ཁབ།
འུ་ཅག་བཙན་བྱོལ་སྤྱི་ཚོགས་ནི་ “མང་གཙོའི་སྤྱི་ཚོགས་ཡང་དག” ཅིག་ཡིན་ཞེས། གོང་གྲོས་ཚོགས་ནས་འོག་མི་སེར་དཀྱུས་མ་ཚང་མས་ཁ་ནང་ལ་འཕྲེད་དུ་བཟུང་ནས་རྗོད་ཀྱིན་ཡོད། ཡིན་ནའང་། འཛམ་གླིང་དམངས་གཙོའི་རྒྱལ་ཁབ་གཞན་དག་ནང་དམིགས་བསལ་གྱིས་ཆོས་ལུགས་དང་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་མི་འདུག ང་ཚོས་དམངས་གཙོའི་རྒྱལ་ཁབ་གཞན་དག་དང་མི་འདྲ་བའི་ཆོས་བརྒྱུད་སྤྱི་འཐུས་འདེམས་དགོས་པའི་དམིགས་ཡུལ་དེ་ཅི་ཞིག་ཡིན་ནམ། དྲི་བ་འདིའི་ཐད་ངས་ཡུན་རིང་བསམ་གཞིག་བྱས་ཀྱང་དྲིས་ལན་ཡིད་ཚིམ་པ་ཞིག་རྙེད་མ་བྱུང་།
རྒྱ་ནག་དམར་གཞུང་ལ་མཚོན་ནས་བཤད་ན། “ཀྲུང་གོའི་ཁྱད་ཆོས” ཟེར་བའི་ཐ་སྙད་འདིའི་འོག སྲིད་སྐྱོང་ལམ་ལུགས་ཀྱི་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱང་མ་ཡིན་ལ་དམངས་གཙོའི་རིང་ལུགས་ཀྱང་མ་ཡིན་པ། དཔལ་འབྱོར་སྒྲིག་གཞིའི་ཐད་ནས་མ་རྩ་རིང་ལུགས་ཀྱང་མ་ཡིན་ལ་ཐོན་སྐྱེད་སྤྱི་ལ་དབང་བའི་ལམ་ལུགས་ཀྱང་མ་ཡིན་པ། མདོར་ན་གཞུང་ལུགས་ཀྱིས་འགྲེལ་དུ་མེད་པ་དང་རིག་ལམ་གྱིས་དཔྱད་དུ་མི་རུང་བའི་ “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས” ཟེར་བ་ཞིག་ལག་བསྟར་བྱེད་བཞིན་པ་ལྟར། འུ་ཚོས་ཀྱང་ ༼བོད་པའི་ཁྱད་ཆོས་ལྡན་པའི་མང་གཙོའི་ལམ་ལུགས༽ཤིག་ལག་ལེན་བསྟར་གྱིན་ཡོད་ན་ནི་གནས་ཚུལ་གཞན་ཞིག་རེད་མ་གཏོགས། ཆོས་ལུགས་དང་ཆོས་བརྒྱུད་སྤྱི་འཐུས་ཅན་གྱི་སྲིད་དོན་གྲོས་ཚོགས་ཤིག་དམངས་གཙོའི་སྲིད་ལུགས་ཀྱི་ངོས་ཐད་ནས་འཛམ་གླིང་ལ་འགྲེལ་བཤད་རྒྱག་ཐབས་བྲལ་བ་ཞིག་རེད།
འདས་པའི་བོད་ཀྱི་ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟས་ནའང་། ཆོས་སྲིད་ཟུང་འབྲེལ་ལམ་ཆོས་སྲིད་མཉམ་བསྲེས་ཀྱི་སྲིད་སྐྱོང་ལམ་ལུགས་དར་བ་ནས་བཟུང་། རིམ་པས་བོད་ཀྱི་སྲིད་དབང་ཉམས་ཆག་ཏུ་ཕྱིན་ནས་མཐར་ཁ་འཐོར་དགུ་འཐོར་དུ་གྱུར་ཡོད་པ་མ་ཟད། ཕ་རོལ་བོར་༼གོང་མ༽དང་རང་ཉིད་ལ་༼དབུ་བླ༽རུ་འབོད་པའི་རྒྱལ་མཚམས་བརྒལ་བའི་ཆོས་སྲིད་མཉམ་བསྲེས་ཀྱི་ཐ་སྙད་འདི་དག་གི་བསླུ་བྲིད་དང་ཉེར་ལེན་འོག སྲིད་ཀྱི་བ་དན་ས་ལ་འཕངས་ཤིང་ཆོས་ཀྱི་འཁོས་ཚོང་རིམ་ལ་བཅུག་པར་བརྟེན། ནང་ཁུལ་དབྱེན་འཁྲུག་དང་ལྷ་སྡེ་བཅད་བཟུང་གིས་གཅིག་མགོ་གཅིག་འོག་ཏུ་འདུ་མ་ཐུབ་པར། རིམ་གྱིས་སྤྱི་ཚོགས་ཧྲིལ་པོ་མགོ་དང་རྔ་མ། བར་རྐེད་པ་མེད་པའི་ཕྱེ་མ་ལྟ་བུ་ཞིག་ཏུ་གྱུར་ཏེ། མཐར་རི་ལུག་པ་ཐག་པའི་མི་འདོམ་པའི་དཔེ་ལྟར། རང་མགོ་མ་ཐོན་པར་གཞན་གྱིས་མི་སེར་སྤེལ་ཡུལ་གྱི་བྲན་དུ་འགྱུར་དགོས་པའི་ད་ལྟའི་གནས་སྟངས་འདི་ཆགས་པ་རེད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཆོས་བརྒྱུད་སྤྱི་འཐུས་ཀྱི་ལམ་ལུགས་འདིས་འུ་ཚོའི་སྤྱི་ཚོགས་ཁྲོད་དགེ་སྐྱོན་ག་འདྲ་ཞིག་འབྱུང་གིན་ཡོད་མེད་ཀྱང་དཔྱད་དགོས་པའི་གནས་སོ། གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཡོད་པར་བརྟེན་ནས་དམིགས་བསལ་དགེ་ཕན་འདི་དང་གན་བྱུང་སོང་ཟེར་བ་ཞིག་ཧ་ལམ་སྟོན་རྒྱུ་མེད། དེ་ལས་ལྡོག་སྟེ་སྐྱོན་གནོད་ཀྱི་ཆ་ནས་ཆོས་བརྒྱུད་གྲུབ་མཐའ་དག་ཆབ་སྲིད་པ་ཚོའི་ལག་ཆར་གྱུར་ཏེ། དགོན་སྡེ་ཁག་ནི་འོས་ཤོག་བསྡུ་རུབ་བྱ་སའི་སྲིད་སྟེགས་ཤིག་ཏུ་འགྱུར་བཞིན་ཡོད། དེ་ལྟར་ཆོས་སྲིད་གཉིས་ཀ་ཉ་ཉོག་མཉམ་བསྲེས་བྱས་པའི་ཉེར་ལེན་ལ་བརྟེན་ནས། ཆོས་བརྒྱུད་ཡིན་མིན་ཆབ་སྲིད་པས་གྲོས་ཐག་གཅོད་དགོས་པ་དང་། ཆབ་སྲིད་པའི་མདུན་ལམ་ལ་ཆོས་བརྒྱུད་ཚོས་ཁ་འཛིན་བྱ་དགོས་པའི་གནས་སྟངས་ཆགས་བཞིན་ཡོད།
ཉེ་ཆར་གྲོས་ཚོགས་ནང་དང་སྤྱི་ཚོགས་ཁྲོད་གླེང་སློང་འགྲོ་བཞིན་པའི་ཇོ་ནང་ཆོས་བརྒྱུད་སྤྱི་འཐུས་ཀྱི་གནད་དོན་དེ་བྱུང་བ་རེད། གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཡོད་ཕྱིན་ཆད་ནས་བཟུང་། གནད་དོན་འདི་རིགས་ནི་མུ་མཐུད་བསླེབ་རྒྱུ་ཡིན་པ་ནམ་ལངས་ཉི་ཤར་ཡིན། མ་འོངས་པར་བོད་པ་ཁ་ཆེ་པའི་ཆོས་ལུགས་སྤྱི་འཐུས་དང་། བོད་པ་ཡེ་ཤུ་བའི་ཆོས་ལུགས་སྤྱི་འཐུས་སོགས་ཡོང་ངེས་རེད་ལ། ཡོང་ཆོག་གི་རེད། འདི་མུར་ཕྱིན་ཚེ་འུ་ཚོའི་གྲོས་ཚོགས་འདི་ཉིད་ཆོས་མིན་སྲིད་མིན་གྱི་ལམ་ཁ་ཞིག་ཏུ་བསྐྱོད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། སྤྱིར་ཇོ་ནང་ཆོས་བརྒྱུད་ཅིག་ཏུ་ངོས་འཛིན་མིན་ནི་མ་གཞི་ཆབ་སྲིད་ཀྱི་གནད་དོན་ཞིག་མ་རེད། ཆོས་ལུགས་ཀྱི་གནད་དོན་ཞིག་རེད། དེ་ནི་ཆོས་ལུགས་ཀྱི་ལྟ་གྲུབ་འཛིན་སྟངས་དང་མི་སྒེར་དད་མོས་ཀྱིས་ཐག་གཅོད་དགོས་པ་ཞིག་ལས། གྲོས་ཚོགས་ནང་ཆབ་སྲིད་པ་ཚོས་ལག་པ་བཀྱགས་ནས་ཐག་གཅོད་དགོས་པ་ཞིག་མ་རེད། མ་གཞི་ཆོས་ལུགས་དང་ཚན་རིག ལྟ་གྲུབ། སྒྱུ་རྩལ་སོགས་ཀྱི་འཚོལ་སྙེགས་དང་མདུན་ལྗོངས་ལ། གྲོས་ཚོགས་འཐུས་མིས་སྒེར་སྡོམ་དང་སྟངས་འཛིན་འོས་པ་ཞིག་མ་རེད། ཡིན་ནའང་། འུ་ཅག་གི་གྲོས་ཚོགས་འདི་ཡར་མར་བཅོ་བརྒྱད་པོ་ལ་ལག་པ་བཀྱགས་ནས་ཐག་གཅོད་རྒྱུར་དབྱིངས་ཞུགས་དྲགས་སྟབས། ཐ་ན། ཡི་གེའི་དག་ཆའང་གྲོས་ཚོགས་འཐུས་མིའི་ལག་པ་བཀྱགས་ནས་གཏན་ལ་འབེབས་པའི་སྲོལ་དར་ཡོད། ས་སྒང་འདིའི་སྟེང་རྟོགས་སད་མ་བྱུང་བའི་རྨོངས་འཐོམ་གྱི་སྤྱི་ཚོགས་དག་གི་ཁྲོད། མང་ཚོགས་ལ་བརྡབ་གསིག་ཐེབས་བྱེད་ཀྱི་སྲིད་དོན་འཁྲབ་སྟོན་སྣ་ཚོགས་འོང་ངེས་པ་ནི་ཆོས་ཉིད་རེད།
ད་ལྟའི་འུ་ཅག་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ནས་བཤད་ན། ཇོ་ནང་ལ་སྤྱི་འཐུས་ཐོབ་ཐང་སྤྲོད་མིན་གྱི་གནས་ལུགས་རྒྱུ་མཚན་དེ་གང་ལ་ཐུག་ཡོད་མེད་དང་། གྲོས་ཚོགས་ཀྱིས་ངོས་འཛིན་མ་ཐོབ་པའི་གནད་གང་ཡིན་མིན། འདི་དག་ནི་གཏིང་རིང་བའི་དྲི་བ་ཆེན་པོ་ཞིག་ཏུ་གྱུར་ཡོད། དོན་དངོས་བཤད་ན་ཆོས་ལུགས་ཀྱི་གནད་དོན་ཞིག་མ་ཡིན་པར། ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད། འདི་ལྟར་བཤད་དོན་ནི། ཇོ་ནང་ཆོས་བརྒྱུད་ཆབ་སྲིད་རེད་ལབ་ཀྱིན་མེད། སྤྱིར་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདིའི་ངོ་གདོང་ཆབ་སྲིད་ཅིག་རེད། ཆོས་སྲིད་ཟུང་འབྲེལ་ཟེར་ན་རེད། ཆོས་སྲིད་མཉམ་བསྲེས་ཟེར་ན་རེད། ཆོས་པས་དམིགས་བསལ་ཐོབ་ཐང་སྤྱད་ནས་སྲིད་ལ་ཐེ་གཏོགས་དང་སྟངས་འཛིན་བྱེད་པའི་གནའ་བོའི་སྲོལ་རྙིང་དེའི་རྒྱུན་མ་རེད། དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ཆབ་སྲིད་ཀྱི་གདོང་རིས་བརྗེ་བོ་བརྒྱབ་ན་མ་གཏོགས། ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་གནའ་སྔ་མོའི་སེར་དམག་ཅེས་པ་དང་འདྲ་སེ་ཞིག་ཡོད། ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྐུབ་སྟེགས་འགོག་དོན་ཡང་། དོན་རྩ་དམར་རྗེན་མོ་བཤད་ན་ཇོ་ནང་ཆོས་བརྒྱུད་ཅིག་ཡིན་མིན་ལ་དམིགས་ནས་བཀག་པ་ཞིག་མ་ཡིན་པར། ཇོ་ནང་ཆོས་བརྒྱུད་ཀྱི་འཐུས་མི་ཆོལ་ཁ་གང་ཞིག་གི་ནང་ནས་བསླེབ་མིན་གྱི་ཆོལ་ཁའི་ཕྱོགས་ཞེན་གཞི་ལ་བཞག་ནས་འགོག་གིན་ཡོད།
ད་ལྟ་རྒྱ་དམར་པོས་མི་སེར་སྤེལ་བའི་དབང་སྒྱུར་འོག་ཡོད་པའི་བོད་ནང་གི་གནས་སྟངས་ལོག་ག་རེད་མ་གཏོགས། སྤྱིར་བོད་པའི་སྤྱི་ཚོགས་ནི་ཆོས་ལ་དད་མོས་མཐུག་པོ་ཅན་གྱི་སྤྱི་ཚིགས་ཤིག་རེད། སྤྱི་ཚོགས་ཁྲོད་ཆོས་འཛིན་སྐྱོང་སྤེལ་གསུམ་ཐད་ལ་བཀག་རྒྱ་བཟོ་བ་དང་། མི་སྒེར་སོ་སོའི་ཆོས་དད་རང་དབང་ལ་བརྡལ་བཤིག་གི་གནས་ཚུལ་ཧ་ལམ་ཡོད་པ་མ་རེད། ཕྲན་ཙམ་ཡོད་པའི་རིགས་ཀྱང་ཆོས་བརྒྱུད་ཕན་ཚུན་བར་གྱི་རྩོད་རྙོག་བརྒྱུད་ནས་ཡོང་གིན་ཡོད། ད་དུང་ཆོས་ལུགས་དད་མོས་ཐད་ནས་བོད་པའི་སྤྱི་ཚོགས་ཁྲོད་ཅུང་ཙམ་ལྟ་སྟངས་དམན་པ་དང་མཐོང་ཆུང་གི་སྣང་ཚུལ་ཐེབས་ཡུལ་དག་ནི། བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་སོགས་ཡིན་པ་ལས། གྲོས་ཚོགས་ནང་དུ་སྲིད་ཀྱི་རྐུབ་སྟེགས་གཉིས་རེ་བཞེས་མཁན་གྱི་ཆོས་བརྒྱུད་ཆེན་པོ་ལྔ་ནི་མ་ཡིན་ནོ། གལ་སྲིད་ཆོས་བརྒྱུད་སྤྱི་འཐུས་མུ་མཐུད་འཇོག་རྒྱུ་ཡིན་ན། བོད་པའི་སྤྱི་ཚོགས་ཁྲོད་ཉམ་ཆུང་བའི་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་རྣམས་ལ་སོ་སོའི་ཆོས་ལུགས་ཀྱི་སྤྱི་འཐུས་ངེས་པར་དུ་དགོས་པ་རེད། མང་མོས་ཀྱི་སྟོབས་ཤུགས་སྤྱད་ནས་ཉུང་ཤོས་བཀག་འགོག་དང་རྨེག་མེད་གཏོང་ཆོག་གི་མ་རེད།
དངོས་ཡོད་གནས་སྟངས་ཀྱི་ངོས་ཐད་ནས་བཤད་ན། འུ་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་དགོས་དོན་མི་འདུག བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཁྲོད་དུ་ཆོས་ལུགས་རིག་གནས་ལ་ཞབས་འདེགས་སྒྲུབ་ཐབས་སུ། ཆེད་དུ་ཆོས་རིག་ལྷན་ཁང་ལོགས་སུ་བཙུགས་ཡོད་པ་དང་། ལྷན་ཁང་བདུན་གྱི་བཀའ་བློན་གྲས་ནས་ཀྱང་ཆོས་རིག་བཀའ་བློན་ལ་མཐོང་རྩིས་རྣམ་པ་མཚོན་ཆེད། བཀའ་བློན་ལྷན་རྒྱས་གྲོས་ཚོགས་སུ་བཞུགས་སྐབས་ཀྱང་། དཔལ་ལྡན་སྲིད་སྐྱོང་གི་གཤམ་དུ་ཆོས་རིག་བཀའ་བློན་བཞུགས་བཅུག་ཡོད་པ་རེད། ཆོས་རིག་ལྟ་སྐྱོང་ཆེད་ལོ་ལྟར་གཞུང་གིས་སྔོན་རྩིས་སྐབས་རྩིས་མགོ་ལོགས་སུ་བགར་ནས་གཏོང་གི་ཡོད་པ་རེད། ཆོས་རིགས་ལྷན་ཁང་གི་འོག་ཏུ་ཆོས་ལུགས་དང་ཆོས་བརྒྱུད་ལྷན་ཚོགས་བཙུགས་ཏེ། བོད་སྤྱི་ཚོགས་ཁྲོད་ཆོས་ལུགས་འཆམ་མཐུན་མཉམ་གནས་དང་ཆོས་རྒྱུད་མཐུན་ལམ་གཅིག་གྱུར་ཡོང་ཐབས། དེ་བཞིན། དད་ལྡན་མང་ཚོགས་ཀྱི་འཚོ་བར་ཆོས་ཕྱོགས་མཐུན་འགྱུར་སྦྱོར་བའི་ལས་གཞི་སྤེལ་ཆོག་ཆོག་ཡོད་པ་རེད། ཆོས་པ་དང་ཆབ་སྲིད་པ་གཉིས་སོ་སོར་བགར་ཐུབ་པ་ཡིན་ན། མང་ཚོགས་ཀྱི་ངོས་ནས་ཀྱང་ཆོས་ལ་ཆོས་ཀྱི་དད་མོས་དང་སྲིད་ལ་སྲིད་ཀྱི་གོ་རྟོགས་སླེབས་ཐུབ་པ་རེད། ལྷག་པར་དུ་གྲོས་ཚོགས་ཀྱི་སྲིད་སྟེགས་སྟེང་སེར་མོ་དག་གིས། ངར་ངར་རྫིག་རྫིག་གི་སྤྱོད་པ་དང་ཤོག་ཁ་འཐེན་འཁྱེར་གྱི་ཉམས་ལེན་བསྟན་བསྡད་པ་ཡིན་ན། བོད་པའི་གྲྭ་སེར་མོ་སྤྱིའི་སྣང་བརྙན་ལའང་ཤུགས་རྐྱེན་རང་བཞིན་གྱིས་ཐེབས་ཡོང་གི་རེད།
ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་ངོས་ཐད་ནས། ཕར་རྒྱ་དམར་གཞུང་ལ་ངོམ་སོ་བྱ་རྒྱུ་ཡོད་ན་མེད་ན་དེ་ནི། དམངས་གཙོའི་ལམ་ལུགས་ཀྱི་གྲོས་ཚོགས་ར་བ་འདི་དང་། བཙན་བྱོལ་བོད་པ་མི་རེ་ངོ་རེར་རང་ཉིད་ལ་བདག་པའི་འོས་ཤོག་གཅིག་རེ་ཡོད་པ་འདི་རེད། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་གང་ལ་མཚོན་ནའང་། མགོ་དཔོན་པོ་དང་གཤམ་འོག་མང་ཚོགས། བླ་མ་དང་གྲྭ་པ། སྐྱ་བོ་དང་སེར་མོ། རིགས་རུས་དང་ཕོ་མོ། རྒན་པ་དང་བྱིས་པ། མཁས་པ་དང་བླུན་པོ་བཅས། རྒྱལ་ཁོངས་མི་སེར་ཡོངས་རྫོགས་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདྲ་མཚུངས་ཐོབ་ཐང་མཚོན་ཆེད་དང་། མི་སེར་གྱི་ཁེ་དབང་སྲུང་སྐྱོབ་ཆེད་བཙུགས་པའི་རྒྱལ་ཁབ་ཀྱི་སྲིད་སྐྱོང་ཐད། སོ་སོ་མི་རེ་ངོ་རེའི་མངོན་འདོད་དང་ཁེ་དབང་རྩོད་ལེན་ཐུབ་ཆེད་དུ། ཆེ་ཆུང་དང་ཡང་ལྕི་མེད་པའི་འོས་ཤོག་གཅིག་རེའི་ཐོབ་ཐང་སྤྲད་ཡོད། ཡིན་ནའང་། འུ་ཅག་གི་གྲོས་ཚོགས་ཁྲོད་ཀྱི་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ནི། འཛམ་གླིང་དམངས་གཙོའི་སྤྱི་འགྲོས་དང་མི་མཐུན་པའི་ཁ་དོག་སེར་པོ་ཅན་གྱི་འོས་ཤོག་གཉིས་པ་ཞིག་བརྒྱུད་ནས་གྲོས་ཚོགས་སུ་སླེབ་ཀྱིན་ཡོད།
སྤྱིར་ཆོས་ལུགས་དད་མོས་ནི་མི་སྒེར་གྱི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས། མི་ཚང་མར་འདྲ་མཉམ་གྱི་འོས་ཤོག་གཅིག་རེ་ཡོད་པ་དེས་མི་སྒེར་སོ་སོའི་ཆོས་སྲིད་གཉིས་ཀྱི་ཁེ་དབང་ཆ་ཚང་མཚོན་གྱིན་ཡོད། དེ་བས་གྲྭ་སེར་མོ་བ་རྣམས་ལ་འོས་ཤོག་འཐེབ་པ་ཞིག་སྤྲད་པ་དེ་ནི། སྐྱ་སེར་གཉིས་དང་ལྷག་པར་ཆོས་དད་ཡོད་མེད་མི་སྒེར་བར་དབྱེ་འབྱེད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ང་ཚོས་ཁྲིམས་ནི་མི་སྒེར་གཞི་རྩར་འཛིན་པའི་སྤྱི་དམངས་ཀུན་ལ་སྙོམས་པོར་འཇུག་ཐུབ་པའི་མི་སྡེ་བཅོས་སྐྱོང་གི་ལམ་ལུགས་དང་ཏོག་ཙམ་རྒྱང་བཀྱེད་ཀྱིས། ཆོས་སྲིད་ཀྱི་ཚོགས་སྡེ་བྱེ་བྲག་པ་རེ་གཞི་ལ་བཟུང་བའི་དྲང་སྙོམས་མ་ཡིན་པའི་སྐྱོན་གནས་ཤིག་མངོན་ཡོང་གིན་ཡོད། ད་དུང་ཚབ་ཆེ་བ་ཞིག་ནི་ཆོས་ལུགས་སོ་སོར་དབྱེ་བགར་གྱི་སྣང་ཚུལ་ཞིག་མངོན་གསལ་དུ་སྟོན་གྱིན་ཡོད། གནད་དོན་འདིར་རྒྱ་ནག་དམར་གཞུང་ལྟར་༼དམིགས་བསལ་ཁྱད་ཆོས་ལྡན་པ༽ཞེས་པའི་ཐ་སྙད་འདི་སྤྱད་དེ། འགྲེལ་བཤད་འདྲ་ཆགས་པོ་ཞིག་རྒྱག་རྒྱུ་མ་གཏོགས། དམངས་གཙོ་སྲིད་དོན་རིག་པའི་ལྟ་གྲུབ་དང་གཞུང་ལུགས་ཀྱི་ངོས་ཐད་ནས་འགྲེལ་ཐབས་མེད།
མདོར་དྲིལ་ན། གྲོས་ཚོགས་ནང་བོན་ལ་སྤྱི་འཐུས་གཉིས་དང་། ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རྙིང་མ་དང་ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་བཞི་པོར་སྤྱི་འཐུས་བརྒྱད། ཇོ་ནང་ལ་ཆོས་བརྒྱུད་སྤྱི་འཐུས་ཐོབ་ཐང་མ་སྤྲད་པ། དེ་བཞིན། བོད་རིགས་ཁ་ཆེ་བ་དང་ཡེ་ཤུ་བ་ཡོད་དག་ལ། ཧ་ལམ་ཆོས་ལུགས་སྤྱི་འཐུས་ཡོད་མི་རུང་བ་ལྟ་བུར་བཞག་པ། འདི་རིགས་ནི་དཀའ་རྙོག་གི་ཆུ་བོ་བརྡོལ་སའི་མགོ་ཁུངས་ལྟ་བུ་ཞིག་ཆགས་ཡོད། ཁ་གསལ་བོར་བཤད་ན་གྲོས་ཚོགས་ནང་དམིགས་བསལ་ཆོས་ལུགས་སྤྱི་འཐུས་བཞག་པ་འདིས། མི་སེར་ཁྲོད་ཀྱི་ཆོས་དད་མེད་མཁན་གྱིས་གཙོས། མི་སྒེར་གྱི་ཆོས་ལུགས་དད་མོས་ལ་ཆབ་སྲིད་ཀྱི་ཐོག་ནས་དབྱེ་འབྱེད་བྱས་པ་ཞིག་ཆགས་ཡོད། གནད་དོན་འདིའི་ཐད་སྔ་ས་ནས་བསམ་བློ་ཞིབ་ཏུ་བཏང་སྟེ་ཐག་གཅོད་ཡག་པོ་ཞིག་མ་བྱས་པ་ཡིན་ན། གྲོས་ཚོགས་ཀྱི་མང་གཙོའི་མཚན་མཐོང་ལ་གནོད་གཞིར་འགྲོ་རྒྱུ་མ་ཟད། རིམ་པས་ཆོས་བརྒྱུད་ཕན་ཚུན་བར་དང་ཆོས་ལུགས་ཕན་ཚུན་བར། ཆོལ་ཁ་ཕན་ཚུན་བར། སྐྱ་སེར་ཕན་ཚུན་བར་བཅས་སུ་འགལ་བ་དང་རྙོག་ཟིང་འབྱུང་གཞིར་འགྱུར་ངེས་སོ།།
དེ་བས། མི་ས་ཡ་དྲུག་གི་དད་པའི་ཨ་ལོང་བརྒྱུ་ས་དང་། སྐྱབས་འཇུག་གསོལ་འདེབས་ཞུ་ཡུལ་ཆོས་བརྒྱུད་ཁག་གི་བླ་ཆེན་སྤྲུལ་ཆེན་རྣམ་པར། སོ་སོའི་དད་ལྡན་མི་དམངས་དང་མི་དམངས་ཀྱིས་བདམས་པའི་གྲོས་ཚོགས་ལ་ཡིད་མ་ཆེས་པའི་སྒོ་ནས། གྲོས་ཚོགས་ར་བའི་ནང་རྣ་ཅོག་ལྷག་མ་ཞིག་དང་ཁ་ལྕེ་འཐོལ་པ་ཞིག་དགོས་ཀྱིན་ཡོད་ན་མ་གཏོགས། ཆོས་བརྒྱུད་སོ་སོའི་བླ་སྤྲུལ་རྣམ་པའི་ངོས་ནས་གྲོས་ཚོགས་ར་བའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་འདི་དག་ཕྱིར་འཐེན་གྱི་བཀའ་གསུང་ཕེབས་རན་རེད། གྲོས་ཚོགས་ནང་ཆོས་ལུགས་དང་འབྲེལ་ནས་སྲིད་དོན་གྱི་དཀའ་རྙོག་མང་པོ་ཞིག་འབུས་བྱེད་ཀྱི་རྩད་པ་ལྟ་བུའི་སྲིད་ཀྱི་རྐུབ་སྟེགས་འདི་རིགས། བཀུར་འོས་བླ་སྤྲུལ་དག་གིས་གཙང་མ་ཐག་གཅོད་མ་བྱས་པ་ཡིན་ན། ཉམས་ཆུང་དད་ལྡན་མང་ཚོགས་རང་ངོས་ནས་ཐག་གཅོད་ཀྱི་ནུས་པ་ཤིན་དུ་ནས་ཕྲའོ། གལ་སྲིད་འབྱུང་འགྱུར་མང་ཚོགས་རང་ངོས་ནས་ཐག་གཅོད་དགོས་པའི་ཉིན་མོ་ཞིག་ཤར་བའི་དབང་དུ་བཏང་ཚེ། དེ་དུས་མང་ཚོགས་ཀྱིས་གྲྭ་བཙུན་ལ་འཛིན་པའི་རྩིས་ཐང་ཀྱང་ཆུ་ཁའི་ལྦུ་བ་ལྟ་བུ་ཞིག་ཏུ་འགྱུར་སྲིད་པ་ནི་གདོན་མི་ཟའོ།།
ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་མིན་ཆོས་བརྒྱུད་ཁག་ལ་ཐུག་པ་ཞིག་རེད། དང་ཐོགས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གང་འདྲ་བྱས་ནས་གྲོས་ཚོགས་རྭ་བའི་ནང་སླེབས་པ་ཞིག་རེད་ད་བར་དེ་མི་དགོས་པས་རྒྱུ་མཚན་གང་ལ་ཐུག་འདུག་དེའི་སྐོར་ལ་བསམ་བློ་གཏོང་དགོས་པ་མ་ཟད་མ་རེ་དངོས་རེ་ནས་དེའི་ཐོགས་ལ་གཟབ་དགོས་པ་གལ་ཆེན་རེད།
རེད། ཧ་ཅང་གིས་སེམས་ལ་བབས་པ་ཞིག་བྲིས་འདུག རྗེས་སུ་ཡིད་རེང་ཡོད། སྔོན་ཆད་འུ་དུམ་བཙན་པོས་བསྟན་པ་ལ་རྨ་འབྱིན་དུས་སུའང་། འདི་ལྟ་བའི་གནས་སྟངས་ཐབས་སྡུག་ཞིག་ཏེ་སྲིད་ཀྱི་གར་སྟེགས་སྟེང་ཆོས་བའི་འཁྲབ་གཞུང་མང་དྲག་པས། དེ་ལྟ་བའི་ཐག་གཅོད་ཀྱི་ལམ་ཁ་ཞིག་མི་འདོད་བཞིན་དང་དུ་ལེན་དགོས་སོང་བར་འདོད། ད་ནི་འུ་ཚང་གི་གར་སྟེགས་ལས་ཆོས་སྲིད་ཀྱི་འཁྲབ་གཞུང་གཉིས་དབྱེ་འབྱེད་རེ་བྱེད་ཐུབ་ན་ཤིན་ཏུ་ལེགས་པར་ཁུམས།
ཆོས་ལུགས་སྤྱི་འཐུས་དགོས་ཡས་མི་འདུག་