་མཚམས་བཞག་ནས་ནེའུ་ཡོག་གི་རྙོག་གླེང་དེར་དཔྱད་ཞིབ་གཅིག་བྱ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༥ ཟླ་བ་ ༡ ཚེས་ ༡༢ ཉིན་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་། ས་གནས་བུད་མེད། ས་གནས་ཆུ་བཞི་སྒང་དྲུག སློབ་ཕྲུག་རང་བཙན་ཚོགས་པ། ཨ་བོད་མཛའ་འབྲེལ་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གི་གནད་ཡོད་མི་སྣ་ཁག་ལྷན་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སྲུང་གཙི་ཞུ་ཕྱོགས་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་འདུག་པས་སྐབས་དེའི་ཚོགས་པ་དྲུག་གི་ཚོགས་གཙོའི་མཚན་རྟགས་རྒྱབ་པའི་ཚིག་ཐོ་ (དྲ་ཐག་འདིར་གཟིགས་རོགས། www.facebook.com/TCNYNJ/photos/pcb.876096792431698/876082739099770/?type=1&theater) འདིའི་ནང་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཐད་ཚོགས་པ་དྲུག་གི་ཚོགས་གཙོ་ནས་ཐག་གཅོད་ཇི་བྱུང་ལ་བཀའ་སྲུང་ཅི་བསྒྲུབ་ཞུ་དགོས་ཅེས་བྲིས་ཡོད་པ་དང་། ཡང་ཚིག་ཐོ་དོན་ཚན་ཁག་གི་ནང་གཞུང་འབྲེལ་དང་གཞུང་འབྲེལ་ཅེས་བསྐྱར་ནན་ཡང་ནན་གྱིས་བྲིས་ཡོད། ནེའུ་ཡོག་གི་བོད་རིགས་ནང་ཁུལ་གྱི་ཆབ་སྲིད་གནས་བབ་དང་འགན་ཁུར་མི་སྣ་ཁག་གི་བྱེད་བབ་ལ་རྒྱུས་མངའ་ཅུང་ཙམ་ཡོད་པའི་མི་ཞིག་གིས་ཚིག་ཐོ་འདིར་ཞིབ་ལྟ་ཞིག་བྱས་ཚེ་ནད་རྟགས་ཡོད་པ་ཧ་ཅང་གསལ་པོར་མངོན་ཡོད་པས། ཚོགས་གཙོ་དྲུག་དང་ལྷག་པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ཨ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་མཚན་རྟགས་བཀོད་པ་ནི་འགྲོ་སྟངས་མ་ཤེས་པ་དང་ཉམས་མྱོང་གིས་མ་གདེངས་པའི་གླེན་ལྐུག་ཞིག་ཏུ་མཐོང་། རྒྱུ་མཚན་ནི། སྤྱིར་ཚོགས་པ་ཁག་མཉམ་རུབ་ཀྱི་ལས་འགུལ་སྤེལ་སྐབས་ལས་དོན་ཁག་ཚོགས་པ་དྲུག་གི་མང་མོས་ཐག་གཅོད་ལ་འགྲོ་དགོས་པ་ནི་བརྗོད་མ་དགོས་པ་ཞིག་ཆགས་ཡོད། འོན་ཀྱང་ཚིག་ཐོའི་སྔོན་གླེང་ནང་ཚོགས་གཙོ་དྲུག་གི་ཐག་གཅོད་ལ་བཀའ་སྲུང་ཅི་སྒྲུབ་ཞུ་དགོས་ཅེས་ཆེད་དུ་བསྔགས་ནས་བཀོད་དགོས་དོན་དེར་རང་བཞིན་གྱིས་འཆར་གཞི་དང་གོ་རིམ་ཡོད་པའི་དྲ་ཐག་གཅིག་འཐེན་བཞིན་མེད་དམ་སྙམ་པའི་ནད་རྟགས་འདུག་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གི་ལས་འགུལ་ལ་གཞུང་འབྲེལ་དང་གཞུང་འབྲེལ་ཞེས་ཚིག་ཐོའི་དོན་ཚན་ཁག་ནང་བསྐྱར་ནན་ཡང་ནན་གྱིས་བྲིས་པ་ནི་དེ་བས་ཀྱང་དོན་དངོས་དང་མ་མཚམས་པ་མ་ཟད། ཚབ་ཆེའི་ནད་རྟགས་ཤིག་མངོན་པར་བྱས་ཡོད།
གཞན་ཡང་ནེའུ་ཡོག་ལ་ལོ་ལྟར་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་སྐབས་ཀྱི་གོ་སྒྲིག་འགན་ཁུར་གཙོ་བོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནང་གི་ཡོད་ཀྱང་སྐབས་དེའི་ཚོགས་འདུའི་ཐོག་བསམ་ཚུལ་མི་འདྲ་བའི་ཐོག་བགྲོ་གླེང་མང་དག་ཞིག་བྱས་པ་ཞུ་མི་དགོས་པར་། མཐའ་དོན་འདི་ལོའི་གསུམ་བཅུའི་དུས་དྲན་འགན་ཁུར་གཙོ་བོ་བོད་རིགས་སྤྱི་མཐུན་ཚོགས་པས་གནང་རྒྱུ་ཡིན་པ་ཐག་གཅོད་བྱུང་དོན་ལྟར་སྐབས་དེའི་ཚིག་ཐོའི་ནང་ “༠༣་༡༠ དུས་དྲན་སྲུང་གཙི་ཞུ་བའི་ངོ་བོ་ནི། གཞུང་འབྲེལ་གྱི་མཛད་སྒོ་ཡིན་པ་དང་། དེ་གཞིར་བཟུང་ཐོག་ས་གནས་བོད་རིགས་སྤྱི་འཐུན་ཚོགས་པ་ནས་འགན་འཁུར་སྐང་བཞེས་ཀྱིས་གཙོ་སྐྱོང་གནང་རྒྱུར་ཐག་གཅོད་བྱུང་།” ཅེས་གསལ་པོར་བྲིས་འདུག འོན་ཀྱང་སྤྱི་ཟླ་ ༣ ཚེས་ ༡༧ ཉིན་འཁོད་པའི་ཚོགས་པ་བཞིའི་མཚན་རྟགས་ཅན་གྱི་གསར་འགོད་གསལ་བསྒྲགས་དེའི་ནང་(དྲ་ཐག་འདིར་གཟིགས་རོགས། ངོ་དེབ་དགོས། www.facebook.com/TCNYNJ/photos/pcb.876096792431698/876080919099952/?type=1&theater) “ད་ནས་བཟུང་གསུམ་བཅུའི་དུས་དྲན་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་གཙི་ཞུ་རྒྱུའི་འགན་འཁུར་རྐང་ལེན་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཞུ་རྒྱུར་ཐག་གཅོད་བྱུང་།” ཞེས་བརྗོད་འདུག་ན། ཚིག་དོན་གྱི་ཆ་ནས་ཟླ་བ་ ༡ ཚེས་ ༡༢ ཉིན་ཚོགས་པ་དྲུག་གི་ཚོགས་གཙོའི་མཚན་རྟགས་འཁོད་པའི་ཚིག་ཐོ་དང་། ཟླ་བ་ ༣ ཚེས་ ༡༧ ཉིན་འཁོད་པའི་ཚོགས་པ་བཞིའི་མཚན་རྟགས་འཁོད་པའི་གསལ་བསྒྲགས་གཉིས་ལ་ཁྱད་པར་ཆེན་པོ་ཤོར་འདུག་ན། ཡང་སྙིང་གང་ཞིག་ལ་ཆ་འཛིན་དགོས་པ་ཀློག་པ་པོས་ཐག་གཅོད་མཛད་པ་ཞུ།
དེ་དང་ཕྱོགས་མཚུངས། ཟླ་བ་ ༡ ཚེས་ ༡༢ གྱི་ཚིག་ཐོའི་གྲོས་ཆོད་གཉིས་པའི་ནང་གསེས་དང་པོར་གཞུང་འབྲེལ་མཛད་སྒོའི་ངོ་བོ་གཞིར་བཞག་ཐོག སྐུ་མགྲོན་དུ་དམིགས་གསལ་གཞུང་འབྲེལ་མི་སྣ་གདན་ཞུ་ངེས་པར་དགོས་རྒྱུ་ཅེས་ཐག་བཅད་ཡོད་ཀྱང་། ནང་གསེས་གསུམ་པར་འབོད་སྒྲ་གཞིར་བཞག་ཐོག་ཚོགས་པ་དྲུག་གི་ཚོགས་གཙོ་རྣམས་ནས་བཀའ་སློབ་གནང་མཁན་དམིགས་གསལ་སྐུ་མགྲོན་སུ་གདན་ཞུ་དགོས་མིན་ཐག་གཅོད་གཏན་འབེབས་གནང་རྒྱུ་ཡིན་ཅེས་གསལ་འདུག་ན། གྲོས་ཆོད་གཅིག་གི་ནང་གསེས་གཉིས་ལ་ཡང་མགོ་རྨོངས་གཞིར་གྱུར་ཡོད། རྒྱུ་མཚན་ནི་ནང་གསེས་དང་པོར་གཞུང་འབྲེལ་མཛད་སྒོ་དང་གཞུང་འབྲེལ་སྐུ་མགྲོན་གདན་ཞུ་ཐག་གཅོད་ཟིན་ཀྱང་། ནང་གསེས་གསུམ་པར་འབོད་སྒྲ་གཞིར་བཞག་གི་ཐོག་ནས་སྐུ་མགྲོན་གདན་ཞུ་བྱ་རྒྱུ་ཡིན་ཟེར་བར་བལྟས་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་མི་མཐུན་པའི་འབོད་སྒྲ་ཡོད་ཚེ་གཞུང་འབྲེལ་སྐུ་མགྲོན་གདན་ཞུ་བྱ་རྒྱུ་མིན་ཟེར་བ་རེད་དམ།
ཟླ་བ་ ༡ ཚེས་ ༡༢ ཉིན་གྱི་ཚིག་ཐོའམ་གྲོས་ཆོད་དང་། ཟླ་བ་ ༣ ཚེས་ ༡༧ འཁོད་པའི་གསར་འགོད་གསལ་བསྒྲགས་ནང་གཞུང་འབྲེལ་གྱི་མཛད་སྒོ་ཡིན་ཞེས་ཚིག་ཐག་ཆོད་པོས་གསུངས་ཡོད་ཀྱང་། དོན་དངོས་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མཛད་སྒོ་དེ་གཞུང་འབྲེལ་ནམ་ཡང་ཆགས་ཐབས་མེད་ལ། འགྲོ་བཞིན་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་དགུ་པའི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ནེའུ་ཡོག་གི་མཛད་སྒོ་དེ་གཞུང་འབྲེལ་མཛད་སྒོའི་ངོ་བོ་ཡིན་ཡང་སེ་བརྗོད་པར། “ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པ་གཞུང་འབྲེལ་གང་འདྲ་བྱས་ནས་ཆགས་པ་རེད། འཛིན་སྐྱོང་གི་སྒྲིག་གཞི་དོན་ཚན་གང་གི་ནང་ཡོད་པ་རེད།” ཅེས་གསལ་བཤད་དགོས་པའི་དྲི་བ་གཏོན་གནང་བར། བཀའ་ཤག་གིས་མཛད་སྒོ་དེ་གཞུང་འབྲེལ་ཡིན་པའི་གསལ་བཤད་གནང་མེད་ལ་གནང་ཐབས་ཀྱང་མེད། ཡང་ན་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཕྱོགས་ཕེབས་སྐབས་སྣེ་ལེན་ཞུ་བཞིན་པའི་རྒྱུ་མཚན་ལ་བརྟེན་ནས་གཞུང་འབྲེལ་ཆགས་ཀྱི་ཡོད་ན། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དེ་བཞིན་མཐོ་སློབ་ཁག་གི་ནང་ཡོད་པའི་ས་གནས་གཞོན་ནུ་ཁག་ཀྱང་གཞུང་འབྲེལ་ཆགས་དགོས་ཀྱི་ཡོད་དེ། ཚོགས་ཁག་དེ་དག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཕྱོགས་ཕེབས་སྐབས་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ནང་འདན་ཞུ་མ་ཐུབ་ཀྱང་རང་ནུས་ལ་དཔག་པའི་སྣེ་ལེན་གཟབ་རྒྱས་ཞུ་བཞིན་ཡོད་པས་སོ། ཡང་ན་གཞུང་འབྲེལ་གྱི་མཛད་སྒོ་ཡིན་དགོས་ཏེ་བོད་རིགས་སྤྱི་མཐུན་ཚོགས་པས་རང་བདེན་ལག་དེབ་ཀྱི་བཅའ་ཁྲལ་བསྡུ་བའི་འགན་འཁུར་གྱི་ཡོད་པས་སོ་ཟེར་ན་དེ་བས་མི་ཐད་དེ། ས་གནས་མགོ་འཛིན་ནམ་བོད་མིའི་གཞིས་ཆགས་མེད་པའི་ས་གནས་རེ་ཟུང་ལ་ཡང་རང་གཞུང་གི་འཛིན་སྐྱོངས་སྒྲིག་གཞིའི་ཁྱབ་ཁོངས་མ་ཡིན་པའི་ཚོགས་པ་རེ་ཟུང་གིས་རང་བདེན་ལག་དེབ་ཀྱི་དཔྱ་དངུལ་བསྡུ་བའི་འགན་བཞེས་བཞིན་ཡོད་པ་དཔེར་ན། ཅན་དྷི་སྒར་ས་གནས་གཞོན་ནུའི་རྒྱུན་ལས་ནང་རང་བདེན་ཚོགས་ཆུང་གི་འགན་ཁུར་མི་སྣ་སྔ་མོ་ནས་ཡོད་མུས་དང་། ཁོང་ཚོས་སྔོན་མ་ཅན་དྷི་སྒར་ལ་བོད་རིགས་སློབ་ཕྲུག་མང་པོ་ཡོད་སྐབས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་བསྡུ་རྒྱུའི་འགན་ཁུར་བཞེས་ཀྱི་ཡོད་པས། ཅན་སྒར་ས་གནས་གཞོན་ལྟ་བུའི་ཚོགས་ཁག་དེ་དག་ཀྱང་གཞུང་འབྲེལ་ཆགས་དགོས་པར་ཐལ་བའི་ཕྱིར། ཡང་གཞུང་འབྲེལ་ཡིན་པ་ཐལ་བོད་གཞུང་དང་འབྲེལ་བ་ཡོད་པའི་ཕྱིེར་ཟེར་ན་མི་ཐད་དེ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ཡོངས་རྫོགས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་མེད་པ་གཅིག་ཀྱང་ཧ་ལམ་མེད་པས་བོད་མིའི་ཚོགས་སྐྱིད་ཡོངས་རྫོགས་གཞུང་འབྲེལ་ཆགས་དགོས་པའི་སྐྱོན་དུ་འགྲོ་བས་སོ།།
གཞན་ཡང་། གསུམ་དུས་ཀྱི་རྙོག་གླེང་དེ་དང་འབྲེལ་བར་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་ལོ་ ༢༠༡༥ ཟླ་བ་ ༣ ཚེས་ ༢༠ འཁོད་པའི་གསར་འགོད་གསལ་བསྒྲགས་གཅིག་ (དྲ་ཐག་འདིར་གཟིགས། ངོ་དེབ་དགོས། https://www.facebook.com/notes/tendolkar-kanagtsang-changma/sfts-statement-regarding-march-10-in-new-york/10152568411820904?pnref=story) དྲ་ཐག་འདིའི་ཐོག་སྤེལ་འདུག་པ་དང་། གསལ་བསྒྲགས་དེ་དང་ནེའུ་ཡོག་གསུམ་དུས་གོ་སྒྲིག་ཞུ་མཁན་ཚོགས་པ་བཞིའི་གསལ་བསྒྲགས་དེ་གཉིས་ཞིབ་བསྡུར་བྱས་ཚེ། སླར་ཡང་ཚོགས་པ་བཞིའི་གསལ་བསྒྲགས་དེར་ནད་རྟགས་ཇེ་ཆེར་མངོན་འདུག་པ་དཔེར་ན། ༡༽ ཚོགས་པ་བཞིའི་གསལ་བསྒྲགས་ནང་ “ཟླ་བ་ ༡ ཚེས་ ༡༢ ཉིན་གྲོས་ཆོད་གསུམ་ཅན་སྤྱི་མོས་ཐོག་ནས་བཞག་པ་ལྟར་ཚོགས་གཙོ་དྲུག་ནས་གསུམ་དུས་ཀྱི་འབོད་ཚིག་གཏན་འབེབས་ཞུས་པ་གཤམ་གསལ་” ཅེས་འབོད་ཚིག་ཁག་བཅུ་གཅིག་ཅན་ཞིག་འཁོད་དེ་སྤྱི་མོས་ཅེས་གསལ་འདུག་ཀྱང་། སློབ་ཕྲུག་ཚོགས་པའི་གསལ་བསྒྲགས་ནང་”འབོད་ཚིག་དང་ཤོག་བྱང་(placard)ཐག་གཅོད་བྱེད་སྐབས་སློབ་ཕྲུག་ཚོགས་པ་དང་ཨ་བོད་མཛའ་འབྲེལ་ཚོགས་པ་མེད་།”ཅེས་གསལ་པོ་འཁོད་འདུག ༢༽ ཚོགས་པ་བཞིའི་གསལ་བསྒྲགས་ནང་ “སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་སྒྲོལ་དཀར་ནས་གཏམ་བཤད་གནང་མཁན་ཁོང་རང་གི་འདོད་པ་ཡོད་པའི་མི་འགྲོ་ཆ་ཚང་མ་སླེབས་སྟབས་གྲོས་ཆོད་ལ་འགྱུར་བ་གཏོང་གི་ཡོད་ལུགས་སོགས་མང་དག་གཅིག་བཤད་དེ།” ཞེས་འཁོད་འདུག་ཀྱང་། སློབ་ཕྲུག་ཚོགས་པའི་གསལ་བསྒྲགས་ནང་ “སློབ་ཕྲུག་ཚོགས་པ་དང་ཨ་བོད་མཛའ་འབྲེལ་ཚོགས་པས་ངོ་སྤྱོར་བྱས་པའི་གཏམ་བཤད་གནང་མཁན་ནི་བསྟན་རྡོར་དང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ཡིན་པ་དང་། བསྟན་རྡོར་རང་བཙན་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པར་སོང་ངོས་ལེན་བྱས་མ་སོང་ཡང་། ཤར་གླིང་ཟླ་སྒྲོན་ངོས་ལེན་བྱས་སོང་།” ཅེས་འཁོད་འདུག་ན་ངོས་སྦྱོར་བྱས་པའི་མི་ཆ་ཚང་མ་སླེབས་སྟབས་ཅེས་པ་ལྟར་ཡིན་མིན་འདུག་པར་ཤར་གླིང་ཟླ་སྒྲོན་ངོས་ལེན་བྱས་པ་གསལ་པོར་བྲིས་འདུག
ད་དུང་གནད་དོན་གཞན་ཞིག་ནི་ད་ཐེངས་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་གནད་ཡོད་མི་སྣས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར། ཆེ་མཐོང་ལྡན་པ། ཁྲིམས་དང་མཐུན་པ། ཞེས་པའི་རྒྱུ་མཚན་ཞིག་བརྗོད་བཞིན་ཡོད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་སྐབས་བོད་རང་བཙན་དང་། བོད་རང་དབང་། དེ་བཞིན་བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་བ་སོགས་ཀྱི་འཕྲེད་དར་དང་འབོད་ཚིགས་བེད་སྤྱོད་བྱས་ཡོན་ན། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་དུས་དྲན་སྲུང་བརྩི་བྱས་པ་དེ་དག་ཚང་མ་ཆེ་མཐོང་མེད་པ། ཁྲིམས་དང་འགལ་བ། འཚེ་བ་ཅན་ཆགས་ཡོད་དམ་ཅེས་པའི་དྲི་བ་འདི་ལ་ལན་སུས་འདེབས། དེས་ན་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་འཚེ་བ་མེད་པ་དང་། ཆེ་མཐོང་ལྡན་པ། ཁྲིམས་དང་མཐུན་པ་ཟེར་བ་དེ་ནི་བོད་རང་བཙན་ཡིན་པ་དང་བོད་ཀྱི་བདག་པོ་བོད་མི་ཡིན་པའི་སྐད་འབོད་རྒྱབ་མི་ཆོག་པར་གོ་བ་ལེན་པ་ནི་རང་ཉིད་རྨོངས་པའི་རྒྱུ་རུ་ཟད་པ་ཙམ་མ་ཟད། བཀའ་ཤག་གི་ལམ་སྟོན་ཡང་བེད་ལོག་ཏུ་སྤྱད་པ་ཞིག་ལས་མ་འདས་པས། ནེའུ་ཡོག་གི་བོད་རིགས་ཐུབ་བསྟན་ཐོག་མེད་ཞུ་བས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ས་གཞོན་ཚོགས་གཙོར་ཤེས་ཡོན་དང་གོ་རྟོགས་མིན་འདུག་ཅེས་གསུངས་སྐད་ཤོར་བར་ཡང་ཐུགས་ཁག་མིན་འདུག་སྙམ། (དྲ་ཐག་འདི་ནས་གཟིགས། https://www.youtube.com/watch?v=ngm7vbkdfXM&feature=youtu.be)
དེ་དང་འབྲེལ་བར་འགྲོ་བཞིན་པའི་གྲོས་ཚོགས་ནང་ཕྱི་འབྲེལ་བཀའ་བློན་མཆོག་གིས་ནེའུ་ཡོག་གསུམ་དུས་དང་འབྲེལ་བའི་ཐོག་ལ་ལམ་སྟོན་དམིགས་བསལ་གང་ཞུས་མེད་ཅེས་གསུངས་པ་དེས། གོ་སྒྲིག་འགན་འཁུར་བ་ཚོས་ཧ་ལམ་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་སྟོན་ཞིག་ཡོད་མདོག་མདོག་གི་རྣམ་འགྱུར་ཞིག་སྟོན་བཞིན་པར་གསལ་ཁ་ཞིག་གཏོད་སོང་སྙམ།
མདོར་བསྡུས་ན། ད་ཐེངས་ཀྱི་ནེའུ་ཡོག་གསུམ་དུས་ཀྱི་དཀའ་རྙོག་དེ་ནི་དབུ་མ་དང་རང་བཙན་གྱི་གནད་དོན་ཞིག་མ་ཡིན་པར། གོ་སྒྲིག་ཞུ་མཁན་གྱི་འགན་འཁུར་མི་སྣའི་ཤེས་འབྱོན་དང་ཉམས་མྱོང་མ་འདེངས་བའི་དབང་གིས་བྱུང་བ་ཞིག་རེད་སྙམ། གལ་སྲིད་གོ་སྒྲིག་ཞུ་མཁན་གྱི་ངོས་ནས་ཚོགས་པ་དྲུག་གམ་བཞིའི་མང་མོས་ཀྱིས་གཏན་འབེབས་བྱས་པའི་འཕྲེད་དར་གྲ་སྒྲིག་བྱེད་པ་དང་། མཉམ་བཞུགས་བྱ་མཁན་གྱི་མི་མང་ལ་འདི་བྱེད་འདི་མིན་གྱི་འབོད་སྐུལ་ཞུས་པར་མི་འོས་པ་མེད་ཀྱང་། མི་དམངས་ཀྱི་སྨ་བརྗོད་དང་འདོད་མོས་རང་དབང་ལ་རྡོག་རོལ་གྱིས་འདི་འབོད་ཆོག་དང་འདི་འབོད་མི་ཆོག་ཅེས་བཀའ་བཀོད་བྱེད་པ་ནི་ཤིན་ཏུ་ནས་མི་ཐད་ལ། ལྷག་པར་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་དུས་སྐབས་དང་སེམས་ཤུགས་གི་མེ་སྟག་ཆེད་པའི་ཉིན་མོ་དེར་བོད་རང་བཙན་ཡིན་ཅེས་པའི་འཕྲེད་དར་དང་འབོད་ཚིག་རྒྱག་མི་ཆོག་པའི་བཀག་འགོག་བྱེད་པ་དང་། དེ་དག་དབྱེ་དབྱེད་བྱེད་པ་ནི་མི་འོས་པ་ཙམ་མ་ཟད། ཆེས་ཐལ་ཆེའི་བྱ་སྤྱོད་གཅིག་ཡིན་པས། འབྱུང་འགྱུར་འདི་ལྟ་བུའི་དཀའ་ངལ་འཕར་མ་མི་འཕྲད་པའི་ཆེད་དུ་ནེའུ་ཡོག་གི་ས་གནས་མི་མང་གིས་ངེས་པར་དུ་ཆེ་མཐོང་ལྡན་པ་དང་། ཆིག་སྒྲིལ་ལྡན་པའི་ཐོག་ནས་མི་མང་སྣེ་ཁྲིད་ཐུབ་མཁན་གྱི་ནུས་པ་ལྡན་པའི་ཚད་ལྡན་གྱི་མགོ་ཁྲིད་འདེམས་ཐུབ་པ་ཡོངས་ཐབས་གཙོར་དོན་བྱེད་པ་ལས་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་མ་ཎེ་བཞིན་ཟློ་ཡང་། དོན་ལ་མི་མང་གི་སྣེ་ཁྲིད་དང་ཆིག་སྒྲིལ་གྱི་སྤྱི་ཚོགས་བསྐྲུན་མ་ཐུབ་པའི་མི་བུ་དག་མགོ་ཁྲིད་ལ་འདེམས་ན་དགྲ་དགའ་གཉེན་སྡུག་གི་མཇུག་འབྲས་ཡོང་རྒྱུ་ཡིན་པ་སྨོས་མེད་ཡིན་པ་འདི་ལོའི་ནེའུ་ཡོག་གསུམ་དུས་སྐབས་ཀྱི་རྙོག་གླེང་བྱུང་རྐྱེན་ནས་ར་སྤྲོད་གསལ་པོར་བྱས་ཡོད་པ་ངོས་འཛིན་གྱིས་བློ་རྩ་བརྟན་པོས་ཐུགས་བསམ་བཞེས་དགོས་སྙམ།
དེ་དང་ཕྱོགས་མཚུངས་པར་བོད་མིའི་ཆིག་སྒྲིལ་གྱི་ངོ་བོ་མཚོན་ནུས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཕྱིས་སུ་རང་རིགས་ཕྱོགས་གཉིས་སམ། མཐའ་གཉིས་སུ་མ་ལྷུང་བ་ཡོང་ཐབས་སུ་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཐག་གཅོད་དང་ལམ་སྟོན་ཞིག་དགོས་པ་ད་ལྟ་ཡོངས་སུ་ཕྱི་དྲག་པ་ལས་སྔ་མེད་ན། ངེས་པར་དུ་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས། དེ་བཞིན་ལམ་དབུ་མ་སོགས་ཁ་རྩེ་ནས་ཟློ་བཞིན་པའི་མི་བུ་སྒེར་དང་ཚོགས་པ་བྱེ་བྲག་པ་ཚོས་ཅི་བྱས་ཀྱང་མི་གསན་མི་གཟིགས་པའི་རྟུལ་བཞུགས་བཟུང་ན། ནམ་ཞིག་དབུ་མའི་ལམ་གྱི་ངོ་བོ་ངོས་བཟུང་མི་ཐུབ་པ་དང་། ༧གོང་ས་མཆོག་གི་མཛད་འཕྲིན་ལ་ཡང་མཚན་ཤས་བཟོ་གཞི་རུ་མི་གྱུར་བའི་ངེས་པ་མེད་ན། ཚབ་ཆེའི་ནད་རྟགས་འདིར་མ་ལན་མ་འགྱོད་པ་ཞིག་ཅིས་ཀྱང་གནང་གལ་དུ་མཐོང་།། །།
མགོ་ཉོག་བྱུང་ས་གཙོ་བོ་ནི་དབུ་མའི་ལམ་ལ་གོ་བ་ལེན་སྟངས་རེད་འདོད། བཙན་བྱོལ་བ་མང་ཆེ་བའི་ཀླད་པའི་ནང་གི་དབུ་མའི་ལམ་ནི་མཐའ་གཉིས་སུ་མ་ལྷུང་བ་སྟེ། རྒྱ་དམར་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་ཀྱིན་པར་འགྱུར་བ་གཏོང་དགོས་པ་དང་། བོད་རང་གཙན་མི་རྩོད་པ་ཟེར་བ་དེ་རེད།
བར་ལམ་ཞིག་ནས་བོད་རང་བཙན་རྩོད་མི་ཆོག་པ་ལས་རྒྱ་དམར་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་ཀྱིན་པར་ངོ་རྒོལ་མི་བྱེད་ཟེར་བ་དེའི་སྟེང་བབས་ཡོད་པས། འདི་ལ་དབུ་མའི་ལམ་ཟེར་ན་ཏག་ཏག་བསྡད་ཡོད་དམ།
དེང་སྐབས་དབུ་མ་དང་རང་བཙན་ཁ་ལ་ཁྱེར་མཁན་དག་གི་དམིགས་བྱའང་མི་གཅིག་པ་ཡོད་ངེས་པས། ལྷ་རབ་བྱུང་ན་ནེའུ་ཡོག་རྩོད་རྙོག་ལ་འབྲེལ་བ་ཡོད་མཁན་ཚོའི་རྒྱབ་ལྗོངས་ལ་དཔྱད་ཞིབ་ཅིག་བྱས་ན་ག་འདྲ་འདུག་གམ།
དེ་ལྟར་དཔྱད་ཞིབ་གཏོང་པ་ནི་ཆེད་དུ་མི་སྒེར་བར་ཁ་གཏད་པ་ཞིག་མ་ཡིན་ཡང་གནད་དོན་ཡོང་ཁུངས་མི་སྒེར་བ་ཡིན་པས། གནད་དོན་ཐག་གཅོད་བྱེད་སྟངས་འཚོལ་རྒྱུ་གལ་ཆེན་རེད།
བོད་དོན་ལས་འགུལ་ཡིན་ཟེར་བའི་ཟིང་ཆ་ཁ་ཤས་ཀྱིས་སྐབས་རེ་བོད་ཀྱི་གནད་དོན་ཐོག་ཕན་ལས་གནོད་ཆེ་བ་བཟོ་བ་མ་ཟད། སྤྱི་ཚོགས་བརྡབ་གསིག་དང་བོད་འབངས་ཀྱི་སེམས་ཤུགས་གཅོག་གི་འདུག
ལྟ་གྲུབ་དང་ལང་ཕྱོགས་གང་ཞིག་ཡིན་ཡང་། བོད་དོན་གྱི་ལས་འགུལ་ཞིག་ཡིན་ན། ངོ་རྒོལ་དང་ཁ་གཏད་བྱ་ས་དེ་ངོས་བཟུང་དགོས་པ་ནི་འཐབ་རྩོད་ཀྱི་གཞི་རྩ་ཐོག་མ་དེ་རེད།
བདེན་དོན་འཐབ་རྩོད་པ་ཞིག་ལ་དགོས་པའི་ཆེས་དམའ་མཐའི་ཆ་རྐྱེན་ཙམ་ཡང་མེད་པར། སྐབས་ཕྲལ་གྱི་ཚོར་བ་ཁོ་ནར་བརྟེན་ནས་འུར་རྒྱག་མཁན་དག་ནི་”ངོ་ལོག་པ་”རང་རེད།
བརྒྱ་བཤད་སྟོང་བཤད་གང་ཞིག་བྱས་ཀྱང་འདི་ལོའི་ནེའུ་ཡོག་གི་གསུམ་བཅུའི་དུས་དྲན་དེ་”འདྲེ་ཤར་སྒོར་བཞག་ནས། གླུད་ནུབ་སྒོར་གཏོང་བའི་”སྐྱོ་གར་གཏམ་རྒྱུད་ཅིག་ཏུ་གྱུར་ཟིན་པས།
མ་འོངས་པར་བོད་དོན་ལས་འགུལ་ཞིག་སྤེལ་ན། བོད་ཀྱི་བདེན་དོན་ལ་ཕན་པའི་བྱ་བ་ཞིག་ཏུ་མ་གྱུར་ཀྱང་། མ་མཐར་ཡང་བོད་མིའི་སེམས་ཤུགས་གཅོག་བྱེད་ཅིག་ཏུ་མི་འགྱུར་བར་སྨོན།